2022.12.4 02༄༅།། རང་གཞུང་སྐུ་ཚབ་སྐུ་ངོ་དོན་གཅོད་མཆོག་དང་དོན་གཅོད་ཁང་གི་ལས་བྱེད་རྣམ་པ།ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམ་པ།བླ་སྤྲུལ་དགེ་འདུན་པ་དང་བོད་རིགས་མི་མང་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 

 

དེ་རིང་ང་ཚོ་འདིར་འཛོམས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཆེད་དུ་འཛོམས་པ་ཞིག་ཡིན་དུས། ༸རྒྱལ་བ་རིན་པོ་ཆེར་ནོ་ཝེའི་ཞི་བདེའི་གཟེངས་རྟགས་ཕུལ་བ་ནི། ༸རྒྱལ་བ་རིན་པོ་ཆེ་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་དངོས་ཡིན་པ་དང།བླ་མ་མཚན་སྙན་ཆེན་པོ་དང་ཤིན་ཏུ་ནས་རྩ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་ལྟ་བུ་ལ་བརྟེན་ནས་འབུལ་བཞེས་གནང་བ་ལྟ་བུ་ཞིག་གཏན་ནས་མ་རེད། 


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་སྟངས་ནི།བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་འཛམ་གླིང་ཞི་བདེའི་དོན་དུ་ལོ་དང་ཟླ་བ་སྦྲེལ་ནས་འཚེ་མེད་ཞི་བའི་ལམ་ནས་སྐུ་ངལ་ཚད་མེད་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན། བོད་ནང་དུ་ཐོག་དང་པོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་དངོས་སུ་བྱེད་པའི་སྐབས་སུ་རྒྱ་བོད་གཉིས་ཀྱི་བར་གདོང་ཐུག་གི་དམག་འཁྲུག་དྲག་པོ་མི་ཡོང་བའི་དོན་དུ་གྲོས་ཆོད་དོན་ཚན་བཅུ་བདུན་ཟེར་བ་དེ་ལག་ལེན་དུ་འཁེལ་ཐབས་གནང་བས་མཚོན་ཐབས་ཤེས་ཡོད་དགུ་རྩ་སྤྲུགས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཉན་ཤེས་དང་བསམ་ཤེས་གཏན་ནས་མེད་པའི་ཐོག་ནས། བོད་ལ་དྲག་གནོན་དངོས་སུ་བྱས་པ་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་མ་ཕེབས་ཀ་མེད་དུ་གྱུར་པ་རེད། 

2022.12.4 01
རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་ཐོག་མའི་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་རྗེས་སུ་འབྲངས་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཚོ་ཐབས་དང་། སྡོད་གནས། བཙན་བྱོལ་བོད་གཞུང་གསར་འཛུགས།བོད་མིའི་སློབ་གྲྭ་ཁག་དང་དགོན་སྡེ། བོད་མིའི་གཞིས་ཆགས་སོགས་གསར་འཛུགས་གནང་རྒྱུས་མཚོན་ལོ་མང་པོའི་རིང་སྐུ་ལས་ཚད་མེད་བསྐྱོན་པ་རེད། 
ང་ཚོ་ཕྱི་རྒྱལ་ཁག་ལ་སློང་བརྒྱབས་ནས་སྡོད་མཁན་ཞིག་གིས་རྒྱས་སྤྲོས་ལྟ་བུ་བྱས་ན་གཏན་ནས་འགྲིག་གི་མ་རེད་ཅེས་བཀའ་གནང་བའི་ལོ་རྒྱུས་ཡོད་པ་བཞིན་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ན་བཟའ་ཚུན་ཆོད་དཀྱུས་མ་ཤ་སྟག་བཞེས་ཏེ་ལོ་ནས་ལོ་མཐུད་ཏེ་ཉིན་མཚན་དུས་དྲུག་ཏུ་བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་དང་བསྐྱོན་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལ་བརྟེན་ནས་ད་ཆ་བོད་མི་རིགས་འདི་འཛམ་གླིང་འདིའི་སྟེང་དུ་མགོ་བོ་བཏེགས་ནས་འགྲོ་རྒྱུ་ཡོད་པ་བཙན་བྱོལ་པ་གཞན་དག་དང་མ་འདྲ་བ་ཞིག་ཏུ་གྱུར་ཐུབ་ཡོད། གནས་སྟངས་འདི་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་ཚད་བསྐྱོན་པའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད། 
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པའི་མཛད་རྗེས་ལ་རིམ་གྱིས་འཛམ་གླིང་མི་མང་གིས་ཆེ་མཐོང་དང་ཆ་འཇོག་བླ་ན་མེད་པ་ཞུས་ཏེ། མཚན་སྙན་ཆེ་བའི་ནོ་ཝེའི་ཞི་བདེའི་གཟེངས་རྟགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་ཞིག་རེད། 


