དགེ་གད་འོག་བསྟན་འཛིན།

༄༅།། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ལས། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རབ་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་པ་ཅན་གྱི་རྗེ་འབངས་ལ། །རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་གསུངས་པ་ལྟར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་བྱ་བ་རླབས་ཆེ་ཆུང་ལ་མ་ལྟོས་པར་རང་གི་ནུས་པས་འདང་ཚོད་དང་བསྟུན་སྲི་ཞུ་བསྒྲུབ་དགོས་པ་ནི་མིའི་འགྲོ་བ་ལ་ལྷན་སྐྱེས་སུ་བབ་པའི་འགན་འཁྲི་ཡིན། དེར་བརྟེན་ཁོ་བོས་ད་ལྟའི་རྔ་པ་རྫོང་ཁོངས་ཀྱི་རྨེའུ་རུ་མ་ཞེས་པའི་འབྲོག་སྡེ་འདིའི་བྱུང་རིམ་དང་སྤྱི་ལོ་ ༡༩༥༩ གོང་གི་གནའ་བོའི་འཛིན་སྐྱོང་ལམ་ལུགས་དང་ཡུལ་ཆོས་ཀྱི་སྐོར་ལོ་རྒྱུས་ཉམས་ཞིབ་པ་ཚོར་དཔྱད་གཞིའི་ས་བོན་གྱི་ཚུལ་དུ་ཉུང་བསྡུས་ཤིག་འབྲི་འདུན་བྱུང་། སྤྱིར་ང་ཚོའི་སྤྱི་ཚོགས་ནང་གྲགས་མི་ཆེ་བའི་རོང་འབྲོག་གྲོང་ཁུལ་ཁག་གི་ལོ་རྒྱུས་འབྲི་བའི་གོམས་སྲོལ་མེད་སྟབས། རྨེའུ་རུ་མ་ཞེས་པའི་འབྲོག་སྡེ་འདིའི་བྱུང་རིམ་ཡིག་ཐོག་ཏུ་གསལ་པོར་འཁོད་པ་མེད་པས་ལོ་རྒྱུས་ས་བོན་ཤིན་ཏུ་རྙེད་དཀའ་ཡང་། དྲུང་ཆེན་ཨ་ཁུ་ཆོས་འཕེལ་གྱིས་མཛད་པའི་རྨེའུ་ས་དབང་ཆེན་པོ་རྗེ་འབངས་མཉམ་འབྲེལ་གྱི་བྱུང་བ་གང་ངེས་མདོ་ཙམ་བརྗོད་པ་ཕྱི་རབས་རྣ་བའི་བདུད་རྩི་ཞེས་བྱ་བ་ལས་ཟུར་ཙམ་ཐོན་པ་ལ་གཞི་བཅོལ་རྒྱུས་ཡོད་ཀྱི་རྒན་རབས་འགའི་ངག་རྒྱུན་བསྡུ་བསྒྲིགས་ཀྱིས་བྲིས་པ་ཡིན་པས། མི་རེའི་ཁ་ན་གཏམ་རེ་ཞེས་པའི་དཔེ་ལྟར་ལོ་རྒྱུས་བཤད་སྟངས་སྣ་ཚོགས་འབྱུང་སྲིད་པས་གཟིགས་མཁན་དང་རྒྱུས་ཡོད་རྣམ་པས་དེ་ལུགས་ཀྱིས་དགོངས་པ་བཞེས་དགོས།

དང་པོ། བྱུང་རིམ་སྐོར་བཤད་པ།

སྤྱིར་རྨེའུ་རུ་མ་ཞེས་པའི་འབྲོག་སྡེ་འདི་རྨེའུ་རྒྱལ་པོའི་མངའ་འོག་ན་ཡོན་པའི་འབྲོག་སྡེ་གཅིག་པུ་ཡིན། དང་ཐོག་རྒྱལ་པོ་རང་གི་དགོས་མཁོ་ལ་བརྟེན་ནས་ཆེད་འཛུགས་བྱས་པ་ཞིག་ལས་གནས་འདིར་གཉུག་མ་ནས་ཡོད་པའི་འབྲོག་སྡེ་ཞིག་མིན། རྨེའུ་རུ་མ་ཞེས་འབོད་པ་ཡང་རྨེའུ་རྒྱལ་འབངས་ཀྱིས་ཆེད་དུ་བཙུགས་པའི་འབྲོག་སྡེའམ་རུ་བ་ཡིན་པས་མིང་དེ་ལྟར་ཐོགས། འབྲོག་སྡེ་འདི་ཐོག་དང་པོར་འཛུགས་མཁན་རྨེའུ་རྒྱལ་པོ་མགོན་པོ་བསོད་ནམས་ཡིན། ཁོང་ཡབ་རྒྱལ་པོ་ལྕགས་ཐར་རྒྱལ་དང་ཡུམ་ཚེ་རིང་སྒྲོལ་མ་སྐྲ་དཀར་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༨༧༡ ལོར་འཁྲུངས། མགོན་པོ་པེར་ནག་ཅན་གྱི་སྤྲུལ་པར་གྲགས་པས། སྐུ་ཤ་དང་གཟུགས་བོངས་ཆེ་ཞིང་ལུས་ལ་སྟག་རེས་བཀྲ་བ། གཡུལ་གྱི་ལས་ལ་མཁས་ཤིང་འདུན་པ་ཆེ་བ། བསོད་ནམས་དང་དབང་ཐང་ཅན་ཞིན་ཡིན། རྒྱལ་པོ་འདིའི་རིང་རྨེའུ་སང་ལ་འབྲོག་སྡེ་ཞིག་དགོས་པའི་བཅོས་རིམ་བབས་པས། རྨེའུ་སང་དང་། བློན་མོ་བ། རྨེ་དཔལ་ཏེ་གོ་ས་ཡོད་པའི་དཔོན་ཁྱིམ་གསུམ་གྱི་ཐོག་གཤོག་སྨད་མའི་ཁྱིམ་ཚང་ཕྱུག་ཆེན་རྨེ་སྒང་དང་། སྐྱགས་དཔེ། སྣས་རྩ། ཡ་པོ་སང་། དུང་མདའ་བཅས་ཁྱིམ་ཚང་བདུན་ལ་རུ་གྲོང་གཉིས་འཛིན་དགོས་པའི་བཀའ་བབས་ཏེ་འབྲོག་སྡེ་འདིའི་གཞི་བཙུགས། དེའི་རྗེས་སུ་ཕྱོགས་གཞན་ནས་ཕྱི་གྱོད་དང་ནང་གྱོད་ཀྱི་རྐྱེན་པས་རྨེའུ་ཚང་ལ་མགོ་འདོག་གི་རུ་བ་མང་དུ་ཡོང་བ་རྣམས་བསྣན་པས་འབྲོག་སྡེ་ཇེ་རྒྱས་སུ་སོང་བས། སྔར་གྱི་དཔོན་ཁྱིམ་གསུམ་སྟེ་རྨེའུ་སང་དང་བློན་མོ་བ་རྨེ་དཔལ་བཅས་ཀྱི་མགོར་རུ་སྐོར་གསུམ་དུ་བགོས། སྡོད་གནས་ཀྱི་ས་ཆ་ཡང་བགོས་ཏེ་རྨེའུ་སང་གླང་གཡག་མདོ་དང་དེའི་ཡན་གྱི་ཁུག་སོ་རྒྱུ་གསུམ་ཕུག་སོགས་བྱས། རྨེའུ་སང་གི་མཐའ་འཁོར་ན་གནས་པའི་ཚོ་ཁག་ལ་ཧུ་ར་མ་ཟེར་ཞིང་རྨེའུ་རུ་ཚོ་བ་བརྒྱད་ཀྱི་དང་པོ་ཡིན། རྨེ་མོ་བ་སང་ཆུ་ཁོལ་མཆོད་རྟེན་སུམ་སྣ་དང་བྲག་དམར་མདོ་སོགས་སུ་བསྡད། འདིའི་མཐའ་འཁོར་དུ་གནས་པའི་ཚོ་ཁག་ལ་མོ་བ་རུ་བ་ཟེར་ཞིང་རྨེའུ་རུ་མའི་ཚོ་བ་བརྒྱད་ཀྱི་གཉིས་པ་ཡིན། རྨེ་དཔལ་སང་ཟབ་མོ་ཆུ་ཁོལ་ཚོང་ལམ་ཁ་དང་འཚམས་ལུང་མདོ་སྐྱ་ཕྱར་ཁ་སོགས་སུ་བསྡད་པ་ཡིན་ལ། འདིའི་མཐའ་འཁོར་དུ་གནས་པའི་ཚོ་ཁག་ལ་རྨེ་དཔལ་རུ་བ་ཟེར་ཞིང་རྨེ་རུ་ཚོ་བ་བརྒྱད་ཀྱི་གསུམ་པ་ཡིན། ཨ་འབུས་རུ་བ་ཨ་འཁྱམས་ནས་ཆད་ཡོང་བའི་ཚོ་ཁག་གཅིག་བྱས་པ་རྨེའུ་རུ་ཚོ་བ་བརྒྱད་ཀྱི་བཞི་པ་ཡིན། རོང་པ་རུ་འཛི་ཁའི་ཤུ་ནང་ནས་ཡོང་བར་མོ་བ་རུ་བའི་འདབས་སུ་བཞག དང་ཐོག་འདི་གཉིས་ལ་མོ་རོང་ཞེས་བསྡུས་མིང་གིས་འབོད་ཀྱང་རྗེས་སུ་རོང་བ་རུ་ཚོ་ཁག་ཆགས་པས་རྨེའུ་ཚོ་བ་བརྒྱད་ཀྱི་ལྔ་པ་ཡིན། ར་རུ་བ་ནི་དང་པོ་གཙང་ར་རོང་ནས་ནས་ཆད། དེ་ནས་སྟོང་བཟའ་ར་སྐོར་ཁོས་ཆེན་བརྒྱུད་ནས་ཡོང་། ར་མོ་ཅིག་བདའ་མ་ཡང་ཟེར། དེ་ནས་མགོ་ལོག་རྒྱུག་གི་ཐང་དུ་ཡུན་ཤས་བསྡད། མཐར་རྨེའུ་སང་ལ་མགོ་བཏགས་ནས་ར་སྨད་སྔོ་ལུ་ལུང་པར་བསྡད་པས་ར་ཁོག་ཐོགས། དེའི་རྗེས་ནས་རྨ་ཕ་རི་དང་ཚུ་རི་ནས་ཡུན་རིང་བསྡད་པས་སྒོ་ཕྱུགས་སོགས་འཕེལ་རྒྱས་བྱུང་། ནམ་ཞིག་ན་ཅ་བ་ཨ་ཞང་། མགུར་ནག་སང་། ཚིག་སང་། ཛ་ཏི་སང་། འཐག་པ་སང་། ཡོ་སང་། སོག་པོ་སང་སོགས་ཁྱིམ་ཚང་བཅོ་ལྔ་རྨེའུ་རུ་མའི་ནང་དུ་སོང་། ལྕགས་སྤྲེལ་སྤྱི་ལོ་ ༡༨༦༠ ཙམ་ནས་རུ་འཐོར་བྱུང་སྟེ་སང་དང་སྣང་སྣ་ཁག་གློ་བསྡོས་སྣ་ནག་རེས་ཕྱོགས་སུ་སྤོས་ནས་བསྡད། ར་དཔལ་ཚེ་དང་སྣང་སྣ་དམག་དཔོན་ཡིན་པར་གྲགས། སྔོན་རྨེའུ་སང་ལ་མགོ་རིང་འདོགས་ཤིག་བྱས་ཡོད་པས། དེ་ལ་གཅར་ཏེ་འདུག་དགོས་སྙམ་ནས་རྨེའུ་རྒྱལ་བོ་མགོན་པོ་བསོད་ནམས་ལ་བརྡ་བཏང་། རུ་བསུས་ནས་རྒྱ་ཡི་གནམ་རྩེབ་མིང་ལེགས་ཤིང་ས་སྐྱིད་པས་དེར་བསྡད་པ་རྨེའུ་རུ་ཚོ་བ་བརྒྱད་ཀྱི་དྲུག་པ་ཡིན།
