༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་ཕྱི་ལོ་ ༢༠༢༠ ལོའི་ཐའེ་ཝན་གྱི་མཛད་འཕྲིན་ཁག་ཅིག
༄༅།། གུས་ཅག་གི་འདྲེན་པ་ཆེན་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༠ ལོའི་ལོ་འགོ་ཐའེ་ཝན་དུ་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་ནས་ཅང་མ་འགོར་བར་འཛམ་གླིང་ཧྲིལ་པོ་རྒྱ་ནག་ནས་བྱུང་བའི་ཏོག་གསར་རིམས་ནད་ཀྱི་དཀའ་ངལ་འོག་ལྷུང་སྟེ་ཁྱིམ་སྡོད་བཀའ་རྒྱ་རིམ་པར་བཏང་དགོས་བྱུང་བའི་གནས་སྟངས་འོག་ལོ་ཧྲིལ་པོ་ཐའེ་ཝན་དུ་བཞུགས་དགོས་བྱུང་ཞིང་། དེར་མཛད་འཕྲིན་ཁག་ཅིག་བསྐྱངས་འདུག་པ་ཕྱོགས་བསྡུས་ཀྱིས་དྲན་ཐོ་ཙམ་བཀོད་ན།
༄༅།། དགའ་དད་སྤྲོ་གསུམ་གྱིས་སྐུའི་འཁྲུངས་ཚེས་བསུ།
༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་སྐུའི་འཁྲུངས་ཚེས་དགེ་བར་བཀའ་དྲིན་རྗེས་དྲན་དང་འབྲེལ་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
༄༅།། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་ཚེས་དང་འབྲེལ་བའི་གསལ་བསྒྲགས།
གནས་ཡུལ་རྒྱལ་ཁབ་གཙོ་བོར་གྱུར་པའི་འཛམ་གླིང་གི་ཡུལ་གྲུ་མང་པོར་ཏོག་གསར་ནད་ཡམས་ཀྱི་དབང་གིས་རྒྱུན་ལྡན་མ་ཡིན་པའི་སྤྱི་ཚོགས་ཀྱི་སྒྲིགས་སྲོལ་མང་པོ་ཞིག་ཁྲིམས་སུ་བཅས་ཡོད་པ་དགོངས་མངའ་བཞིན། འདི་ལོར་གུས་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་ཚེས་དང་སྟབས་བསྟུན་ནས་༸ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་བརྟན་དུ་དམིགས་ནས་ཉམ་ཐག་ལ་རོགས་སྐྱོར་སོགས་ཀྱི་དགེ་བའི་ལས་ལ་ཡུལ་ཁྲིམས་དང་མཐུན་པའི་སྒོ་ནས་ཇི་ལྟར་འབད་རྒྱུའི་སྐོར་ལ་ཀིརྟིའི་དགེ་རྩ་ཚོགས་པ་ནས་བཏང་བའི་གསལ་བསྒྲགས་འདི་བཞིན་དགོངས་འཇགས་འཚལ།
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐའེ་ཝན་ནས་གནང་བའི་གསུང་འཕྲིན།
༄༅།། གུས་ཅག་གི་འདྲེན་པ་ཆེན་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཐེམ་སྤངས་བཀའ་རྒྱ་མ་བསྡམས་སྔོན་ལ་ཐའེ་ཝན་དུ་སྐུ་གཟུགས་བརྟག་དཔྱད་གནང་ཆེད་ཕེབས་ཡོད་ཅིང་། བརྟག་དཔྱད་གནང་མ་གྲུབ་པའི་བར་སྐབས་དེར་ཐེམ་སྤངས་བཀའ་རྒྱ་བསྡམས་ནས་འཛམ་གླིང་ཧྲིལ་པོའི་འགྲུལ་བཞུད་བཀག་པ་ལྟར་དེང་སྐབས་ཀྱང་ཐའེ་ཝན་དུ་བཞུགས་མུས་ཡིན་ལ། ཐའེ་ཝན་ནི་ཏོག་གསར་རིམས་ནད་སྔོན་འགོག་ཤིན་ཏུ་ལེགས་པའི་གནས་ཤིན་ཡིན་པས་གུས་ཅག་གི་སེམས་ལ་ཧ་ཅང་དགའ་སྤྲོས་ཁེངས་ཡོད་མོད། ཁོང་རིན་པོ་ཆེས་ནི་དེ་ལས་ལྡོག་སྟེ་ཐུགས་འགྱོད་གནང་བཞིན་པའི་ཚུལ་ལ་གསུང་དོན། "བློ་འགྱོད་སྐྱེ་གཞི་ཞིག་ནི། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་རུང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸ཞབས་རྗེས་སུ་འབྲངས་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་པས་ཛ་དྲག་འདི་ལྟ་བུའི་སྐབས་མ་མཐར་ཡང་༸རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་སྡོད་ཐུབ་པ་ཞིག་བྱུང་ན་བློ་བདེ་བ་ཞིག་ཡོང་རྒྱུ་ཡིན་ནའང་། ད་ལན་བཞུགས་སྒར་དུ་སྡོད་མ་ཐུབ་པ་ནི་སྐལ་བ་དམན་པ་ཞིག་ཏུ་གྱུར་སོང་སྙམ་ནས་བློ་འགྱོད་སྐྱེས་ཀྱང་འགྲོ་འདུག་གི་དབང་གཞན་ལག་ཏུ་ཤོར་བས་ཐབས་ཤེས་མ་རྙེད། དེ་བཞིན་དུ་དུས་ངན་འདིའི་སྐབས་ང་ལ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་བྱེས་པ་གྲྭ་ཚང་གི་བླ་གྲྭ་རྒན་གཞོན་ཐམས་ཅད་དང་ཁ་བྲལ་ནས་མི་ཡུལ་ས་མཐའི་ནང་ནས་ས་མཐའི་གླིང་ཕྲན་ཆུང་ངུ་ཞིག་ཏུ་སྡོད་དགོས་བྱུང་བས་བློ་མ་བདེ་ཞིག་ཏུ་གྱུར་ནའང་བྱ་ཐབས་བྲལ།"ཅེས་གསུངས་པས་ལྷག་ཏུ་དད་གུས་ཆེས་ཆེར་འཕེལ་བར་གྱུར།