2022.6.31༄༅།། དེ་རིང་འདིར་བྱང་ཨ་རིའི་ཁུལ་དུ་ཡོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་དང་འབྲེལ་ཡོད་མང་ཚོགས་རྣམས་ང་ཕེབས་སྐྱེལ་གྱི་ཆེད་དུ་འཛོམས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ད་ཐེངས་ཨ་རིར་མ་ཡོང་བའི་སྔོན་ཟླ་བ་གཅིག་གཉིས་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་གང་ཅིའི་ཐད་ནས་རྣམ་པ་ཚོས་མ་སྐུལ་དྭངས་བླངས་ཀྱིས་གྲ་སྒྲིག་རྒྱ་ཆེན་པོ་ཞིག་བྱས་འདུགཨ་རིར་ཡོད་མཁན་ཚོ་ཡིན་ནའང་ཉི་མ་དང་ཆུ་ཚོད་རེ་རེ་བཞིན་དཀའ་ལས་བརྒྱབ་ནས་དངུལ་གསོག་དགོས་པ་ཡིན་དུས།དངུལ་གསོག་རྒྱུ་ལས་སླ་པོ་ཞིག་གཏན་ནས་མེད་ནའང་ཁྱེད་ཚོས་རྒྱུ་ནོར་ལ་སེར་སྣ་མེད་པའི་ཐོག་ནས་ལྷག་བསམ་རྣམ་དག་གིས་འགྲོ་སོང་བཏང་། མི་མང་པོ་ཞིག་གིས་ང་བསྡད་ཚེའི་རིང་རང་རང་གི་ལས་ཀ་ནས་དགོངས་པ་ཞུས་ཏེ་ངའི་རྗེས་ལ་ཡོང་སྟེ་རོགས་པ་གང་ཡོང་བྱས་བྱུང་། འདི་དག་ཡོངས་རྫོགས་ཤ་ཚ་དང་ལྷག་བསམ་རྣམ་དག་གིས་བྱས་པ་ཡིན་དུས།ཁྱེད་ཚོ་འགྲོ་སོང་གཏོང་མཁན་ཡིན་ཤག་དང་ང་ཚོ་ཟ་མཁན་ཡིན་ཤག་ལྟ་བུ་བྱས་པ་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ད་ལོ་མདོ་སྨད་སྤྱི་པའི་ཐོག་ནས་ང་ལ་གསེར་གྱི་གཟེངས་རྟགས་ཤིག་གནང་སོང་། དེ་བཞིན་དུ་ཨ་རིར་ཡོད་པའི་མདོ་སྨད་མང་ཚོགས་ཀྱི་ངོས་ནས་ཀྱང་གསེར་གྱི་གཟེངས་རྟགས་ཤིག་གནང་བ་རེད།འདི་ལྟར་ང་ལ་སྔ་ཕྱི་བྱས་ནས་གཟེངས་རྟགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི།ངའི་བྱས་རྗེས་ལ་ངོས་འཛིན་ཡག་པོ་གནང་བ་ཞིག་རེད། གཞན་གྱིས་ངོས་འཛིན་ཡག་པོ་ཐོབ་པའི་ངའི་བྱས་རྗེས་གང་ཡོད་ཐམས་ཅད་ཁྱེད་ཚོ་འབྲེལ་ཡོད་མི་མང་གི་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས།ང་མི་གཅིག་རྐྱང་པས་བྱས་པ་དང་ངས་འཇོན་པ་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་མིན། བོད་གཞིས་བྱེས་གཉིས་ཀའི་འབྲེལ་ཡོད་དགོན་གྲོང་མང་ཚོགས་དང་བཅས་པས་ངས་གང་བཤད་པ་ལ་ཉན། དེ་དག་ཉན་པ་ཙམ་དུ་མ་བཞག་པར་རང་རང་གི་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱས་པ་རེད། ཁྱེད་རང་ཚོ་ལ་མཚོན་ན་ཐོག་མཐའ་བར་གསུམ་དུ་གནས་ཚུལ་གང་ཞིག་གི་ཐོག་ཏུ་ཡིན་ནའང་རྒྱབ་སྐྱོར་གཙང་མ་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས།དེ་རིང་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

