༄༅།། སྐུ་ངོ་བཀའ་ཟུར་མཆོག་དང་། སྤྱི་འཐུས་རྣམ་པ། མདོ་སྨད་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་རྣམ་པ། དགེ་འདུན་པ་དང་མདོ་སྨད་མི་མང་ཡོངས་རྫོགས་ལ་ཐོག་དང་པོར་མདོ་སྨད་དབྱར་སྐྱིད་ཆེན་མོའི་ཐོག་ང་ཚོ་ཡོངས་རྫོགས་མཉམ་འཛོམས་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངའི་ཨ་མཆོག་གིས་གསལ་པོ་གོ་ཡི་མེད་སྟབས་མཛད་རིམ་ཀློག་པ་སོགས་གསལ་པོ་ཞིག་གོ་ཡི་མི་འདུག་པས། རྣམ་པ་ཚོའི་གསུང་བཤད་དང་འབྲེལ་བ་ཆགས་ཀྱི་ཡོད་མེད་མི་ཤེས་ཀྱང་ངས་གང་དྲན་པ་དེ་ཐད་ཀར་ཞུ་ཡི་ཡིན། མཛད་རིམ་ནང་ང་ལ་“འདིར་འཛོམས་དགོས་པའི་དགོས་པ་དང་དམིགས་ཡུལ་དང་འབྲེལ་ནས་བླང་དོར་བཀའ་སློབ་”གནང་དགོས་ཞེས་འཁོད་འདུག འདིའི་ཐོག་དམིགས་བསལ་ང་ལ་ཞུ་རྒྱུ་གང་ཡང་མི་འདུག་ཀྱང་། ང་མི་རྒན་ཞིག་ཡིན་པའི་ཆ་ནས་མདོ་སྨད་པའི་དབྱར་སྐྱིད་དང་འབྲེལ་བའི་གནས་ཚུལ་གཅིག་གཉིས་ཤིག་རྣམ་པ་ཚོར་ཞུས་ན་བསམས།
ཕྱི་ལོ་ ༡༩༦༢ ལོར་ང་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་བསྙེན་རྫོགས་སྒྲུབ་པར་ཡོང་ནས་བསྙེན་རྫོགས་བསྒྲུབས་པའི་རྗེས་ཀྱི་དགའ་སྟོན་རྟེན་འབྲེལ་དང་འབྲེལ་ནས། བླ་བྲང་ཨ་ཁུ་སྐལ་བཟང་གི་ཟ་ཁང་ཞིག་ཡོད་པ་དེའི་ནང་དུ་རྡ་སར་ཡོད་པའི་མདོ་སྨད་པ་ཡོངས་རྫོགས་འཛོམས་ནས་སྤྲོ་སྐྱིད་བཏང་བ་རེད། དེའི་རྗེས་ང་ཌ་ལ་ཧོ་སིར་འགྲོ་བའི་སྐབས་དེར་ཌལ་ཧོར་དུ་ཡོད་པའི་མདོ་སྨད་པའི་མི་མང་རྣམས་ཀྱིས་ང་ཡོང་བ་དང་བསྟུན་ནས་དབྱར་སྐྱིད་བཏང་། སེངྒེ་འཁྲབ་པ་ལ་སོགས་པ་བྱས་ཏེ་རྒྱུན་ལྡན་དང་མ་འདྲ་བའི་དབྱར་སྐྱིད་རྒྱས་པོ་ཞིག་བཏང་བྱུང་། དེ་ནས་ང་རྡོ་རྗེ་གླིང་ལ་ཕྱིན་པའི་སྐབས་སུ་ཡང་རྡོར་གླིང་དུ་ཡོད་པའི་བླ་བྲང་གི་ཨ་ཁུ་དཀོན་མཆོག་ཙི་གེ་(བླ་བྲང་ནང་མཛོད་ཟུར་པ།)ལགས་ཀྱིིས་གཙོ་བོ་འགན་བཞེས་ཏེ་གངས་ཅན་མཛོད་ལྔའི་རིའིི་སྒང་ལ་ཐུགས་སྤྲོ་ཞིག་བཏང་བྱུང་། དེ་ནས་ང་མཁར་ཤང་ལ་སླེབས་པའི་སྐབས་སུ་ཡང་དེར་ཡོད་པའི་ཅོ་ནེ་པ་ཨ་ཁུ་འཕགས་པ་ཚེ་རིང་དང་། བླ་བྲང་ཨ་ཁུ་དབང་ཁོ། ཚ་ཁོ་ཁྲོ་ཆུ་དཔོན་པོ་རྡོ་རྗེ་དཔལ་བཟང་ལ་སོགས་པ་ཁོང་རྣམ་པས་འགན་བཞེས་ཏེ་མཁར་ཤང་གི་རི་རྩེ་ལ་ང་ཚོས་མཉམ་དུ་དབྱར་སྐྱིད་བཏང་བ་ཡིན།