ནག་ཚང་མ་ནི་ཐོག་མར་ཆོས་རྗེ་ནང་པའི་ཕྱོགས་ཀྱི་ཁ་བུར་རྒྱ་སྒོ་ཟེར་བ་དེ་ཁོ་ཚོའི་རང་ས་ཡིན་ཀྱང་ཆོས་རྗེ་ཚང་གིས་ཁ་པུར་གད་ཐོག་ཏུ་སྤོར་ན་བཟང་ཞེས་གསུངས། དེ་ནས་ཀྱང་ཁ་མ་དྲོ་བ་རྨེ་སྟོད་སོགས་སུ་བསྡད། རྗེས་སུ་ཆོམ་རྩའི་འཇོམ་པ་སོགས་ཀྱིས་ནང་འཁྲུག་བསླངས་ནས་མ་འཆམས་པར་མཱ་དགེ་ཧྲེ་རས་རྨེའུ་སང་ལ་ཞུས་པས། རབ་ཚེས་ལྕགས་སྟག་སྤྱི་ལོ་ ༡༨༩༠ ཙམ་ལ་རྨེའུ་རྒྱལ་བོ་མགོན་པོ་བསོད་ནམས་ཀྱིས་ཚུར་བསུས། ཀིརྟི་བློ་བཟང་འཕྲིན་ལས་ཚང་ལ་རུ་བ་གང་དུ་འཇོག་ཞུས་ཚེ་མགོ་རྒོད་ལྟ་བུ་ཡིན་པས་ཤིང་ཟུག་ཁོག་ཏུ་ཞོགས་དང་ཤིང་ཟུག་པ་ལྟ་བུའི་རུ་སྡེ་བརྟན་པོ་ཞིག་ཡོང་གསུངས། དེར་བཞག་པ་རྨེའུ་རུ་ཚོ་བ་བརྒྱད་ཀྱི་བདུན་པ་ཡིན།


ནམ་ཚོ་མ་ནི། སྤྱོ་ལོ་ ༡༩༣༧ ལོ་རྒྱ་རྨཱ་ཆུ་ཚང་མགོ་ལོག་ལ་ཡོང་ནས་པེ་ཡི་དགོན་ནང་དུ་ལྭ་ཐོད་ཀྲང་གིས་ཁྲལ་དགོས་ཞེས་བསྡད་པས། ཁང་རྒན་ཚང་དང་མགོ་ལོག་ཚོ་པ་ཁག་གིས་ཁྲལ་མ་སྤྲད་པར་དགོན་ནང་དུ་དམག་དྲངས་ཏེ་ལྭ་ཐོན་ཀྲང་སོགས་རྒྱ་མི་བཞི་བཅུ་ལྷག་བསད། དེ་ལས་རྒྱ་མི་གཅིག་ཤོར་བས་རྨཱ་ཆུ་ཚང་གིས་དམག་དྲངས་ཏེ་མཚོ་སྐྱ་རིང་སྔོ་རིང་མན་གྱི་མགོ་ལོག་གི་མི་གྲངས་མེད་ཀྱི་སྐེ་བཅད་ནས་དམར་གསོད་བཏང་། བྱིས་པ་ཆུང་ཆུང་གི་རིགས་ཆུ་ཁོལ་མའི་ནང་དུ་གཡུགས་ནས་བསད་པ་སོགས་སྐྱེས་པ་ཕོ་ཟད་ནས་མོ་ལ་གཏུག་པའི་དུས་ངན་གྱི་སྐབས་སུ། གསེར་རྟ་དང་མགོ་ལོག་ཁག་གསུམ་ནས་ཡུལ་མི་བྲོས་ཐར་བྱུང་བ་ཁག་ཅིག་གིས་རྨེའུ་སང་ལ་མགོ་བཏགས་ཞུས། དེ་རྣམས་རྨེའུ་རུ་མའི་ནང་དུ་བཞག་པ་རྨེའུ་རུ་ཚོ་བ་བརྒྱད་ཀྱི་བརྒྱད་པ་ཡིན།
འདི་རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་གྱི་རིང་ཡིན། གོང་དུ་ཞུས་པ་བཞིན་འབྲོག་སྡེ་འདི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྡེ་ཁག་ནས་རྐྱེན་འདྲ་མིན་ལ་བརྟེན་ནས་རུ་འཐོར་བྱུང་བ་གང་འཚམ་ཞིག་རིམ་གྱིས་རྨེའུ་སང་གི་མངའ་འོག་ཏུ་འདུས་སྡོད་བྱས་པ་ལས་གྲུབ་པ་ཡིན་ཞིང་། ཆད་ཁོངས་ཀྱི་ཡུལ་ཕྱོགས་ད་ལྟ་ངོས་ཟིན་པ་རྣམས་ཀྱི་མིང་ཙམ་སྨོས་ན། གཙང་ཨ་རིགས། ཁམས་ཉག་རོང་། ཁམས་སྡེ་དགེ། རྫ་ཆུ་ཁ། སྟོད་ཉ་མཚོ། མགོ་ལོག་ཁག་གསུམ། འཛི་ཁ། ཛམ་ཐང་། གསེར་རྟ། ཁྲོ་ཁོ་ཁག དམུ་དགེ། ཀིརྟི་རྐ་ཆུ་ཁ་བ། ཨ་མཆོག་མ། རྨེ་བ། ཟོང་ཅུ། ཆོས་རྗེ་ནང་བ། ཐེ་བོ། ལེ་ཁོག རྒྱལ་རོང་ཁག་བཅས་ཀྱི་མི་སྣ་འདུས་ཡོད་པ་ཡིན་ནོ། །

གཉིས་པ། དེ་སྔའི་འཛིན་སྐྱོང་དང་འཛིན་སྐྱོང་མི་སྣའི་ལམ་ལུགས་སྐོར་བཤད་པ།