 

ང་ད་ལོ་ལོ་བརྒྱད་ཅུ་གྱ་གཅིག་ལ་སླེབས་ཡོད།འདས་པའི་ལོ་མང་པོ་འདི་དག་གི་རིང་ལ་ཀིརྟི་ཚང་གི་བླ་སློབ་ཡོངས་རྫོགས་ཀྱིས་ག་ལེར་ག་ལེར་བྱས་ཏེ། གསེར་ས་འོག་ན་ཡོད་ན།འོད་ནམ་མཁའ་ལ་ཐོན།ཞེས་པའི་དཔེ་ལྟར། བོད་ནང་དུ་ཡིན་ནའང་འབྲེལ་ཡོད་དགོན་པ་གྲྭ་ཚང་དེ་དག་གི་གཟི་བརྗིད་འབར་ཏེ་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་ནས་འགྲན་ཟླ་མེད་པ་ལྟ་བུ་ཞིག་ཆགས་ཡོང་གི་ཡོད།དེ་བཞིན་དུ་བོད་ཕྱི་ལོགས་སུ་ཡིན་ནའང་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་རྫོགས་མཉམ་རུབ་དང་། ཕན་ཚུན་ཡིད་ཆེས་དང་བརྩེ་བ། རོགས་རམ་གནང་ཕྱོགས་གང་ཅིའི་ཆ་ནས་འགྲན་ཟླ་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཏེ། ཡག་པོ་འདུག་ཅེས་བསྟོད་བསྔགས་བྱ་དགོས་སའི་གནས་སྟངས་ཤིག་གི་ཐོག་ལ་སླེབས་ཐུབ་ཡོད། འདི་ལྟར་འབྲེལ་ཡོད་དགོན་གྲོང་ཡོངས་རྫོགས་ཀྱི་གནས་སྟངས་གང་འཚམས་ཡག་པོ་བྱུང་དང་འབྱུང་བཞིན་པ་ནི། ཁྱེད་རྣམ་པ་ཡོངས་རྫོགས་ཀྱིས་རྒྱབ་སྐྱོར་དང་མཉམ་རུབ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས།ད་ལྟ་ལ་ཐུག་གི་བར་དུ་མཉམ་རུབ་དང་རྒྱབ་སྐྱོར་གནང་བ་ནང་བཞིན་མ་འོངས་པར་ཡིན་ནའང་དེ་ལྟར་གནང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་རེ་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་།

 

ཀིརྟི་ཚང་གི་སློབ་བརྒྱུད་ལ་གཏོགས་པ་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཕྱོགས་ལ་ལངས་ཕྱོགས་བརྟན་པོ་ཞུས་ཏེ་ཧུར་ཐག་འབད་ཐག་ཞུ་ཡི་ཡིན།ཞེས་ཁྱེད་ཚོའི་སྙན་ཞུའི་ནང་དུ་འཁོད་འདུག གནད་དོན་འདི་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།ང་ཚོ་ག་དུས་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཕྱོགས་ལ་ལངས་ཕྱོགས་བརྟན་པོ་དང་ལྷག་བསམ་རྣམ་དག་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོར་གྱུར་ཡོད། ཀིརྟི་ཚང་ཡང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཁོ་ནས་བསྐྱངས་ཏེ་ཡོང་བ་ཞིག་ཡིན་དུས། མ་འོངས་པར་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཕྱོགས་ལ་གང་ཐུབ་ཐུབ་ཀྱིས་ཞབས་འདེགས་ཞུ་རྒྱུ་ཡིན་སྙམ་པའི་དམ་བཅའ་བརྟན་པོ་ཞིག་ཁྱེད་ཚོ་ཡོངས་རྫོགས་ཀྱི་སེམས་ནང་ཉར་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