༸གོང་ས་མཆོག་ལ་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་དེར་༸གོང་ས་མཆོག་གིས། ཞི་བདེའི་ཉི་མ་འཆར་བའི་འཛམ་གླིང་ཞིག་ཡོང་བའི་དོན་དུ་ཁོང་གིས་ཀྱང་འབད་བརྩོན་གནང་གི་ཡིན།ཞེས་བཀའ་གནང་ཡོད་པ་ལྟར། ཞི་བདེའི་ཉི་མ་ཤར་བའི་འཛམ་གླིང་ཞིག་ཡོང་བའི་དོན་དུ་༸རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་བོད་མི་ཡོངས་རྫོགས་ཀྱིས་སྔར་ལས་ལྷག་པའི་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་རེ་འདུན་ཞུ་རྒྱུ་ཡིན། 


དེ་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།ནོ་ཝེའི་ཞི་བདེའི་གཟེངས་རྟགས་༸གོང་ས་མཆོག་ལ་ཕུལ་བ་དེས་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གིས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་ཀྱི་བདེན་པ་ལ་བདེན་རྒྱབ་གནང་གི་ཡོད་པའི་ངོས་འཛིན་གསལ་པོ་ཞིག་བྱུང་བ་རེད། ཅེས་བཀའ་གནང་བ་ལྟར།དེང་སང་བོད་པ་དང་བོད་ཀྱི་བདེན་དོན་ནི་འཛམ་གླིང་ནང་ཡོངས་སུ་གྲགས་པའི་རྒྱབ་སྐྱོར་ཡོད་སའི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་ཐུབ་ཡོད། 


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་བྱ་དགོས་པའི་བཀའ་སློབ་ལམ་སྟོན་ཡང་དང་ཡང་དུ་གནང་གི་ཡོད་པ་ལྟར།བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་འདས་པའི་ལོ་རྒྱུས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ལྟར་འཚེ་མེད་ཞི་བའི་ལམ་ནས་མ་འཆོལ་བ་ཞིག་གནང་ཡོད་པ་རེད་ལ། མ་འོངས་པར་ཡིན་ནའང་བོད་མི་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ནའང་འཚེ་མེད་ཞི་བའི་ལམ་ནས་མ་འཆོལ་བ་ཞིག་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོར་གྱུར་ཡོད་ཅེས་གསལ་འདེབས་དང་དྲན་སྐུལ་ཞུ་འདོད་བྱུང་། 


༸རྒྱལ་བ་རིན་པོ་ཆེས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བཀའ་དྲིན་རྗེས་དྲན་གང་འདྲ་བྱས་ནས་ཞུ་དགོས་པ་རེད་ཅེས་ཟེར་ན། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་སྔ་ཕྱི་གང་གནང་བ་དེ་དག་ང་ཚོའི་རྒྱུན་གྱི་འཚོ་བའི་ནང་ལག་ལེན་དུ་བསྟར་དགོས་པ་དེ་རེད། ༸རྒྱལ་བ་རིན་པོ་ཆེས་ཆོས་སྲིད་ཀྱི་ལས་དོན་གང་འདྲ་ཞིག་གི་ཐོག་ཏུ་ཡིན་ནའང་ལམ་སྟོན་བཀའ་སློབ་འདི་མ་གནང་བྱ་བ་མེད་པ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་དེ་དག་བོད་མི་སོ་སོའི་ཉིན་རེའི་འཚོ་བའི་ནང་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་གནང་བ་ཡིན་ན། དོན་དམ་པའི་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་ཞུས་པ་ཡིན་དུས། བླ་མ་ཡིན་ན་འདྲ། གྲྭ་པ་ཡིན་ན་འདྲ། གཞུང་གི་ལས་བྱེད་ཡིན་ན་འདྲ། མི་མང་དཀྱུས་མ་ཞིག་ཡིན་ནའང་འདྲ།མདོར་བསྡུས་ན། བོད་མི་ཡོངས་རྫོགས་ཀྱིས་རང་རང་གི་ཉིན་རེའི་འཚོ་བའི་ནང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གང་གནང་བ་དེ་དག་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུའི་འདོད་པ་བྱུང་། 