རྨེའུ་རུ་བ་བཙུགས་ནས་ལྷ་མོ་སྐྱབས་རུ་བའི་དཔོན་ཚབ་ཏུ་མ་བསྐོས་པའི་གོང་གི་འཛིན་སྐྱོང་ལམ་ལུགས་ཅི་ལྟར་ཡིན་གསལ་ཁ་མ་བྱུང་པས་ད་དུང་རྩད་གཅོད་དང་ཞིབ་འཇུག་བྱ་དགོས། འོན་ཀྱང་བཤད་སྟངས་ཤིག་ལ་དེའི་སྐབས་ཐོག་གོ་ས་དང་རྒྱུ་འབྱོར་བ་གང་ཐད་ནས་བློན་མོ་བ་སང་རྨེའུ་སང་གཉིས་པ་ལྟ་བུའི་འབྱོར་ཕྱུག་ལྡན་པ་ཞིག་ཡིན་པས། རྨེའུ་རུ་མའི་ཚོ་མྱི་ལྟ་བུ་བློན་མོ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་བྱས་པ་རེད་ཟེར། སྐབས་ཤིག་ནས་མོ་བ་མགོན་པོ་ཀླུ་སྒྲུབ་ལ་རྨེའུ་སང་གི་དཔོན་ས་གཡོ་འཕྲོག་བྱེད་རྒྱུའི་ཧམ་སེམས་སྐྱེས་ཏེ། སྔགས་པ་ཞིག་དང་སྙ་དགེ་བླ་མ་གཉིས་ལ་སྤས་མགོའི་དཀར་ཆེན་ཐོག་དུ་མནན་པ་རྒྱག་ཏུ་བཅུག རྗེས་སུ་ཕྱུགས་རྫི་འགས་རྩེ་ཞོར་ལ་ས་བྲུས་ནས་རྭ་ཅོ་ཞིག་ཐོན་པའི་ནང་བློན་པོ་མོ་བ་མ་གཏོགས་རྨེའུ་སང་གི་རྒྱལ་བློན་གཙོ་གྲས་ཐམས་ཅད་ཀྱི་བླ་སྲོག་ཚེ་གསུམ་བྲིས་འདུག་ཟེར། རིམ་པས་རྒྱལ་བློན་གྱིས་གསན་ནས་རྩད་གཅོད་བཏང་བ་བློན་མོ་བ་མགོན་པོ་ཀླུ་སྒྲུབ་ཀྱི་བློ་མ་བདེ་བར་གཡོ་འགེབས་སུ་བསྭེ་སྐུ་རྒོད་ལ་ང་ཚོས་གྲོས་བསྡུར་བྱས་དུས་མནན་པ་རྒྱག་མཁན་དེ་ཁྱེད་ཀྱི་མགོ་ལ་ལྷུང་འགྲོ་བ་འདྲ་བས། ཁྱེད་བྲོས་ན་ལེགས་ངེས་ཞེས་བཤད་ཀྱང་བླ་མས་ངས་དཔོན་གཡོག་གི་བར་ལ་ངན་ལས་བྱས་མེད་པར་ཅི་ལ་འབྲོས་ཟེར་ནས་བཞུགས་བསྡད་པས་ངན་གཡོའི་སྟེང་མ་སོང་། ཐབས་གཞན་མ་རྙེད་པར་ཁོང་ཚང་གནས་པདྨ་གོ་ཆེན་དུ་གནས་མཇལ་ལ་འགྲོ་དགོས་ཞེས་ཟུར་བསྒྲགས་བྱས། ནུབ་ཅིག་སྙ་དགེ་བླ་མ་དང་མོ་བ་མགོན་པོ་ཀླུ་སྒྲུབ་བུ་གཉིས་བཅས་གློ་རྡེག་ཏུ་བྲོས་པར། རྨེའུ་མགོན་པོ་བསོད་ནམས་ཀྱིས་འགོ་བྱས་ཏེ་མཱ་བློན་རོང་འབྲོག་དམག་གིས་ར་མདས་རྗེས་བསྙེགས་ཏེ་རྨ་ཆུ་ཁ་ནས་ཟིན། སྙ་དགེ་བླ་མས་དངུལ་ཏ་ལེན་གང་སྐེ་ལ་བཀལ་ནས་ཆུར་མཆོང་། མོ་བ་མགོན་པོ་ཀླུ་སྒྲུབ་དང་བུ་གཉིས་བཅས་ཆུ་ལ་གཏད་དེ་ཤི། སྙ་བཟའ་དང་བུ་མོ་གཉིས་ལྷུན་རྡོར་བཅས་རུ་ནང་དུ་ཡོད་པ། ལྷུན་རྡོར་གྱི་ལག་པ་བཅད་ནས་རྗེས་སུ་ཨ་མཆོག་མའི་ནང་དུ་བསྡད། སྙ་བཟའི་སྣ་བཅད། བུ་མོ་གཉིས་ཆུང་བས་སྐྱོན་མ་བྱས་པར་ཕྱིས་སུ་རེབ་གོང་ཕྱོགས་སུ་འཁྱམས་ནས་སྔགས་རྒན་གཉིས་ཀྱི་མནའ་མ་བྱས། སྔོན་མའི་འཁོན་གྱིས་རྨེའུ་སང་ལ་དམོད་བཅུག ཕྱིས་སུ་རྨེའུ་སང་རིགས་རྒྱུད་མི་འཚམས་པ་དང་རྒྱལ་རྒྱུད་འཛིན་མཁན་དཀོན་པ་ཡང་འདིས་ལན་ཞེས་བཤད་སྲོལ་ཡོད།


བར་སྐབས་ཤིག་ནས་ལྷ་མོ་སྐྱབས་ཀྱིས་རྨེའུ་རུ་བའི་དཔོན་ཚབ་དང་གཉེར་བ་ཉིས་ཆོད་བྱས། འདིའི་སྔ་མའི་རྒྱུད་ཀྱི་ཅ་པ་ལྭ་དགེ་རྨེ་ཁོག་ནས་ཡིན། གནའ་མིའི་བཤད་སྲོལ་ལ་ཅ་བ་ལྭ་དགེ་ས་ཤུལ་ཞིག་ནས་རྙེད་ཅིང་བདུད་ས་སེར་ནག་པོའི་སྐྱེ་བ་ཡིན་ཟེར། དེའི་བུ་ཅ་བ་ཨ་ཞང་ར་རུ་བ་རྨ་ཆུ་ཁ་ན་ཡོད་སྐབས་ཁྱིམ་ཚང་བཅོ་ལྔ་ཚུར་རྨེའུ་རུ་མའི་ནང་དུ་ཡོང་བའི་གྲས་ཡིན། ཕྱིས་སུ་ཅ་བ་ཨ་ཞང་ཁྲོ་ཆུས་དམག་གིས་བསད། ཁོའི་བུ་ལྷ་མོ་སྐྱབས་དང་བློ་བཟང་སྦྱིན་པ་གཉིས་རྨེའུ་སང་གིས་བདག་པོ་བརྒྱབས་ནས་ཁྱིམ་མིར་གྱུར། བློ་བཟང་སྦྱིན་པ་གྲྭ་པ་བྱས། སྔར་རྒྱལ་ཡུམ་དཔལ་ཆེན་དོན་འགྲུབ་མཚོ་རང་ལོ་ཉེར་བདུན་ཐོག་རྗེ་ཡབ་སྲས་གསུམ་དང་འགྲོ་མགོན་ཀིརྟིའི་གསུང་འབུམ་བཀའ་འབུམ་བཞི་ཤིང་པར་དུ་བཞེངས་རྒྱུ་སྐྱབས་མགོན་ངག་གི་དབང་པོའི་སྤྱན་སྔར་ཁས་བླངས་པ་རྐྱེན་དབང་གིས་མ་འགྲུབ་པར་ལུས། སྲས་དཔལ་མགོན་འཕྲིན་ལས་རབ་བརྟན་གྱིས་ཡུམ་གྱི་དགོངས་བཞེད་ལྟར་ཤིང་པར་ལས་གྲྭའི་འགོ་བརྩམས་པའི་ཁ་འཕྲོ་པར་བློ་བཟང་སྦྱིན་པ་བསྐོས་ནས་ལོ་བཅོ་ལྔའི་རིང་འགྲུབ་པར་གནང་། རོང་པོ་རེབ་གོང་ནས་པར་དཔོན་རྩེར་སོན་གདན་ཞུས་བྱས་པས་ཤིང་པར་གཞན་ལས་ཁྱད་འཕགས་ཤིག་ཡིན་པར་བཤད།
ལྷ་མོ་སྐྱབས་ཀྱིས་རྨེའུ་སང་གི་འབྲོག་ཁྱིམ་བཟུང་ནས་གཉེར་བ་དང་རུ་བའི་དཔོན་ཚབ་གནང་། སྔར་རྨེའུ་སང་གིས་དཔོན་གཡོག་གི་ཁྱད་པར་ཤུགས་ཆེན་པོ་ཕྱེས་ནས་ཤ་བཙོས་ན་ཚང་ར་དང་རྩུབ་ཤ་དཔོན་དང་། མགོ་སུག་དང་གློ་མཆིན་གཡོག་པོའི་ཟས་སྐལ་བྱེད་པའི་ལམ་སྲོལ་ངན་པ་ཞིག་ཡོད་པ་ཁོང་གིས་བསྒྱུར་ནས་དཔོན་གཡོག་གི་ཟས་ཆུ་ཟ་མ་གཅིག་གྱུར་བྱས། ཡང་སྔོན་རྨེའུ་སང་ནི་རྒྱ་སྒོའི་ནང་འགྲམ་ནས་རྐུབ་བཀྱག་བསྒྲིགས་པའི་སྟེང་བློན་ཆེན་རྣམས་སྐེ་ལ་གཡུ་བྱུར་གྱི་རྒྱན་ཆ་བཏགས། ལུས་ལ་མཆོར་གོས་གྱོན། ལག་ཏུ་བ་སོའི་ཕྲེང་བ་རགས་མོ་རེ་བཟུང་འགྱིང་ཉམས་བཅས་བསྡད། འབངས་མི་ཞུ་གཏུག་མཁན་ཚོ་དེའི་དཀྱིལ་ནས་འགྲོ་དགོས་པས་བློན་རྣམས་མཐོང་བ་ཙམ་གྱིས་དཔའ་ཞུམ་བྱེད་ལྟ་བུ་ཡོད། སྐབས་ཤིག་ལྷ་མོ་སྐྱབས་རུ་བ་ནས་རྒྱལ་ཁབ་དུ་ཕེབས་དུས་ཚུལ་འདི་འབངས་མི་སེར་གྱིས་གཉའ་བ་གནོན་བྱེད་ཙམ་ལས་དགོས་པ་མེད་པར་དགོངས་ནས། ཉིན་དེར་རྐུབ་བཀྱག་རྣམས་གསེས་ནས་མེ་བསྲེགས་བཏང་། དེ་ནས་བཟུང་བློན་པོ་ཚོས་འབངས་མིའི་ཐོག་སྟག་མོ་ནགས་འགྱིང་གི་ཉམས་དེ་མེད་པར་གྱུར། སྔར་དམར་དམག་རྒྱང་སྐྱོད་སྐབས་རྔ་པའི་ཁོག་ཏུ་རྒྱ་དམག་འབོར་ཆེན་ཡོང་ནས་མི་བསད་རྒྱུ་འཕྲོག་ཚོད་མེད་བྱས་པས་ཡུལ་མི་རྣམས་ཀྱི་རང་གི་ཅ་དངོས་གང་ཐུབ་ཁུར་ནས་རི་མགོར་བྲོས་བྱོལ་ལ་འགྲོ་དགོས་བྱུང་བའི་དུས་ངན་གྱི་སྐབས་འདིར། རྨེའུ་རྒྱལ་ཁང་ནང་གི་རྒྱུ་ནོར་འགངས་ཆེན་རྣམས་ཁྱེར་ཏེ། མི་རབས་སྔོན་མ་ནས་བསགས་པའི་འབྲུ་ནས་རྒྱ་དམག་གི་འཚོ་རྟེན་དུ་འགྱུར་དོགས་ནས་རྒྱལ་མོ་དཔལ་ཆེན་དོན་འགྲུབ་མཚོ་ནས་རྒྱལ་ཁང་བཅས་མེ་བསྲེགས་བཏང་། རྗེས་སུ་ཀིརྟི་དགོན་གྱི་གྲྭ་པ་ཡོངས་རྫོགས་ཤོང་སའི་རྒྱལ་ཁང་ཞིག་བཞེངས་དགོས་གསུངས་ནས་ད་ལྟའི་རྒྱལ་ཁང་འདི་བཞེངས། སྐབས་དེར་མདོ་སྨད་ལྷོ་རྒྱུད་ཕྱོགས་སུ་རྒྱལ་ཁང་འདི་ལས་ཆེ་བ་དང་བརྗིད་ཉམས་ལྡན་པ་ཞིག་མེད་པར་གྲགས། རྒྱལ་བོ་དཔལ་མགོན་འཕྲིན་ལས་རབ་བརྟན་གྱི་སྐུ་རིང་ལ་རྒྱ་ཕྲུག་བཀྲ་ཤིས་ཟེར་བ་བླ་བྲང་དང་མ་འཆམས་པར་རྔ་པར་ཡོང་། ཁོ་རས་གུར་དང་ཁང་བའི་འཆར་འགོད་ལ་མཁས་པས་རྒྱལ་ཁང་ཤིན་ཏུ་རྒྱ་ཆེ་ཞིང་ཁོད་ཡངས་པ། ཤེལ་སྒོ་དང་དྲ་མ་སོགས་དེང་རབས་ཀྱི་ཉམས་དོད་པ་ཞིག་འཆར་འགོད་བྱས་ཏེ་རྒྱལ་པོར་སྤྱན་འབུལ་ཞུས་པ། རྒྱལ་པོས་བཞེངས་རྒྱུའི་ཞལ་བཞེས་མཛད་དེ་ཁྲལ་ལས་བསྐུལ་ནས་རྡོ་དང་ཤིང་གཅོད་རྒྱུའི་ལས་