མཐའ་མ་དར་རྒྱས།

༄༅།། བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་འགྲོ་ལ་བསྟན་ཅིང་འཛིན་པའི་རླབས། །དུས་ཀྱི་མཐར་ཡང་འཇིགས་མེད་སྤོབས་པ་སྲིད་གསུམ་མཁའ་རུ་འཕྱོ་བ་ཡི། །རབ་འབྱམས་བདེ་གཤེགས་ཡེ་ཤེས་སྙིང་བོ་ངུར་སྨྲིག་གར་གྱི་རྣམ་རོལ་བ། །སྙིང་རྗེ་རྒྱ་མཚོ་དུས་ལས་གཡོལ་མེད་ྋསྐྱབས་གཅིག་བསྟན་པའི་སྒྲོན་མེས་སྐྱོངས། །
         ཞེས་ཡུལ་ཁྱད་པར་ཅན་ཚེ་རབས་གཏན་གྱི་སྐྱབས་མཆོག་ྋརོང་ཆེན་བསྟན་པའི་སྒྲོན་མེ་ཞེས་མཁས་པ་དང་གྲུབ་པའི་དབང་པོ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ྋཡབ་རྗེ་བླ་མ་རིན་པོ་ཆེར་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ་འཆད་པར་བྱ་བ་ནི། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་སྐོར་ཡིན་ལ། དེ་ལ་སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་སོགས་མང་དུ་གསུངས་ཤིང་། འདིར་བཤད་པ་ནི་མངོན་རྟོོགས་རྒྱན་ལས། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས་པའི་སྙིང་རྗེ་ཆེན་པོ་དང་། མངོན་པ་ཀུན་བཏུས་སུ། སྙིང་རྗེ་གང་ཞེ་ན། ཞེས་སོགས་སྙིང་རྗེ་ཚད་མེད་བཤད་པ་གཙོ་བོར་བཟུང་སྟེ་བརྗེད་ཐོ་ཙམ་འགོད་པར་འདོད་དོ། །


