2024.4.8 1༄༅།། དེ་རིང་ང་ལ་སྐད་ཆ་དམིགས་བསལ་བ་ཤོད་རྒྱུ་གང་ཡང་མེད། ཁ་སང་ལས་སྣེ་རྣམས་མདུན་དུ་བཅར་ནས་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོའི་སྒོ་དབྱེ་དང་འབྲེལ་ནས་སྐད་ཆ་ཚིག་འགའ་ཤས་བཤད་རོགས་ཟེར་གྱི་འདུག དམིགས་བསལ་སྒོ་དབྱེ་དེ་འདྲ་གང་ཡང་མེད། གཙོ་བོ་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོ་འདི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ད་ལོ་རྩོམ་སྒྲིག་བྱས་པ་ཡིན། ད་ཕྱིན་ཆད་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོའི་དགོངས་དོན་དང་མཐུན་པ་ཞིག་གི་ཐོག་ནས་གྲྭ་མང་རྒན་གཞོན་ཡོངས་རྫོགས་ལམ་འདིའི་ཐོག་ཤར་བསྐྱོད་གནང་དགོས་པ་འདི་གལ་ཆེན་པོ་ཡིན་དུས་འདིའི་སྐོར་ཚིག་འགའ་ཤས་ཤིག་ཞུས་ན་བསམས།

སྤྱིར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བཅའ་ཡིག་ལ་མི་ཚེའི་མདུན་ལམ་ཞེས་མིང་འདོགས་དགོས་པའི་རྒྱུ་མཚན་ནི་རྒན་པ་མང་ཆེ་བས་ཕལ་ཆེར་མཁྱེན་གྱི་རེད། ཀིརྟིའི་བྱེས་པ་གྲྭ་ཚང་ཐོག་མར་གསར་འཛུགས་བྱས་པའི་སྐབས་མི་འགའ་ཤས་ཀྱིས་གྲྭ་ཚང་འདིའི་ནང་དུ་བསྡད་ན། ང་ཚོ་འགྲོ་དགོས་བསམ་སར་འགྲོ་མི་ཐུབ་པ་དང་། བྱེད་དགོས་བསམ་པ་བྱེད་ཐུབ་ཀྱི་མི་འདུག་པས། གྲྭ་ཚང་ནང་དུ་བསྡད་ན་ང་ཚོ་ལ་མི་ཚེའི་མདུན་ལམ་མི་འདུག་ཅེས་བཤད་ནས་གྲྭ་ཚང་ནང་ཁུལ་ལ་དཀའ་ངལ་གང་འཚམས་ཤིག་བྱུང་བ་རེད། ཀིརྟིའི་བྱེས་པ་གྲྭ་ཚང་དུ་བསྡད་ན་མི་ཚེའི་མདུན་ལམ་མེད་པ་མིན། བཅའ་ཡིག་འདིའི་ནང་དུ་དགེ་འདུན་པ་ཞིག་གི་མི་ཚེའི་མདུན་ལམ་ངོ་མ་དེ་གསལ་པོར་བསྟན་ཡོད་པས་མི་ཚེའི་མདུན་ལམ་ངོ་མ་འདི་རེད་ཅེས་གསལ་པོར་ངོས་ཟིན་པའི་ཆེད་དུ་བཅའ་ཡིག་ལ་མི་ཚེའི་མདུན་ལམ་ཞེས་པའི་མིང་བཏགས་པ་ཡིན།

 

ཀིརྟིའི་བྱེས་པ་གྲྭ་ཚང་ཚུགས་ནས་ལོ་ངོ་སུམ་ཅུ་སོ་བཞི་ཙམ་འགྲོ་བཞིན་པའི་ལོ་ཡུན་རིང་པོ་འདིའི་ནང་ལ་གྲྭ་པ་རྒན་པ་མང་པོ་ཞིག་གིས་འདི་རང་མི་ཚེའི་མདུན་ལམ་དུ་བཟུང་སྟེ་བློ་སེམས་བརྟན་པོས་དཀའ་ལས་བརྒྱབ་ནས་བཞུགས་པ་རེད་ལ། ད་ཆ་ང་ཚོའི་གནས་སྟངས་ལ་དཔག་པའི་གྲུབ་འབྲས་ཡག་ཐག་གཅོད་ཅིག་ཐོན་ཡོད། གྲུབ་འབྲས་ཡག་པོ་ཐོན་ཡོད་པ་འདི་ང་རྐྱང་པའི་ནུས་པ་ལ་བརྟེན་ནས་བྱུང་མ་རེད་ལ། ཁྱེད་ཚོ་རྐྱང་པའི་ནུས་པ་ལ་བརྟེན་ནས་ཐོན་པ་ཡང་མ་རེད། ང་ཚོ་ཡོངས་སུ་རྫོགས་པའི་ནུས་པ་མཉམ་དུ་སྤུངས་ཏེ་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས། འདས་པའི་ལོ་ངོ་སུམ་ཅུ་ལྷག་རིང་བློ་སེམས་བརྟན་པོའི་ངང་ནས་འབད་བརྩོན་བྱས་པ་ལ་གྲུབ་འབྲས་ཡག་པོ་ཐོན་སོང་སྙམ་པའི་དགའ་བ་སྒོམ་རྒྱུ་དང་། རང་གཞན་གྱིས་བྱས་པའི་དགེ་བ་ལ་རྗེས་སུ་ཡི་རང་བྱས་པ་དང་མཉམ་དུ། གྲྭ་ཚང་འདིའི་མ་འོངས་པའི་འགྲོ་ལམ་བརྟན་པོ་ཞིག་བཟོ་དགོས་པ་ནི་ངའི་ངོས་ནས་བཤད་ན་ཤིན་ཏུ་གལ་ཆེན་པོ་རེད་ལ། གྲྭ་ཚང་གི་ངོས་ནས་བཤད་ན་ཡང་ཤིན་ཏུ་ནས་གལ་ཆེན་པོར་གྱུར་ཡོད།