ལྷག་པར་དུ་འདས་པའི་ལོ་ཤས་རིང་བོད་མིའི་ནང་ཁུལ་ལ་གནས་ཚུལ་འདྲ་མི་འདྲ་སྣ་ཚོགས་བྱུང་ཡོད། མ་འོངས་པར་ཡང་གནས་ཚུལ་ངན་པ་འདིའི་རིགས་འབྱུང་མི་སྲིད་པ་ཞིག་མ་རེད། གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཡིན་ནའང་ལངས་ཕྱོགས་བརྟན་པོ་བྱས་ནས་སྡོད་ཐུབ་དགོས་པ་དང་། ཆབ་སྲིད་བཙོག་པའི་ནང་དུ་ལག་པ་མི་འཆང་བར་ཀིརྟི་ཚང་གི་སློབ་བརྒྱུད་རྣམས་དྲང་ཚུགས་ལྡན་པ་དང་གཞན་གྱིས་ཡིད་ཆེས་འཕེར་ས་ཞིག་བྱ་དགོས།

 

ང་ཚོའི་འབྲེལ་ཡོད་རྒན་གཞོན་ཡོངས་རྫོགས་ཀྱིས་རྒྱུན་དུ་ནས་གཟབ་གཟབ་བྱས་ན་མ་གཏོགས་མཚམས་རེར་གཞན་པའི་མགོ་སྐོར་ཐེབས་མི་སྲིད་པ་ཞིག་མ་རེད།སྐད་ཆ་བཤད་པའི་སྐབས་དང་། རྩོམ་ཡིག་འབྲི་བའི་སྐབས་སོགས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཡིན་ནའང་རང་ཉིད་ཆབ་སྲིད་བཙོག་པའི་ནང་དུ་མ་ཚུད་པར་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ནང་དུ་མི་སྡུག་ཆག་འདི་འདྲ་བ་ཞིག་ཡོད་འདུགཅེས་པའི་གཏམ་ངན་མི་ཡོང་བའི་དོན་དུ་རྒྱུན་དུ་ནང་ཁུལ་ནས་ཕན་ཚུན་གཅིག་གིས་གཅིག་ལ་བསླབ་བྱ་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད།

 

ངས་རྒྱུན་དུ་བཤད་བཞིན་པ་ལྟར་བོད་ཀྱི་སྐད་ཡིག་དང་ཡ་རབས་སྤྱོད་བཟང་རྒྱུན་འཛིན་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།ང་ཚོའི་ནང་དུ་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་མཁན་གང་འཚམས་ཤིག་འདུག་པས། ཤེས་ཡོན་ཡོད་མཁན་ཚོས་འགན་བླངས་ཏེ་རྒན་གཞོན་ཡོངས་རྫོགས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་སྤྱོང་སྤྲོད་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཨ་རིར་སླེབས་པའི་རྗེས་སུ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་གཏན་ནས་བྱེད་མི་དགོས་པ་ལྟ་བུ་མ་ཡིན་པར། བོད་མི་རྒན་གཞོན་ཡོངས་རྫོགས་ཀྱིས་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱ་དགོས་པ་དེ་གལ་ཆེན་པོ་རེད།

 

ང་ཕར་ཚུར་འགྲོ་བའི་སྐབས་བུ་ཕྲུག་སྐྱོང་སྟངས་ཐད་ལ་ང་ཚོའི་འབྲེལ་ཡོད་རྣམས་ཀྱིས་དོ་སྣང་བྱེད་དགོས་ཀྱི་འདུག་བསམས་པ་ཞིག་བྱུང་། ཕ་མ་ཚོས་ཕྲུ་གུ་ལ་བྱམས་པོ་བྱེད་ཀྱི་ཡིན་ཟེར་ནས་ཆུང་དུས་ནས་གཅེས་ལངས་ངན་པ་བཏང་བ་ལྟ་བུ་བྱ་མི་ཉན།ཕྲུ་གུ་སྐྱོང་སྟངས་ཚད་རན་པོ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཕྲུ་གུ་ལ་ཆུང་དུས་ནས་བག་ཆགས་ངན་པ་ཞིག་འགོས་སོང་བ་ཡིན་ན་རང་བཞིན་གྱིས་སྤྱོད་པ་མ་རབས་ཅན་ཤིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད།ཕྲུ་གུ་ཆུང་ཆུང་ཞིག་ཡིན་ནའང་ལེགས་ཉེས་གང་དང་གང་ཡིན་མིན་གྱི་རྒྱུ་མཚན་ཡང་ནས་ཡང་དུ་བཤད་ཐུབ་ན། ཕྲུ་གུ་ཆུང་ཆུང་ཡིན་ནའང་ལེགས་ཉེས་ངོ་ཤེས་པའི་ནུས་པ་ཞིག་ཡོད་དུས། ཕྲུ་གུ་རྣམས་ལ་ཆུང་དུས་ནས་བག་ཆགས་ངན་པ་མ་འགོས་པའི་ཐབས་ཤེས་བྱ་དགོས།༸རྒྱལ་བ་རིན་པོ་ཆེས།ཕ་མ་གཉིས་ཕྲུ་གུའི་དགེ་རྒན་དང་པོ་དེ་རེད། ཅེས་བཀའ་གནང་གི་ཡོད་པ་ལྟར།ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་ཤ་ཚ་སྟངས་ཤེས་པ་ཞིག་གི་ཐོག་ནས་གསོ་སྐྱོང་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

ད་ལྟ་གནས་སྟངས་མང་པོའི་ཐོག་ནས་དཀའ་ངལ་ཡོད་ཀྱང་རིམ་གྱིས་གནས་སྟངས་དང་གོ་སྐབས་ཡག་པོ་བྱུང་བའི་སྐབས།ཕ་མ་རྣམས་ཀྱིས་རང་རང་གི་ཕྲུ་གུ་རྣམས་སོ་སོའི་ཕ་ཡུལ་དུ་ལྟ་སྐོར་ཞིག་ལས་མ་བྱུང་ན་ཡང་ཁྲིད་དེ། སོ་སོའི་ཕ་ཡུལ་གྱི་མི་དང་ལུང་པ་ངོ་སྤྲད། སྤོ་སྤོ་དང་རྨོ་རྨོ་འདི་དང་འདི་རེད་ཅེས་ཡབ་མེས་གོང་མ་ཚོའི་ལོ་རྒྱུས་དང་། དགོན་པ་དང་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་གནས་སྟངས་ཤེས་སུ་བཅུག་སྟེ། ཕྲུ་གུ་ཚོའི་བསམ་བློའི་ནང་དུ་རང་གི་ཕ་ཡུལ་ལ་ཤ་ཚ་དང་ལ་རྒྱ་ཡོད་མཁན་ཞིག་དགོས་པ་དེ་གལ་ཆེན་པོ་རེད།

ཁྱེད་ཚོ་མི་རབས་རྒན་པ་སུ་འདྲ་ཞིག་ཡིན་ཡང་རུང་། རང་རང་གི་མི་ཐོག་ཕྱི་མ་རྣམས་ཨ་རིའི་རྒྱལ་ཁབ་ནང་གཡུག་བཞག་སྟེ། མི་རྒྱུད་བརླག་འགྲོ་བ་ལྟ་བུ་ཞིག་བྱ་རྒྱུའི་བསམ་བློ་སུ་ལ་ཡང་ཡོད་རྒྱུ་མ་རེད་བསམས། དེ་ཡིན་དུས་རང་རང་གི་མི་ཐོག་ཕྱི་མ་རྣམས་མ་འོངས་པར་བོད་ལ་རྩིས་སྤྲད་ཐུབ་པ་ཞིག་བྱ་རྒྱུའི་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་རེ་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་།

 