ཐེ་ཝན་དུ་གནས་སྡོད་བྱེད་མཁན་བོད་རིགས་གང་འཚམས་མང་པོ་ཞིག་ཡོད་པ་རེད། སྔོན་མ་ནང་ཁུལ་གྱི་དཀའ་ངལ་ཕྲན་བུ་ཡོད་ཀྱང་དེང་སང་འདི་གའི་བོད་མི་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འོག་ཏུ་ཤར་བསྐྱོད་གནང་སྟེ་ཧུར་ཐག་གནང་གི་ཡོད་ས་རེད། མ་འོངས་པར་ཡིན་ནའང་གཞུང་གི་སྒྲིག་འཛུགས་ལ་འབྲེལ་བ་སྔར་ལས་ཀྱང་གཏིང་ཟབ་པོ་དང་ཡག་པོ་ཞིག་ཡོང་བའི་དོན་དུ། འདི་གའི་བོད་མི་ཡོངས་རྫོགས་ཀྱིས་ཐུགས་འགན་བཞེས་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་ཡིན། 
ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་ཡོངས་རྫོགས་ལ་གཅིག་མཚུངས་ཀྱི་ལས་འགན་ཡོད་པ་ནི། མ་འོངས་པའི་བོད་ཀྱི་མི་རབས་གསར་པ་རྣམས་བོད་མི་ཚད་ལྡན་ཞིག་ཏུ་གསོ་སྐྱོང་བྱ་དགོས་པའི་འགན་འཁྲི་ཆེན་པོ་ཞིག་ཡོད། མ་འོངས་པའི་བོད་ཀྱི་མི་རབས་གསར་པ་རྣམས་བོད་མི་ཚད་ལྡན་ཞིག་ཏུ་གསོ་སྐྱོང་བྱ་བ་ལ་བོད་ཀྱི་སྐད་ཡིག་ཡག་པོ་ཤེས་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།ཕྱི་རྒྱལ་གཞན་དང་གཞན་དུ་བོད་པ་ཡོད་སའི་ས་ཁུལ་རྣམས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་གཟའ་མཇུག་གི་སློབ་གྲྭ་རེ་ཡོད་ཀྱང་། འདི་ཕྱོགས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་གཟའ་མཇུག་གི་སློབ་གྲྭ་ཡོད་མེད་ལ་མ་ལྟོས་པར། ཕ་མ་སོ་སོའི་ངོས་ནས་འགན་བཞེས་ཏེ་རང་རང་གི་བུ་ཕྲུག་ཚོར་ཆུང་དུས་ནས་བོད་སྐད་དང་བོད་ཡིག་ཡག་པོ་སློབ་དགོས་པ་ནི་ང་ཚོ་བོད་མི་ཞིག་ཡིན་པའི་ལས་འགན་རེད། ཕྲུ་གུ་ཚོར་ཆུང་དུས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་པ་ལ། ཕ་མ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡག་པོ་ཤེས་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད།ཕ་མ་ལོ་གཞོན་པའི་གྲས་ནས་བོད་སྐད་དང་བོད་ཡིག་ཡག་པོ་མི་ཤེས་མཁན་ས་གནས་ག་ས་གང་དུ་མང་པོ་ཡོང་གི་ཡོད་ས་རེད། ཕ་མ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ཡག་པོ་ཞིག་ཤེས་ཀྱི་མེད་ན། སོ་སོའི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཐུབ་ཐབས་མེད་པ་ཡིན་དུས།ཕ་མ་ཚོར་དུས་ཚོད་སྟོང་པ་ནམ་བྱུང་ལ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ལ་དོ་སྣང་གནང་ནས་རང་སྦྱོང་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་། 


དེང་སང་རྒྱ་ནག་གི་ནང་དུ་མི་མང་དམ་བསྒྲགས་ཤིན་ཏུ་ཆེན་པོའི་འོག་ཏུ་གནས་ཡོད་པ་རེད། རྒྱ་ནག་མི་མང་ལ་ཡང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་ཀྱི་རང་དབང་དགོས་ཀྱི་ཡོད་པ་ཡིན་དུས་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་གྱི་ཡོད། ང་ཚོ་བོད་པ་ལ་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་ནང་བཞིན་རྒྱ་ནག་མི་མང་ལའང་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་ཡོད་དུས། རྒྱ་གར་གྱིས་མཚོན་པའི་བོད་མི་ཡོད་སའི་ས་གནས་མང་པོ་ཞིག་ཏུ་བོད་མི་རྣམས་ཀྱིས་རྒྱ་ནག་མི་མང་གི་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་བཞིན་པ་དེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་གྱི་འདུག་པ་ལྟར། རྒྱ་ནག་མི་མང་གི་ཤོག་བུ་དཀར་པོའི་ལས་འགུལ་འདི་ལ་གདུང་སེམས་མཉམ་བསྐྱེད་ཞུ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། 