སྔོན་མ་ཨ་མདོ་པ་འཛོམས་ཆེ་ཤོས་ཡོད་ས་དེ་རྡ་རམ་ས་དང་ཧོན་སུར་གཉིས་རེད། ང་ཧོན་སུར་ལ་འགྲོ་བའི་སྐབས་མདོ་སྨད་པ་རྣམས་ལྷན་དུ་འཛོམས་ནས་དབྱར་སྐྱིད་ཅིག་བཏང་སོང་། དེའི་རྗེས་སུ་ང་ཚོས་རྡ་རམ་ས་ལར་དབྱར་སྐྱིད་ཅིག་བཏང་བ་ནི་མདོ་སྨད་རྒྱུན་ལས་བཙུགས་པའི་རྗེས་ཀྱི་དབྱར་སྐྱིད་བཏང་བ་ཐེངས་དང་པོ་དེ་ཡིན་ནམ་སྙམ། དེང་སང་མེག་ལོ་གྷན་ཇིའི་རླངས་འཁོར་འབབ་ཚིགས་ཡོད་ས་དེ་ལ་སྔ་མོ་ལྕང་གསེབ་ཆུང་ཆུང་ཞིག་ཡོད། ལྕང་གསེབ་དེའི་ནང་ང་ཚོས་ཐབ་རྡོ་བཙུགས་ནས་ཟ་མ་བཟོས། མཉམ་ཟ་མཉམ་འཐུང་བྱས་ཏེ་སྤྲོ་སྐྱིད་བཏང་བ་རེད། ད་ལྟ་འདིར་སྤྲོ་སྐྱིད་བཏང་བའི་སྐབས་གྲ་རྒྱས་པོ་དང་དགེ་འདུན་པ་དང་མི་མང་ཡང་ཤིན་ཏུ་མང་པོ་ཕེབས་འདུག
མདོ་སྨད་པ་རྣམས་ལྷན་ཅིག་ཏུ་འཛོམས་རྒྱུ་ཤིན་ཏུ་ཉུང་ཉུང་རེད། མཉམ་དུ་འཛོམས་དགོས་པ་ཡང་ཤིན་ཏུ་གལ་ཆེན་པོ་འདུག དབྱར་སྐྱིད་བཏང་བ་ནི་ཁ་ལག་ཞིམ་པོ་བཟའ་རྒྱུ་དང་དགའ་དགའ་སྤྲོ་སྤྲོ་བྱ་རྒྱུ་ཙམ་མ་ཡིན་པར། མི་མང་ཕན་ཚུན་རྒྱུས་ཡོད་དང་འབྲེལ་བ་ཡག་པོ་ཡོང་ཐུབ་པར་བྱ་རྒྱུ་དེ་ནི་སྤྲོ་སྐྱིད་བཏང་བའི་དགོས་པ་གཙོ་བོ་དེ་རེད། ང་ཚོ་ག་ཚད་མང་པོར་ལྷན་ཅིག་ཏུ་འཛོམས་པ་དེའི་ཚོད་ཀྱིས་ནང་ཁུལ་གྱི་འབྲེལ་བ་དང་མཐུན་ལམ་ཡག་པོ་ཡོང་རྒྱུ་ཡིན་པ་དང་། ང་ཚོ་ནང་ཁུལ་ལ་ག་ཚད་འབྲེལ་བ་ཡག་པོ་བྱུང་བའི་ཚོད་ཀྱིས་མདོ་སྨད་པའི་ནང་ཁུལ་གྱི་མཐུན་ལམ་ཡག་པོ་ཡོང་རྒྱུ་རེད། ཆོལ་ཁ་གཅིག་གི་ནང་ཁུལ་གྱི་འབྲེལ་བ་དང་མཐུན་ལམ་ཡག་པོ་བྱུང་བ་དེའི་ཚོད་ཀྱིས་ཆོལ་ཁ་ཕན་ཚུན་བར་གྱི་འབྲེལ་བ་དང་མཐུན་ལམ་ཡག་པོ་ཡོང་རྒྱུ་རེད། ཆོལ་ཁ་ཕན་ཚུན་གྱི་འབྲེལ་བ་དང་མཐུན་ལམ་ཡག་པོ་བྱུང་བ་ཡིན་ན། བོད་མི་ཡོངས་རྫོགས་ཀྱི་མཐུན་ལམ་དང་འབྲེལ་བ་ཡག་ཏུ་འགྲོ་རྒྱུ་ཡིན་པར་བརྟེན། ང་ཚོའི་བར་འབྲེལ་བ་དང་མཐུན་ལམ་ཡག་པོ་ཡོང་ཐབས་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།