སྔོན་མ་ཡིན་ན་བོད་མི་རྣམས་ཕྱི་རྒྱལ་ལ་འགྲོ་རྒྱུར་ང་ལ་འཐད་པ་མེད། འདོད་པ་མེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི།བོད་ནང་དུ་བོད་པ་མི་གྲངས་ཉུང་སོང་བའི་སྐྱོན་མ་གཏོགས་མི་གྲངས་མང་བའི་སྐྱོན་མེད། གལ་སྲིད་བོད་མི་ཞིག་ཕྱི་རྒྱལ་ཞིག་ལ་ཕྱིན་པ་ཡིན་ན། ཁོའི་མི་ཐོག་ཕྱི་མ་རྣམས་ཕྱི་རྒྱལ་གྱི་ལུང་པ་ཆེན་པོ་ཞིག་གི་ནང་དུ་བརླག་འགྲོ་བའི་ཉེན་ཁ་ཞིག་ཡོད་པ་རེད། བོད་མི་རེ་རེའི་མི་ཐོག་དང་པོ་དང་། གཉིས་པ། གསུམ་པ་བྱས་ཏེ་ཕྱི་རྒྱལ་གྱི་ལུང་པ་ཞིག་ཏུ་བརླག་སོང་བ་ཡིན་ན།བོད་མི་གཅིག་གི་མི་རྒྱུད་བོད་མི་གཉིས་བརྒྱ་སུམ་བརྒྱ་ཞིག་བརླག་འགྲོ་ཡི་ཡོད་པ་རེད། བོད་མི་བརྒྱ་ཕྲག་འདི་དག་བོད་ནང་དུ་ཡོད་པ་ཡིན་ན་བོད་ཀྱི་ལས་དོན་དང་བོད་མིའི་མི་འབོར་ལ་ཅི་ཙམ་གྱིས་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད་དམ།དེ་འདྲ་ཡིན་དུས་ཕ་མ་རྣམས་ཀྱིས་འགན་ཁུར་ནས་རང་རང་གི་མི་ཐོག་ཕྱི་མ་རྣམས་ཕྱི་རྒྱལ་གྱི་ལུང་པ་ཆེན་པོ་ཞིག་གི་ནང་དུ་བརླག་མི་འགྲོ་བ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད།

 

ཕ་མ་རྣམས་ཀྱིས་འགན་བླངས་ཏེ་ཕྲུ་གུ་ཚོའི་བསམ་བློའི་ནང་སོ་སོའི་ལུང་པ་དང་མི་རིགས་ལ་ཤ་ཚ་དང་བརྩེ་བ་ཡོད་པ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་པ་ཡིན་ན། གལ་སྲིད་བོད་ཀྱི་སྐད་ཡིག་ཡག་པོ་མི་ཤེས་མཁན་ཞིག་ཡིན་ནའང་བོད་མི་རིགས་ཀྱི་ལས་དོན་སྒྲུབ་ཐུབ་པའི་ཤ་ཚ་དང་ནུས་པ་ཡོད་མཁན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད། དཔེར་ན། རྒྱ་ནག་པེ་ཅིང་དུ་ཡོད་པའི་ཚེ་རིང་འོད་ཟེར་ལྟ་བུར་མཚོན་ན་བོད་ཀྱི་སྐད་ཡིག་ཤིན་ཏུ་དག་པོ་ཞིག་ཤེས་ཀྱི་མེད་ནའང་། སྔ་ཕྱི་བྱས་ཏེ་བོད་མི་རིགས་ཀྱི་ལས་དོན་ཐོག་བོད་ཀྱི་སྐད་ཡིག་ཡག་པོ་ཤེས་མཁན་ཞིག་ལས་ལྷག་པའི་ཕྱག་ལས་གནང་ཐུབ་ཀྱི་ཡོད།བོད་ཀྱི་སྐད་དང་ཡི་གེ་མི་ཤེས་མཁན་ཚོ་ཡིན་ནའང་བོད་མི་རིགས་ཀྱི་སེམས་ཤུགས་དང་སྤོབས་པ་ཡོད་མཁན་ཞིག་ཏུ་གསོ་སྐྱོང་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