         དང་པོ། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་ཀྱི་ངོ་བོའམ་མཚན་ཉིད་འཇོག་པ་ལ། སྙིང་རྗེ་ཆེན་པོ་ལ། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་དང་མཐའ་དཔྱོད་གཉིས་ལས་རིམ་པ་བཞིན། དང་པོ་ངོ་བོ་བཤད་དུ་ཡོད་དེ། སེམས་ཅན་མར་ཤེས་པ་སོགས་བཞི་ལ་བློ་སྦྱོང་བ་སྔོན་དུ་བཏང་ནས་དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་འདོད་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། ཞེས་གསུངས། རང་ལུགས་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བརྩེ་བ་དེ། སྙིང་རྗེ་ཆེན་པོའི་མཚན་ཉིད། ཅེས་གསུངས་ཤིང་། སྙིང་རྗེ་ཚད་མེད་ལའང་། པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་མཐའ་དཔྱོད་ལས། དེ་ལ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་རིགས་སུ་གནས་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དེ། སྙིང་རྗེ་ཚད་མེད་ཀྱི་མཚན་ཉིད། ཅེས་གསུངས་སོ། གོང་དུ་བཤད་པའི་དབུ་མའི་སྤྱི་དོན་ལས་སྙིང་རྗེ་ཆེན་པོའི་ངོ་བོ་བཞག་པ་དེ་ལ་སྙིང་རྗེ་ཆེན་པོ་ཡིན་ན། སེམས་ཅན་མར་ཤེས་པ་སོགས་བཞི་ལ་བློ་སྦྱོང་བ་སྔོོན་དུ་བཏང་བས་མ་ཁྱབ་བམ་སྙམ་སྟེ། བདག་གཞན་མཉམ་བརྗེ་ལ་བློ་སྦྱོང་བ་མ་གཏོགས་མན་ངག་བདུན་གྱི་སྒོ་ནས་བློ་མི་སྦྱོང་བ་ཡོད་པའི་ཕྱིར་སྙམ་སྟེ་དཔྱད་དོ། ད་དུང་སྙིང་རྗེ་ཚད་མེད་ཀྱི་མཚན་ཉིད་ལ། རྟ་ནག་དགེ་འདུན་བློ་བཟང་གིས། ཚད་མེད་བཞིའི་ནང་ཚན་གང་ཞིག་རང་གི་བདག་རྐྱེན་དུ་གྱུར་བའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་ཡུལ་དུ་གྱུར་བའི་སེམས་ཅན་ཚད་མེད་པ་སྡུག་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱིས་རབ་ཏུ་ཕྱེ་བའི་སེམས་བྱུང་དེ། སྙིང་རྗེ་ཚད་མེད་ཀྱི་ངོ་བོ་ཡིན། ཞེས་གསུངས་ཤིང་། འདི་དང་གོང་གི་ཕར་ཕྱིན་མཐའ་དཔྱོད་ལས་དྲངས་པ་གཉིས་ཀ་ཀུན་བཏུས་ལས་བཤད་པའི་སྙིང་རྗེ་ཚད་མེད་ཀྱི་ངོ་བོ་འམ་མཚན་ཉིད་དུ་འདོད། དེས་ན་སྤྱིར་སྙིང་རྗེ་ཚད་མེད་ལ་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཞིག་མི་དགོས་པ་མཛོད་རྩ་འགྲེལ་དང་། བསླབ་བཏུས་ཁུངས་སུ་བྱས་ཏེ་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་ཞེ་སྡང་མེད་པའི་དགེ་རྩ་དང་རྣམ་པར་མི་འཚེ་བ་ཅི་རིགས་ཞེས་ལམ་རིམ་བརྗེད་བྱང་དུ་བཤད་པ་ལྟར་བྱ། ཚད་མེད་བཞིའི་སྒྲ་བཤད་ལ་འབུམ་གྱི་གནོད་འཇོམས་དང་ཡབ་སྲས་ཀྱི་ཡིག་ཆ་སོགས་ལས་བཤད་པ་རྣམས་འདིར་མ་བྲིས་ལ། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་དེའི་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །ཞེས་སོགས་ཀྱི་ཚད་མེད་བཞི་ལ་ངོ་བོ། དམིགས་རྣམ། སྒྲ་དོན། དབྱེ་བ་བཅས་ཀྱི་སྒོ་ནས་བཤད་པར་གསེར་ཕྲེང་སོགས་ལས་གསུངས་སོ། །འོ་ན། ཀུན་བཏུས་ལས། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། ཞེས་དང་། ཀུན་བཏུས་དར་ཊིཀ་ལས། སྙིང་རྗེ་ཚད་མེད་སོགས་སེམས་ཅན་ཐམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་སོགས་སུ་བཤད་པ་ཅི་ཞེ་ན། ཕྱི་མ་ནི་པཎ་ཆེན་བསོད་ནམས་གྲགས་པའི་ཀུན་བཏུས་དཀའ་འགྲེལ་དུ། འཇུག་ཊིཀ་ཆེན་མོའི་ལུང་དྲངས་བའི་མཇུག་དེར། རྣམ་བཤད་འདིར་སེམས་ཅན་ཐམས་ཅད་ཅེས་བྱུང་བ་སེམས་ཅན་ཚད་མེད་པ་ལ་སྦྱར་ནས་རྒྱ་ཆེ་ཆུང་གི་ཁྱད་པར་ཕྱེ་ན་རུང་ངམ་སྙམ་སྟེ་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་འཐད་ཅིང་། སྔ་མ་ནི། གུང་ཐང་བློ་གྲོས་ཀྱིས། ཀུན་བཏུས་ལས། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་པས་གྲོགས་བསྟན་གྱི་ངོ་བོ་བསྟན་པ་མིན་ནོ། ཞེས་གསུངས་པས་ཀུན་བཏུས་ཀྱི་ཚིག་ཟིན་ཙམ་ལ་བརྟེན་ནས་སྙིང་རྗེ་ཚད་མེད་ལ་སེམས་དང་སེམས་བྱུང་གཉིས་རེ་འདོད་པ་མི་ལེགས་སོ། །