གྲྭའི་འགོ་བརྩམས། སྐབས་དེར་ལྷ་མོ་སྐྱབས་རུ་བ་ཡོད་པས་གསན་ཏེ་རྒྱལ་པོའི་མདུན་དུ་བཅར་ནས་ཁྱེད་མི་གཅིག་རྒྱལ་ཁང་འདིར་མི་ཤོང་བ་མེད། མ་ཟད་རྒྱལ་ཁང་བཞེངས་ནས་ལོ་མང་པོ་འགོར་མེད་སྟབས་རྙིང་ཁོག་ཀྱང་ཆགས་མེད། འདི་བཞེངས་རྒྱུའི་ཆེད་འབངས་མིས་ལོ་ཤས་རིང་རྒྱུ་ཚེགས་ཀྱི་དཀའ་ལས་མང་དུ་མྱངས་ཡོད། རྒྱལ་ཁང་གསར་པ་འདི་འདྲིའི་རྒྱ་ཆེ་བ་ཞིག་བཞེངས་དགོས་ན་འབངས་མིས་དཀའ་ངལ་ཚད་མེད་མྱང་དགོས་པས་རྒྱལ་པོ་རང་གིས་སྣང་བར་གང་དྲན་མི་བྱེད་པར་འབངས་མིར་ངེས་པར་བསམ་ཤེས་བྱེད་དགོས་ཞེས་བཀའ་བཀྱོན་གནང་ནས་རྒྱལ་ཁང་གསར་བཞེངས་ཀྱི་ལས་གྲྭའི་མཚམས་འཇོག་བྱེད་བཅུག་པས་འབངས་མིས་སྡུག་བསྔལ་གྱི་ཕ་བོང་ཆེན་པོ་དེ་ཁུར་མི་དགོས་པ་བྱས། རུ་བའི་ནང་ཁྱིམ་ཚང་རེར་ཤི་ཆད་བྱུང་ན་ཁོང་ཐེངས་གཅིག་ངེས་པར་ཕེབས་ཏེ་ཁ་བཏགས་དང་མཆོད་མེའི་དོད་གནང་ནས་སེམས་གསོ་མང་ཙམ་བྱེད། རྒྱལ་ཁང་དཀོར་མཛོད་ལས་ཅ་དངོས་གང་ཞིག་གཏོང་ལེན་དང་བདེ་སྤྱོད་དགོས་ཚེ་གཉེར་བ་ལྷ་མོ་སྐྱབས་ཀྱིས་བཀའ་འཁྲོལ་མེད་པར་གང་བྱུང་རྒྱལ་པོས་ཀྱང་གཏོང་མི་ཆོག་པ་ཡིན། ཁོང་རྨེའུ་སང་གི་རྒྱལ་སྲིད་ལ་ཤ་ཚ་གློ་དཀར་དང་འབངས་མི་སེར་ལ་བྱམས་སྐྱོང་ཚད་མེད་གནང་མཁན་ཞིག་ཡིིན་པས་མགོ་རྒྱལ་པོ་དང་བློན་པོ་ནས་བཟུང་རྩི་མཐོང་མི་བྱེད་མཁན་གཅིག་ཀྱང་མེད། རྒྱལ་སྲིད་དང་འབངས་མིའི་བདེ་སྡུག་དོན་དུ་རྒྱལ་པོ་ལའང་བཀའ་བཀྱོན་ལན་མང་གནང་མྱོང་བར་བཤད། དེ་ལྟར་ཁོང་གིས་མི་ཚེ་གང་བོར་ཁྱིམ་ཐབ་ཀྱང་མ་བཟུང་བར་མི་རྐྱང་ཧྲེང་ཧྲེང་ངང་ནས་རྨེའུ་རྒྱལ་སྲིད་དང་འབངས་མི་ལ་ཕན་པའི་ཕྱག་ལས་ཤ་སྟག་གནང་། བཅོས་བསྒྱུར་སྐབས་མནར་བཅོད་ཚད་མེད་མྱོངས་ཏེ་མཐར་ཟས་བཀག་གི་ནད་ཀྱིས་འབར་ཁམས་ནས་གྲོངས། གཞན་ཕུན་ཚོགས་ཤ་བ་རུ་དང་སྐྱགས་དཔེ་འཇིགས་མེད་སོགས་ཀྱིས་གཉེར་བ་དང་དཔོན་ཚབ་བྱས་རབས་ཡོད་ཀྱང་ལོ་རྒྱུས་དང་གོ་རིམ་གསལ་བོ་མ་ངེས་པས་རེ་ཞིག་བཞག་གོ།

གསུམ་པ། སྡོད་སྒར་དང་ཡུལ་ཆོས་སྐོར་བཤད་པ།

མཁན་པོའི་སྒར། སྒར་འདིར་རུ་བའི་མཁན་པོ་བཞུགས་གནས་སུ་རས་གུར་ཕུབ་ཡོད་པས་མཁན་པོའི་སྒར་ཟེར། རས་གུར་འདིའི་མཐའ་འཁོར་ན་དུད་ཚང་ཉི་ཤུ་ལྷག་གིས་བསྐོར་ནས་ཡོད་པ་ལ་མཁན་པོའི་རུ་བ་ཡང་ཟེར། སྒར་ཁ་འདིར་དུད་ཚང་གཏན་སྡོད་བྱེད་མཁན་ཡོད་ཀྱང་འགའ་ཤས་ལོ་རེ་བཞིན་མོ་འཁྱུག་རྩིས་ལོག་བྱུང་བའམ་ནད་མནར་ཤི་ཆད་བྱུང་རིགས་ལོ་ཀེག་དང་ཟླ་ཀེག་སེལ་ཆེད་མཁན་པོའི་གུར་ལ་ཕྱག་སྐོར་བྱ་བར་མཁན་པོའི་སྒར་དུ་བབས་པའང་ཡོད། འདིའི་རིགས་ལོ་གྲངས་དང་ཟླ་གྲངས་ཚང་ཕྱིར་རང་གི་ཚོ་ཕྲན་ནང་འགྲོ་དགོས། རུ་བའི་མཁན་པོ་རྔ་པ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ནས་གཏོང་སྲོལ་ཡོད། སྔར་འགྲིམ་འགྲུལ་སྟབས་བདེ་མེད་སྐབས་བླ་མ་དང་གྲྭ་ཚང་གི་ཚབ་བྱས་ནས་ཆོས་ཕྱོགས་ཀྱི་མཛད་པ་སྐྱོང་མཁན་གཙོ་བོ་ཡིན། རྨེའུ་རུ་ཚོ་བ་བརྒྱད་ཀྱི་ནང་ཤི་ཆད་བྱུང་རིགས་ཀྱི་སྔས་བླར་ཕེབས་དགོས་པ་མ་ཟད། རྨེའུ་རུ་མ་དང་སྐྱིད་སྡུག་གཅིག་པའི་ཤོག་སྨད་པའི་སྒེ་ལི་བ་དོ་སོགས་ལའང་ཕེབས་དགོས་པ་ཡིན།