ཕ་མ་རྣམས་ཀྱིས་རང་རང་གི་ཕྲུ་གུ་ལ་སློབ་སྦྱོང་གི་ཕུག་རེ་ཡོད་ས་ཞིག་ཡིན་ན། གང་ཐུབ་ཐུབ་ཀྱིས་སློབ་གྲྭ་ཡག་པོ་ཞིག་ཏུ་གཏོང་དགོས་པ་འདི་གལ་ཆེན་པོ་རེད། ཡིན་ནའང་ཕྲུ་གུ་ལ་སློབ་སྦྱོང་གི་ཕུག་རེ་ཆེན་པོ་མེད་བཞིན་དུ་སློབ་གྲྭ་ཡག་པོ་ཞིག་ལ་བཏང་བ་ཡིན་ནའང་རང་གཞན་གཉིས་ཀ་འཕྲོ་བརླག་ལྟ་བུ་རེད། ཕྲུ་གུ་རང་ལ་སློབ་སྦྱོང་གི་ཕུག་རེ་ཆེན་པོ་མེད་ན་སློབ་གྲྭ་ཡག་པོ་ཡིན་པ་ཙམ་གྱིས་ཕན་ཐོགས་ཡོང་གི་མ་རེད་ལ། དེ་ལ་འགྲོ་སོང་ཆེན་པོ་བཏང་བའི་ཚོད་ཀྱིས་གྲུབ་འབྲས་ཡག་པོ་འཐོབ་རྒྱུ་ཁག་པོ་རེད། སློབ་སྦྱོང་གི་ཕུག་རེ་ཡོད་མཁན་གྱི་རིགས་སློབ་གྲྭ་ཡག་པོའི་ནང་དུ་གཏོང་ཐུབ་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་དུས།ཕ་མ་སོ་སོའི་ངོས་ནས་དཔལ་འབྱོར་གྱི་འགྲོ་སོང་གཏོང་མི་ཐུབ་མཁན་ཞིག་ཡིན་ན། ནང་ཁུལ་ནས་ཕན་ཚུན་རོགས་རམ་བྱས་ཏེ་སློབ་སྦྱོང་གི་ཕུག་རེ་ཡོད་པའི་ཕྲུ་གུ་དེ་སློབ་གྲྭ་ཡག་པོ་ཞིག་གི་ནང་དུ་གཏོང་ཐུབ་ཐབས་བྱ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

ད་ཐེངས་ང་ཨ་རིར་ཡོང་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་རྣམ་པ་ཚོ་མཉམ་དུ་འཛོམས་ཐུབ་པ་ཞིག་བྱུང་བ་མ་གཏོགས། གལ་སྲིད་ང་འདིར་ཡོང་མེད་ན་རྣམ་པ་ཚོ་འདི་ལྟར་འཛོམས་ཐུབ་རྒྱུ་ཁག་པོ་རེད་བསམས། མ་འོངས་པར་ཡང་རྣམ་པ་ཚོ་རྒྱུན་དུ་མཉམ་འཛོམས་ཡང་ཡང་བྱ་དགོས་པ་འདི་གལ་ཆེན་པོ་རེད། རྒྱུན་དུ་མཉམ་འཛོམས་བྱས་པ་ཡིན་ན་མི་ཐོག་རྒན་པ་རྣམས་ཕན་ཚུན་རྒྱུས་ལོན་པ་དང་། ཕྲུ་གུ་ལོ་ཆུང་བ་ཚོ་ཕན་ཚུན་ངོ་ཤེས་ནས་ཕ་ཡུལ་གཅིག་པ་ཡིན་སྙམ་པའི་འདུ་ཤེས་བརྟན་པོ་ཞིག་ཡོང་ཐུབ་པར་ཕན་ཐོགས་ཡོང་གི་རེད།

 