སྤྱིར་འདི་ཕྱོགས་སུ་སྤྲོ་སྐྱིད་གཏོང་སྟངས་འདྲ་མིན་སྣ་ཚོགས་ཡོད། རིགས་ཤིག་གིས་སྤྲོ་སྐྱིད་བཏང་བའི་སྐབས་མཱ་ཅང་རྩེས། པཱ་བརྒྱབ་པ་སོགས་བྱེད་ཀྱི་ཡོད། རྩེད་མོ་འདི་རིགས་ཀྱི་མཇུག་ཏུ་མང་ཆེ་བར་ལབ་རྒྱུ་གླེང་རྒྱུ་ཞིག་ཡོང་གི་ཡོད། ང་ཚོའི་སྤྲོ་སྐྱིད་གཏོང་སྟངས་ནི་དེ་འདྲ་མ་ཡིན་པར་ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་བྱ་དགོས་པ་ནི་གལ་ཆེན་པོ་རེད། འདིར་ཕེབས་བསུར་གཅར་མཁན་ཚོ་དང་མང་པོ་ཞིག་གིས་ཨ་མདོའི་ཡུལ་གྱི་ཆས་གོས་གཙང་མ་གྱོན་འདུག་པ་ནི་ཤིན་ཏུ་ཡག་པོ་རེད། སོ་སོའི་ལུང་པའི་ཐུན་མོང་མ་ཡིན་པའི་ཆས་གོས་ཀྱི་རིགས་བུ་ཕྲུག་ཆུང་ཆུང་ཁོང་ཚོ་མང་ཆེ་བས་མཐོང་མྱོང་ཙམ་ཡང་ཡོད་པ་མ་རེད། དེ་ཡིན་དུས་ཁོ་ཚོ་ལ་མིག་ལྟོས་ཀྱི་ཐོག་ནས་ཡིན་ནའང་རིག་གཞུང་གི་བག་ཆགས་ཡག་པོ་འཇོག་ཐུབ་པར་ཡང་ཕན་ཐོགས་ཆེན་པོ་ཡོད།
མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ལས་བསྡོམས་གསུང་སོང་བ་ངས་གསལ་པོ་གོ་ཐུབ་མ་བྱུང་ནའང་ཡིག་ཐོག་ལ་འདུག་པར་བལྟས་ན། དུས་ཚོད་ཐུང་ཐུང་དང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པ་སོགས་ལ་དཔག་པའི་ལས་དོན་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཚོ་ས་གནས་མདོ་སྨད་མི་མང་གིས་རེ་བ་བརྒྱབས་ནས་བདམས་པའི་མི་ཤ་སྟག་ཡིན་དུས་མ་འོངས་པར་ཡང་མུ་མཐུད་ཡག་པོ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། དེ་རིང་སྤྲོ་སྐྱིད་གཏོང་རྒྱུ་མ་གཏོགས་སྐད་ཆ་ཤོད་པའི་དུས་ཚོད་མ་རེད། ངས་དུས་ཚོད་མང་པོ་བཀག་ན་ཕན་ཐོགས་ཡོད་པ་མ་རེད།
གལ་ཆེ་ཤོས་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་དགོས་པ་རེད་ཅེས་པ་ནི། བོད་མི་ཡོངས་རྫོགས་ཀྱི་ཁ་ཡི་རྩེ་ལ་ཁུར་ཡོད། རང་གཞན་ཀུན་གྱིས་༸རྒྱལ་བ་རིན་པོ་ཆེའི་གསུང་རྩི་དགོས་པ་རེད་ཅེས་ཁ་ནས་བཤད་བསྡད་པ་ཙམ་མ་ཡིན་པར། རང་གིས་རང་ལ་དཔང་པོ་འཕེར་བའི་ཅི་གསུང་བཀའ་སྒྲུབ་ཞུ་ཡི་འདུག་གམ་མི་འདུག