ངས་རྒྱུན་དུ་ཤོད་བཞིན་པ་ལྟར་ཕྱིའི་རྒྱལ་ཁབ་དང་ཡུལ་ལུང་འདྲ་མི་འདྲའི་ནང་དུ་ཡོད་པའི་བོད་རིགས་རྣམས་བོད་མིའི་སྐུ་ཚབ་དང་བོད་མིའི་མཚོན་རྟགས་ལྟ་བུ་ཡིན་དུས། ཕྱི་རྒྱལ་བ་ཞིག་གིས་བོད་མི་ཞིག་མཐོང་བ་ཡིན་ན།ཁོ་༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད། ཁོ་བོད་པ་རེད་ཅེས་བཤད་ཀྱི་ཡོད་དུས། བོད་མི་མི་རེ་ངོ་རེའི་ལུས་ངག་གི་བྱ་སྤྱོད་དང་རྒྱུན་ལྡན་གྱི་རྣམ་འགྱུར་བསྟན་སྟངས་ནི་༸རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ཀྱི་མཚན་སྙན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་དུས། བོད་མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་ལྟར་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཁོ་བོད་པ་རེད། ཁོ་༸རྒྱལ་བ་རིན་པོ་ཆེའི་མི་རེད། ཅེས་གཞན་གྱིས་ཆེ་མཐོང་གནང་བའི་སྐབས།རང་རང་སོ་སོའི་ངོས་ནས་ཡ་རབས་སྤྱོད་བཟང་ལྡན་པ་དང་ཡིད་ཆེས་བྱེད་ཆོག་ས་ཡོད་པའི་བོད་མི་ཞིག་ངེས་པར་གནང་སྟེ། ༸རྒྱལ་བ་རིན་པོ་ཆེའི་མཚན་སྙན་ལ་མ་གནོད་པ་ཞིག་དང་བོད་མི་རིགས་ཀྱི་ངོ་ཚབ་མཚོན་ཐུབ་པ་ཞིག་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་རྣམ་པ་ཚོར་རེ་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་།
དེང་སང་ས་གནས་འགའ་ཤས་ཀྱི་བོད་རིགས་གཞོན་སྐྱེས་ཚོའི་ནང་དུ་སྤྱོད་པ་ངན་པ་འདྲ་མིན་བྱེད་མཁན་རེ་ཟུང་ཡོང་གི་ཡོད་འདུག འདིས་རྟགས་ག་རེ་སྟོན་གྱི་ཡོད་པ་རེད་ཅེ་ན།བོད་མི་མི་རབས་རྒན་པ་ཚོས་བོད་རིགས་གཞོན་སྐྱེས་ཚོ་ལ་བདག་པོ་ཡག་པོ་ཞིག་བརྒྱབས་མ་ཐུབ་པ་ཡིན་ན། བོད་ཀྱི་མི་རབས་གཞོན་པ་འགའ་ཤས་སྤྱོད་པ་ངན་པ་དང་ལམ་ལོག་པའི་ནང་དུ་བསྐྱོད་སྲིད་པའི་སྔོན་བརྡ་ཞིག་གཏོང་གི་ཡོད་པ་ཡིན་དུས། རྣམ་པ་ཚོས་རང་རང་གི་བུ་ཕྲུག་ན་གཞོན་ཚོར་བདག་པོ་ཡག་པོ་ཞིག་བརྒྱབས་ཏེ།ཡ་རབས་སྤྱོད་བཟང་ལྡན་པའི་བོད་མི་ཚད་ལྡན་ཞིག་ཏུ་གསོ་སྐྱོང་ཡོང་ཐབས་སུ་ཧུར་ཐག་འབད་ཐག་གནང་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། 


མཐའ་མ་དེར་ཞུ་རྒྱུར། རྒྱ་ནག་ནང་དང་བོད་ནང་གི་མི་མང་ལ་མང་གཙོ་དང་སྨྲ་བརྗོད་ཀྱི་རང་དབང་ལྡན་པ་ཞིག་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། 
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༢ ཚེས་ ༤ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.