              གཉིས་པ། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་ལ་མུ་བཞི་ཡོད་མེད་ཇི་ལྟར་ཡིན་ཞེ་ན། པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་དང་མཐའ་དཔྱོད་གཉིས་ཀར་མུ་བཞིར་གསུངས་ཤིང་། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་མ་ཐོབ་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ལྟ་བུ་གཉིས་ཀ་ཡིན་པའི་མུར་མཛད་ལ། འདིར་ཡང་སྙིང་རྗེ་ཆེན་པོ་དང་ཀུན་བཏུས་ལས་བཤད་པའི་སྙིང་རྗེ་ཚད་མེད་ལ་མུ་བཞིར་བཞག་པ་ལས་སྤྱིར་སྙིང་རྗེ་ཚད་མེད་ལ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་པ་ཞིག་མི་དགོས་པ་ནི་ལམ་རིམ་བརྗེད་བྱང་ལས་མཛོད་རྩ་འགྲེལ་དང་བསླབ་བཏུས་ལྟར་ངོ་བོ་བཞག་པ་ལས་ཀྱང་ཤེས་པར་ནུས་སོ། །འོ་ན། པཎ་ཆེན་བསོད་ནམས་གྲགས་པས་ཕར་ཕྱིིན་མཐའ་དཔྱོད་དུ་སྙིང་རྗེ་ཚད་མེད་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དགོས་པར་གསུངས་ལ་སྙིང་རྗེ་ནི་དགེ་བ་བཅུ་གཅིག་གི་ནང་ཚན་དུ་གྱུར་པའི་རྣམ་པར་མི་འཚེ་བ་ཡིན་ཞིང་། ཏིང་ངེ་འཛིན་དང་ཤེས་རབ་ནི་ཡུལ་ངེས་ལྔའི་ནང་ཚན་ཡིན་པས་སེམས་བྱུང་སོ་སོ་བ་གཉིས་གཞི་མཐུན་དུ་འདུ་བ་མེད་པའི་ཕྱིར་ཏེ། པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་བདེན་བཞིའི་མཐའ་དཔྱོད་ལས། ལས་དང་ཉོན་མོངས་འགལ་བའི་ཕྱིར་ཏེ། དེ་གཉིས་སེམས་བྱུང་སོ་སོ་བ་ཡིན་པའི་ཕྱིར། ཞེས་གསུངས་པས་སོ་ཞེ་ན། དེ་ནི་ཁྱོད་གཉིས་སེམས་བྱུང་སོ་སོ་བ་ཡིན་ན། ཁྱོད་གཉིས་འགལ་བས་ཁྱབ་པ་སྟོན་པ་མ་ཡིན་གྱི་ལས་དང་ཉོན་མོངས་གཉིས་སེམས་བྱུང་སོ་སོ་བ་ཡིན་པའི་རྒྱུ་མཚན་གྱིས་ལས་ཉོན་གཉིས་འགལ་བར་སྟོན་པ་སྟེ། སྤྱི་ཁྱབ་དང་སྒོས་ཁྱབ་ཀྱི་ཁྱད་ཙམ་ཨེ་ཡིན་སྙམ་སྟེ་དཔྱད་པར་བྱའོ། ཡང་ན། སེམས་བྱུང་སོ་སོ་བ་ཞེས་པ་སེམས་བྱུུང་སྡེ་ཚན་སོ་སོ་བའམ་སེམས་བྱུང་ཐ་དད་པ་ཙམ་ལ་བྱེད་དགོས་སམ་དེ་ལས་གཞན་དུ་བཤད་དགོས་ཀྱང་དཔྱད་པར་བྱ་བའི་གནས་སུ་མཐོང་ངོ་། སྙིང་རྗེ་ཚད་མེད་སོགས་སྐྱེ་བའི་རྟེན་གྱི་གང་ཟག་ནི། ཀུན་བཏུས་ལས་དངོས་སུ་གསུངས་པ་ལྟར་ཕྱི་རོལ་བ་དང་ཉན་ཐོས། བྱང་སེམས་སོགས་ཡོད་པ་འགྲེལ་པ་རྣམས་སུའང་བཤད་པས་འདིར་མ་སྤྲོས་སོ། །


སྨྲས་པ། འབད་པའི་ལེགས་བྱས་དཀར་པོའི་མདངས། །དུང་དང་མཚུངས་པ་ཅི་མཆིས་པས། །ཚེ་རབས་ཀུན་ཏུ་སྙིང་རྗེ་དང་། །འབྲལ་མེད་བཤེས་ཀྱིས་རྗེས་འཛིན་ཤོག །

ཟུར་བལྟའི་ཡིག་ཆ།
༡༽ ལེགས་བཤད་གསེར་ཕྲེང་།
༢༽ རྟོགས་དཀའི་སྣང་བ།
༣༽ ཀུན་བཏུས་དར་ཊིཀ
༤༽ ཀུན་བཏུས་དཀའ་འགྲེལ།
༥༽ པཎ་ཆེན་བསོད་གྲགས་ཀྱི་དབུ་མའི་སྤྱི་མཐའ།
༦༽ དེའི་ཕར་ཕྱིན་སྤྱི་མཐའ།
༧༽ གུང་ཐང་བློ་གྲོས་ཀྱི་འགྲེལ་མཆན།
༨༽ ཚེ་ཏན་ཞབས་དྲུང་གི་ལམ་རིམ་བརྗེད་བྱང་།
༩༽ རྟ་ནག་རྣམ་འགྲེལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.