འདི་ལ་བོད་མི་ཡོངས་རྫོགས་ཀྱིས་བསམ་བློ་གཏོང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་བསམས། ༸རྒྱལ་བ་རིན་པོ་ཆེའི་བཀའ་བརྩི་དགོས་པ་རེད་ཅེས་ཕར་གཞན་ལ་བཤད་པ་ཙམ་མ་ཡིན་པར། རང་རང་གི་ངོས་ནས་ཅི་གསུང་བཀའ་སྒྲུབ་ཞུ་ཡི་འདུག་གམ་མི་འདུག ༸རྒྱལ་བ་རིན་པོ་ཆེས་ཆོས་དང་ཆབ་སྲིད། ཐ་ན་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཚུན་ཆད་ནས་བཟུང་སྟེ་བཀའ་སློབ་མ་གནང་སའི་གནད་དོན་གང་ཡང་ཡོད་པ་མ་རེད། ཤེས་ཡོན་པ་ཡིན་ན་ཤེས་ཡོན་པ་ཚོས་ལག་ལེན་བསྟར་རྒྱུ་ཡོད་པ་ཞིག་དང་། མཁས་པ་དང་དཔེ་ཆ་བ་ཞིག་ཡིན་ན་མཁས་པ་དང་དཔེ་ཆ་པ་ཚོས་ལག་ལེན་བསྟར་རྒྱུ་ཡོད་པ་ཞིག མི་མང་དཀྱུས་མ་ཞིག་ཡིན་ན་རང་རང་གི་གནས་སྟངས་དང་མཐུན་པའི་ལག་ལེན་དུ་བསྟར་རྒྱུ་ཡོད་པ་ཞིག་རེད། མདོར་ན། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནི་སྐྱེ་ཕོ་མོ་ཡོངས་རྫོགས་ཀྱིས་རང་རང་གི་གནས་སྟངས་དང་མཐུན་པའི་ཐོག་ནས་ལག་ལེན་བསྟར་རྒྱུ་ཡོད་པ་ཤ་སྟག་རེད།
ང་ཚོ་མི་སྒེར་པ་དང་། ཚོགས་པ་སྒྲིག་འཛུགས་སུ་ཞིག་ཡིན་ན་ཡང་སོ་སོའི་ངོས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བརྩི་ཡི་འདུག་གམ་མི་འདུག ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དགོངས་དོན་ལྟར་རང་རང་གི་ལས་འགན་གཙང་མ་སྒྲུབ་ཀྱི་འདུག་གམ། ཡང་ན་ཁ་ཕྱོགས་རིས་ཀྱི་ལས་ཀ་བྱེད་ཀྱི་འདུག བོད་སྤྱི་པའི་རྩ་དོན་དང་མཐུན་ལམ་ལ་ཕན་པའི་བྱ་བ་ཞིག་བྱེད་ཀྱི་འདུག་གམ་མི་འདུག ཡང་ན་བོད་སྤྱི་པའི་རྩ་དོན་དང་མཐུན་ལམ་ལ་གནོད་པའི་ལས་ཀ་བྱེད་ཀྱི་འདུག རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་དུས། རང་ཉིད་དཔང་པོར་བཞག་ཐུབ་པའི་ཐོག་ནས་བོད་སྤྱི་པའི་རྩ་དོན་དང་མཐུན་ལམ་ལ་ཕན་པའི་ལས་ཀ་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།