ཆེ་ས་ནས་ཕྲུ་གུ་འདི་དག་བོད་ཀྱི་སྐད་ཡིག་ཤེས་མཁན་དང་། བོད་མི་རིགས་ལ་ཤ་ཚ་དང་སེམས་ཤུགས་ཡོད་མཁན་ཞིག་ཏུ་གསོ་སྐྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་རྒྱུན་དུ་ཤོད་ཀྱི་ཡོད། དེ་བཞིན་དུ་ཆུང་ས་ནས་བུ་ཕྲུག་འདི་དག་གིས་སོ་སོ་ཕ་ཡུལ་ལུང་པ་གང་དང་གང་གི་མི་ཡིན་པ་དང་། སོ་སོའི་ལུང་པ་ངོ་ཤེས་མཁན།སོ་སོའི་མི་རྒྱུད་གང་ནས་ཡིན་པ་བཅས་ཧ་གོ་མཁན་ཞིག་ཏུ་སྐྱེད་སྲིང་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཁྱེད་ཚོའི་ནང་མགོ་དཀར་པོར་ཆགས་ཡོང་མཁན་གྱི་རིགས་འགའ་ཤས་ཤིག་འདུག མི་ཐོག་འདི་དག་རྒས་འགྲོ་བའི་སྐབས།དེའི་འོག་གི་མི་ཐོག་གཞོན་པ་ཚོ་ལ་རང་བཞིན་གྱིས་འགན་ཆེན་པོ་ཞིག་འབབ་ཀྱི་ཡོད། མི་ཐོག་གཞོན་པ་ཚོ་ལ་འགན་བབས་པའི་སྐབས་ཁོང་ཚོས་ཀྱང་རང་ཉིད་ཀྱི་མི་ཐོག་འོག་མ་ཚོ་གསོ་སྐྱོང་བྱས་ཏེ་བོད་མི་གཙང་མ་ཞིག་ཡོང་ཐབས་བྱ་དགོས་ཀྱི་རེད།འདི་ལྟར་རང་རང་གི་མི་ཐོག་ཕྱི་མ་རྣམས་གསོ་སྐྱོང་ཡག་པོ་ཡོང་བ་ལ་རྒྱུན་དུ་ནང་ཁུལ་མཐུན་པོ་དང་འཆམ་པོའི་ཐོག་ནས་མཉམ་འཛོམས་ཡང་ཡང་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

ཁྱེད་ཚོ་མཉམ་འཛོམས་ཡོང་བའི་དོན་དུ་སྤྱི་པའི་ཐོག་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྐུ་ཞིག་དང་།བསྟན་པ་རབ་རྒྱས་ཀྱི་ཐང་ག་བཀའ་རྒྱ་མ་ཞིག་རྟེན་སྐལ་དུ་ཡོད། ང་རྡ་རམ་ས་ལར་འབྱོར་པའི་རྗེས་སུ་དཔའ་རྩལ་གྱི་བཙན་ཐང་ཞིག་ཚུར་བསྐུར་ཡོང་གི་ཡིན།དེང་སང་སོ་སོའི་སྲུང་མ་ལ་གསོལ་མཆོད་ཞུ་དགོས་པ་གལ་ཆེན་པོ་ཡིན་པའི་གནས་ཚུལ་མི་མང་པོ་ཞིག་ཡོང་གི་ཡོད་དུས། སྲུང་མ་ལ་གསོལ་མཆོད་ཞུ་སའི་བཙན་ཐང་ཞིག་ཡོད་ན་ཡག་པོ་རེད་བསམས།དེ་བཞིན་དུ་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ཞལ་ཐང་ཞིག་བཅས་ཚུར་རྟེན་སྐལ་དུ་བསྐུར་ཡོང་གི་ཡིན། ཁྱེད་ཚོ་འཛོམས་པའི་སྐབས་འདི་དག་བཤམས་ན་ཡག་པོ་ཡོང་གི་རེད་བསམས།

 

ད་རེས་ཀྱི་མཎྜལ་རྟེན་དོད་འདི་ཁྱེད་ཚོ་ལ་སྤྱི་པའི་མ་དངུལ་གྱི་མ་རྩ་དང་པོའི་ཚུལ་དུ་ཕུལ་བ་ཡིན།ཁྱེད་ཚོ་འཛོམས་ཐེངས་རེར་རྩིས་ཚང་བྱས་ཏེ་དཔལ་འབྱོར་གང་ཡོད་ཚར་འགྲོ་བ་ལྟ་བུ་མ་ཡིན་པར། རིམ་གྱིས་བྱང་ཨ་རིའི་ཀིརྟི་ཚང་གི་སློབ་བརྒྱུད་སྤྱི་པ་ལ་མ་དངུལ་ཞིག་གསོག་འཇོག་ཐུབ་ན་ཡག་པོ་ཡོང་གི་རེད།འདི་དེའི་རྟེན་འབྲེལ་གྱི་ཆེད་དུ་ཁྱེད་ཚོ་ལ་ཕུལ་བ་ཡིན།

 