ལྷ་གུར། གུར་འདི་སོག་པོ་ནས་དར་བའི་ཕྱིང་གུར་དབྱིབས་ཟླུམ་པོའི་རིགས་དེ་ཡིན། འདིའི་ནང་དུ་བཀའ་འགྱུར་དང་བསྟན་འགྱུར་གྱིས་མཚོན་པའི་གསུང་རབ་གྲངས་མེད་དང་། གསེར་དངུལ་གྱི་སྐུ་འདྲ། ཐང་ཀ མཆོད་ཆས་སོགས་ཕུན་སུམ་ཚོགས་པ་ཡོད། གུར་འདིའི་ཕྱི་ནང་གི་རྟེན་རྫས་ཡོངས་རྫོགས་ལ་མཛོ་ཁལ་ལྔ་ཅུ་ལྷག་ཡོད་པར་གྲགས། ལྷ་གུར་འདིའི་ནང་གདོང་རི་དགོན་པ་ནས་ཕེབས་པའི་རུ་བའི་གསོལ་ཁ་བ་བཞུགས་ཏེ་རྒྱུན་གསོལ་དང་རྒྱུན་བསང་བྱེད། ལོ་རེའི་དབྱར་ཐོག་ལ་གདོང་རི་དགོན་གྱི་མགོ་དགེ་སྐུལ་དང་དབུ་མཛད་ནས་བཟུང་ཕེབས་ཏེ་ལོ་གཅིག་གི་རིང་ཞབས་རིམ་གང་དགོས་དུས་སྐབས་འདིར་ལྷ་གུར་ནང་སྒྲུབ་སྲོལ་ཡོད། སྤྱིར་རྨེའུ་སང་གི་རུ་གྲོང་གཉིས་ཀའི་གསོལ་ཁ་བ་གདོང་རི་དགོན་ཁོ་ན་ནས་གཏོང་སྲོལ་ཡོད་པར་གྲགས།

སྦྲ་རྒན་མ། སྦྲ་རྒན་མ་ནི་གོང་དུ་ཞུས་པའི་ལྷ་གུར་གྱི་འགྲམ་ན་ཡོད་ལ། འདིའི་ནང་རྨེའུ་སང་གི་རུ་བའི་རྒྱུ་ནོར་དང་མར་ཆུར་བརྩིགས་ཡོད། རྒྱུན་དུ་རུ་བའི་འཛིན་སྐྱོང་བྱེད་མཁན་གཉེར་བ་བཞུགས་ཏེ་རྨེའུ་སང་ལ་ཕྱི་འབྲོག་ནས་མགྲོན་པོ་དང་གཏུག་མཁན་གང་ཡོད་སྦྲ་རྒན་མའི་ནང་དུ་སྣེ་ལེན་བྱེད། སྐབས་རེ་དབྱར་ཐོག་གནམ་གཤིས་སྐྱིད་དུས་རྨེའུ་རྒྱལ་མོ་རྒྱལ་སྲས་གཡོག་འཁོར་བཅས་འབྲོག་ཏུ་ཕེབས་ནས་གང་ཙམ་འདུག་སྐབས་བཞུགས་གནས་ཀྱང་འདིར་གྲ་སྒྲིག་བྱེད་པ་ཡིན། རུ་སྤོར་སྐབས་སྦྲ་རྒན་མའི་ཕྱེད་ཀ་སྣ་རི་བོར་བལྟབས་ནས་མཛོ་ཁལ་མ་གཉིས་གཤིབས་པའི་སྟེང་བཀལ་དགོས། ས་ཐག་རིང་ཙམ་འགྲོ་དགོས་ཚེ་མཛོ་ཁལ་མ་གཞན་གཉིས་ཀྱིས་བརྗེ་སྤོར་མ་བྱས་པར་ཐེག་དཀའ་བས་སྦྲ་རྒན་མ་གཅིག་པུ་འགེལ་ས་མཛོ་ཁལ་མ་བརྒྱད་གྲ་སྒྲིག་བྱེད་དགོས་པ་བཅས་ཡིན།

དཀར་ལས་ཁང་། འདི་ནི་སྦྲ་རྒན་མ་ལས་ལྡབ་ཤས་ཀྱིས་ཆུང་བའི་སྦྲ་ནག་ཅིག་ཡིན་ལ། ནང་དུ་རྨེའུ་སང་གི་རུ་བའི་གཡོག་པོ་གཡོག་མོ་རྣམས་བསྡད་ནས་དཀར་ལས་བྱེད། ལོ་རེ་ཁྲི་མར་གཉིས་ལྷག་ཡོད་པར་གྲགས། རྒྱལ་ཁང་ལ་མར་ཕྱུར་འོ་ཞོ་གང་དགོས་དཀར་ལས་ཁང་འདི་ནས་སྐྱེལ་བ་ལས་འབྲོག་སྡེ་ནས་ཤ་མར་འོ་ཞོ་སོགས་ཀྱི་ཁྲལ་གང་ཡང་མི་དགོས། གཡོག་པོ་དང་གཡོག་མོ་མང་ཕྱོགས་གླ་སྤྲད་དེ་འཆང་བ་ཡིན་ཡང་། ཉེས་ཆད་ཕོག་པས་ལོ་དང་ཟླ་བའི་གྲངས་ཚད་ལྟར་ལས་གཡོག་ལ་ཡོང་བའང་འགའ་ཤས་ཡོད། རྨེའུ་སང་གི་དགུན་རྭར་སྡོད་ཁང་བརྒྱག་རྒྱུ་བྱས་ཀྱང་མོ་མ་ལེགས་པས་དབྱར་དགུན་སྟོན་དཔྱིད་བཅས་སོ་སོར་སྦྲ་ཕུབ་པ་ལས་ཁང་བ་མེད། རུ་སྐྱེལ་སྤོར་སྐབས་ཚོ་ཁག་རྣམས་ལོ་རེ་བཞིན་རེས་མོས་བྱས་ཏེ་ཁལ་མ་དེད་ནས་འགེལ་བར་འགྲོ་དགོས་པར་མ་ཟད། རྨེའུ་རུ་མ་དང་སྐྱིད་སྡུག་གཅིག་པའི་ཤོག་སྨད་མའི་ཚོ་ཁག་རྣམས་ཀྱང་འགྲོ་དགོས། ཕྱིས་སུ་ཤོག་སྨད་མའི་ཚོ་ཁག་ཚོས་ཁྱིམ་ཚབ་བཞག་ན་འགྲོ་མི་དགོས་པ་བྱས་ཏེ། རུ་འཐོར་ཕྱོགས་ཡོང་བ་མཐུན་རྐྱེན་ཞན་པ་ཚོར་སྦྲ་དང་ཟངས་པ་སྤྲད་ནས་འབྲོག་ཁྱིམ་ཕུབ་བཅུག་ནས་ཁྱིམ་རེ་རེའི་ཚབ་བཙལ་ཏེ་རིམ་པས་ཆ་ཚང་རུ་བའི་ནང་ལས་གྲལ་དུ་ཡོང་མི་དགོས་པར་ཆགས། རྨེའུ་སང་གི་རུ་བའི་མཚེར་ས་སྤོ་བར་ཁལ་བདུན་བརྒྱ་ལྷག་ཡོད་པར་གྲགས་སོ། །


རུ་བའི་སྨྱུང་ཆེན། ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་སྨྱུང་ཆེན་གྱི་ཐབ་ཀ་འཛིན། ཉིན་དེར་སྨྱུང་ཆེན་སྤྱི་བ་གཉིས་ཀྱིས་མར་ཕྱུར་གྲོ་ཕྱེ་སོགས་བགོས་ཏེ། ཚེས་བཅུ་བཞི་ནས་ཉིན་བདུན་རིང་སོ་སོའི་ནུས་ཚོད་ལྟར་ངག་བཅད་དང་དགོང་བཅད་སོགས་བྱས་ཏེ་མཎི་བགྲངས་ནས་དགེ་བའི་ལས་ཁོ་ནར་འབད། ལོ་རེ་ཉིན་ལྟར་བསྣན་ནས་ཉིན་བཅུ་དང་བཅོ་ལྔ་ལའང་འཚོགས་དགོས་པ་ཡོད། ར་ནག་གཉིས་རྨེའུ་སང་གི་ཕྱིང་དཀར་དཀྲིས་པའི་ནང་སྙིང་དང་། སྦྲ་གུར་ཕུབ་པའི་སྒ་ཤིང་ཡིན་ཟེར་ནས་སྨྱུང་ཆེན་དང་ཚེ་སྲུང་གདུགས་དཀར་གཉིས་ལ་ར་ནག་གཉིས་ཀྱིས་རྐང་ལེན་སྲོལ་ཡོད།


གླང་ཟླའི་བཞི་རྒྱལ། བོད་ཟླ་ལྔ་པའི་ཚེས་བཞིའི་ཉིན་རུ་བས་བྲག་དཀར་ལ་བཙས་བསྟོད་སྲོལ་ཡོད། འདིའི་ཐོག་རྨེའུ་རྒྱལ་བོ་ཁོང་རྒྱུན་པར་ཕེབས་སྲོལ་ཡོད། ལ་བཙས་བསྟོད་ཚར་ན་བྲག་དཀར་ཐང་ནས་རྨེའུ་རུ་ཚོ་བ་བརྒྱད་ཁག་གཉིས་སུ་བགོས་ཏེ་ཕྱོགས་གཅིག་རྨེའུ་རྒྱལ་བོ་དང་ཕྱོགས་གཅིག་རྨེའུ་ལྷ་མོ་སྐྱབས་བྱས་ནས་རྟའི་ཐར་རྩལ་བསྡུར་བ་སོགས་རྒྱལ་འབངས་མཉམ་དུ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ། དགོང་མོ་རྒྱལ་བོ་རྒྱལ་ཁང་དུ་ཕེབས་པ་བཅས་ཡིན་ནོ། ཞེས་རྨེའུ་རུ་མ་ཚོ་བ་བརྒྱད་ཀྱི་ལོ་རྒྱུས་སྤྱི་བམ་ཙམ་བཀོད་པ་ལས། ནང་གསེས་བྲང་སྐོར་མ་དང་། ཚུགས་མ་རུ་བ། བེ་ལེ་རུ་བ། ཉག་སྐོར་མ་སོགས་རུ་སྐོར་ཆུང་བ་མང་དུ་ཡོད་ཀྱང་དེ་དག་གི་ལོ་རྒྱུས་དང་བྱུང་རིམ་གསལ་པོ་མ་ངེས་པས་འབྲི་སྤོབས་མ་བྱུང་། སྤྱིར་ལོ་རྒྱུས་ཀྱི་རིགས་ནི་སྙན་ངག་ལྟར་བསམ་གཞིག་དང་ཚོར་སྣང་གིས་འབྲི་རྒྱུ་མ་ཡིན་པར་དངོས་དོན་ལ་ཞིབ་འཇུག་བྱེད་དགོས་པས་དཔྱད་གཞིའི་ཡིག་ཆ་དང་རྒན་རབས་ཀྱི་ངག་རྒྱུན་མེད་ན་མིང་ཙམ་དུ་བསྡད་པ་ལས་དོན་འཚོལ་ཐབས་མེད་དེ། མདོ་སྨད་ཆོས་འབྱུང་རྩོམ་པ་པོ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས། སྤྱིར་ལོ་རྒྱུས་ཀྱི་རིགས་འདི་ལ་བཀའ་བསྟན་ཚད་མ་དཔང་པོ་བྱེད་པ་དང་། མདོ་རྒྱུད་མན་ངག་ལ་ཁུངས་བཅོལ་དུ་མེད་པས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་དཔྱད་བཟོད་དུ་གྲུབ་པ་ཤིན་ཏུ་དཀའ་བས་དཔྱོད་ལྡན་རྣམ་པས་ལོ་རྒྱུས་ཆད་པ་ཁ་བསྐོང་དང་ནོར་བ་གང་ཡོད་ལེགས་པར་འཆོས་རིགས་སོ། །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.