མདོ་སྨད་མི་མང་གིས་ད་ལྟའི་བར་དུ་བོད་སྤྱི་པའི་རྩ་དོན་ལ་ཕན་པའི་ལས་ཀ་ཤིན་ཏུ་ཡག་པོ་བྱས་ཡོད་ལ། མ་འོངས་པར་ཡང་མུ་མཐུད་ཧུར་ཐག་འབད་ཐག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོ་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་ས་འཁྲུངས་ཡུལ་ཡིན་པའི་ཆ་ནས་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་དགོས་པ་རེད། ང་ཚོ་བོད་ཆོལ་ཁ་གསུམ་གྱི་ནང་གི་གཅིག་ཡིན་དུས་བོད་སྤྱི་པའི་རྩ་དོན་དང་མཐུན་ལམ་ལ་ཕན་པའི་ལས་དོན་སྒྲུབ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་འདོད་བྱུང་།
རྒྱུན་དུ་མདོ་སྨད་པ་ཡིན་པའི་ཆ་ནས་མདོ་སྨད་པ་ནང་ཁུལ་གྱི་མཐུན་ལམ་དང་། ཆོལ་ཁ་ནང་ཕན་ཚུན་གྱི་མཐུན་ལམ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེའི་བར་གྱི་མཐུན་ལམ་སོགས་ཀྱི་ཐོག་ཤུགས་བརྒྱབས་ནས་ནུས་པ་མཉམ་སྤུངས་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།
༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་བོད་མི་ཡོངས་རྫོགས་ཀྱིས་བཤད་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེས་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་ནའང་། དེ་ནི་རྟེན་འབྲེལ་ལྟོས་གྲུབ་ཀྱི་རང་བཞིན་ཅན་ཞིག་ཡིན་དུས། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་བཞུགས་ཐུབ་པའི་ཆ་རྐྱེན་དེ་བོད་མི་མང་གིས་བསྒྲུབ་དགོས་པ་རེད།
བོད་ནང་དུ་བོད་རྒྱ་ཆེ་མི་མང་ལ་དཀའ་ངལ་གང་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར་མི་ཐོག་ནས་མི་ཐོག་བར་ལྷག་བསམ་དང་སེམས་ཤུགས་ཆེན་པོས་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུར་འབད་བརྩོན་ལྷོད་མེད་གནང་བཞིན་པ་རེད། བོད་ནང་གི་བོད་མི་ཁག་ཅིག་གི་ཉིན་རེའི་ཁྱིམ་ཚང་གི་འཚོ་བ་སྐྱེལ་སྟངས་ལ་ཡང་དཀའ་ངལ་ཡོང་གི་ཡོད། རིགས་ཤིག་བཙོན་ཁང་དུ་རྐང་ཆག་ལག་ཞར་གྱུར་ཡོད་ཀྱང་སེམས་ཤུགས་མ་ཉམས་པར་གནས་ཡོད། དེར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཧུར་ཐག་འབད་ཐག་གནང་བ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ཅེས་རྣམ་པ་ཚོར་དྲན་གསོའི་ཚུལ་དུ་ཞུ་འདོད་བྱུང་།
གོང་དུ་ཞུས་པ་ལྟར་སྤྱིར་སྤྲོ་སྐྱིད་གནང་དགོས་པ་ནི་གལ་ཆེན་པོ་ཡིན་ཡང་། མ་འོངས་པར་སྤྲོ་སྐྱིད་གཏོང་རྒྱུ་སྐབས་སུ་བབས་པ་རེད་དམ་མ་རེད་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ད་ལོ་ལྟ་བུར་མཚོན་ན་མངའ་སྡེ་འདིའི་ནང་ཆར་ཞོད་དང་ས་རུད་སོགས་ཀྱི་རྐྱེན་ངན་གོད་ཆག་ཆེན་པོ་བྱུང་ཡོད། ཉེ་ཆ་རང་ལ་སྒང་ཐོག་ཁུལ་ལ་ཆར་ཞོད་ཀྱི་རྐྱེན་པས་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་རེད། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཐོག་ནས་ཡིན་ནའང་སྤྲོ་སྐྱིད་གཏོང་རྒྱུ་སྐབས་སུ་བབ་ཡོད་མེད་ལ་རྟོག་དཔྱོད་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་མ་འོངས་པར་ལས་ཀ་བྱེད་ཕྱོགས་ལ་ཕན་ཐོགས་ན་བསམས་ནས་ནང་ཚགས་ཀྱིས་ཞུས་པ་ཡིན།
ད་རེས་སྤྲོ་སྐྱིད་ཀྱི་སྐབས་དང་བསྟུན་ནས་མདོ་སྨད་པ་ནང་ཁུལ་ཕན་ཚུན་ལ་ངོ་ཤེས་དང་འབྲེལ་བ་ཡག་པོ་བྱས་ཏེ་མཐུན་ལམ་ཡར་རྒྱས་གཏོང་དགོས་པ་ནི་གལ་ཆེན་པོ་རེད། དགོས་པ་འདིའི་ཆེད་དུ་ང་ཚོ་ལྷན་དུ་འཛོམས་ཀྱི་ཡོད་པ་ཡིན་དུས། ནང་ཁུལ་གྱི་མཐུན་ལམ་དང་འབྲེལ་བ་གོང་ནས་གོང་འཕེལ་ཡོང་བར་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་འགན་བཞེས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་རེད།
དབྱར་སྐྱིད་ཀྱི་ཆེད་མི་མང་པོ་ཞིག་གིས་ཉིན་མང་པོའི་གོང་ནས་གྲ་སྒྲིག་བྱས་ཏེ་དཀའ་ལས་བརྒྱབས་སོང་། བཞེས་ལག་བཟོ་མཁན་དང་། རྩེད་རིགས་གོ་སྒྲིག་གནང་མཁན་རྣམས་ཀྱིས་གོ་སྒྲིག་ཡག་པོ་བྱས་འདུག མི་འགའ་ཤས་ཀྱིས་མདོ་སྨད་པའི་དབྱར་སྐྱིད་ག་དུས་བཏང་ཡང་བཞེས་པ་བཟོ་རྒྱུ་སོགས་སྤྱི་པའི་འགན་ལེན་གྱི་འདུག་པ་ནི་ཤིན་ཏུ་ཡག་པོ་རེད། འདི་ལྟར་སྤྱི་པའི་ལས་དོན་ལ་འགན་བཞེས་མཁན་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན།
(འདྲ་པར་དག་ཨ་ལགས་མཁན་པོ་ཕུན་ཚོགས་མཆོག་གི་ངོ་དེབ་ལས་བཤུས།)