ཁྱེད་ཚོ་ཡོངས་རྫོགས་ཀྱིས་ང་ལ་ཚེ་རིང་པོ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་འདུགང་ཚེ་རིང་པོ་ཕལ་ཆེར་ཡོང་གི་རེད་བསམས། ད་ལྟ་ང་ལོ་བརྒྱད་ཅུ་གྱ་གཅིག་ཡིན་ནའང་གཟུགས་པོ་བདེ་ཐག་ཆོག་ཡོད། ན་ནིང་སྔོན་མ་ལོ་བརྒྱད་ཅུ་ཐམ་པ་ཟིན་པའི་རྗེས་སུ་རྒས་ཡོལ་ལྟ་བུ་བྱས་ཏེ་ལས་ཀ་གཅིག་ཀྱང་མི་བྱ་རྒྱུའི་བསམ་བློ་བཏང་བ་ཡིནའང་།ད་དུང་ཡང་གཟུགས་པོ་བདེ་པོ་འདུག་པའི་ཐོག འབྲེལ་ཡོད་མང་པོ་ཞིག་གིས་རེ་བ་བརྒྱབ་ཀྱི་འདུག་པས།མ་འོངས་པར་ཡང་འགན་གང་ཐུབ་ཐུབ་ཀྱིས་འཁྱེར་ནས་ལས་ཀ་བྱ་དགོས་བསམ་པ་དྲན་གྱི་ཡོད།

 

ཀིརྟི་ཚང་སྐུ་ཕྲེང་རིམ་བྱོན་ནང་གི་དགུང་ལོ་བགྲེས་ཤོས་དེ་དགུང་ལོ་བརྒྱད་ཅུ་གྱ་ལྔ་རེད།ངའི་གཟུགས་པོའི་འཕྲོད་བསྟེན་དང་གང་ཅིའི་ཆ་ནས་དགུང་ལོ་བརྒྱད་ཅུ་གྱ་ལྔ་ལས་ལྷག་འཚོ་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་དང་། ང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་དགུང་ལོ་བགྲེས་ཤོས་དེར་འགྱུར་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།དེའིི་སྒང་ལ་ལོ་ག་ཚོད་སྡོད་ཐུབ་ཀྱི་ཡོད་མེད་མི་ཤེས།

 

ཁྱེད་ཚོས་སྤྱི་པའི་མཆོད་ཁང་ལྟ་བུ་ཞིག་བཟོ་རྒྱུའི་སྐད་ཆ་ཞིག་ཡོད་འདུག ཐེངས་དང་པོའི་རྟེན་སྐལ་འདི་དག་བཞུགས་གནས་ཤིག་དགོས་རྒྱུ་ཡིན་དུས། མ་འོངས་པའི་གནས་སྟངས་གང་འདྲ་བྱ་དགོས་ཀྱི་ཡོད་མེད་སོགས་ཁྱེད་ཚོས་དགེ་རྩ་ཚོགས་པ་ལ་འབྲེལ་བ་ཞུས་ན་ང་ཚོའི་ངོས་ནས་ག་རེ་བྱེད་ཐུབ་པ་དེ་བྱ་རྒྱུ་ཡིན།

 

ད་ཐེངས་ཨ་རིར་སྡོད་པའི་ཟླ་བ་གཅིག་ལྷག་གི་རིང་ཉི་མ་ནས་ཉི་མར་ས་གནས་མང་པོར་ང་ལ་ཐུགས་སྤྲོ་བཏང་བས་ཤིན་ཏུ་སྐྱིད་པོ་བྱུང་ལ། ང་ལ་རྒྱུན་དུ་རྩ་དཀར་དང་གྲང་གཞིའི་ན་ཚ་ཞིག་ཡོད་པ་དེའང་འདི་ཕྱོགས་སུ་འཇམ་ནས་གཟུགས་པོ་ཡང་ཤིན་ཏུ་བདེ་པོ་བྱུང་། ཁྱེད་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།མ་འོངས་པར་ཡང་བསྐྱར་ཡོང་ཆོག་གི་རེད། ཐུགས་རྗེ་ཆེ།

ཕྱི་ལོ་༢༠༢༢ལོའི་ཟླ་ཚེས་༣༡ཉིན།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.