 

ང་ཚོས་རྒྱུན་དུ་བཤད་ཀྱི་ཡོད་པ་ནང་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་གཞོན་པའི་སྐབས་སུ་བོད་གཞུང་མང་གཉིས་ཀའི་ལས་དོན་ལ་འཐུས་ཤོར་དང་ནོར་འཁྲུལ་ཕྲན་བུ་བྱུང་ནའང་། ༸གོང་ས་མཆོག་ལྟ་བུའི་ཡང་དག་པའི་དབུ་ཁྲིད་ཅིག་བཞུགས་ཡོད་དུས་ནོར་བ་ཡོ་བསྲང་དང་འཐུས་ཤོར་ལ་ཁ་གསབ་མཛད་ཐུབ་ཀྱི་ཡོད་དུས་སྐྱོན་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོ་པོར་ཕེབས་པའི་སྐབས་སྔོན་མ་དང་མི་འདྲ་བར་བོད་གཞུང་མང་གི་ལས་དོན་ལ་འཐུས་ཤོར་དང་ནོར་འཁྲུལ་ཕྲན་བུ་བྱུང་ཡང་སྔར་བཞིན་ནོར་བ་ཡོ་བསྲང་གནང་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ལྟར། གཞུང་མང་གི་ལས་དོན་ལ་འཐུས་ཤོར་དང་ནོར་འཁྲུལ་རྩ་བ་ནས་མ་ཡོང་བར་འབད་བརྩོན་གནང་དགོས་པ་རེད། ཅེས་ཤོད་ཀྱི་ཡོད་པ་ལྟར། ང་ཚོའི་གྲྭ་ཚང་འདི་ལ་མཚོན་ན་ཡང་འདས་པའི་ལོ་སུམ་ཅུ་ལྷག་རིང་བཅའ་ཡིག་མི་ཚེའི་མདུན་ལམ་ལག་བསྟར་བྱས་ནས་ཡོང་བ་ཡིན་ནའང་། ལོ་ཡུན་དེ་དག་གི་རིང་ནོར་འཁྲུལ་དང་འཐུས་ཤོར་སྔ་ཕྱི་བྱས་ནས་ཕྲན་བུ་རེ་བྱུང་མྱོང་ཡོད། ནོར་འཁྲུལ་དང་འཐུས་ཤོར་ཕྲན་བུ་བྱུང་བ་དེ་དག་ད་ལྟ་ང་ཤོད་མཁན་ཡོད་པའི་སྐབས་སུ་བསྐྱར་བཅོས་བྱས་ཏེ་ལམ་ཁ་ཡག་པོ་ཞིག་གི་ཐོག་ལ་ཁྲིད་དགོས་པ་འདི་ངའི་ལས་འགན་རེད།

 

མ་འོངས་པའི་འགྲོ་ལམ་བརྟན་པོ་དང་ནོར་འཁྲུལ་མེད་པ་ཞིག་ཡོང་བའི་དོན་དུ་འགྲིག་ལམ་གྱི་དོན་ཚན་འགའ་ཤས་ལ་བསྐྱར་བཅོས་གང་དགོས་བྱས་ཏེ། བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོ་འདི་རྩོམ་སྒྲིག་བྱས་པ་ཡིན། བྱེས་པ་གྲྭ་ཚང་འདིའི་མ་འོངས་པའི་གནས་སྟངས་ཡག་པོ་ཡོང་བའི་དོན་དུ་ང་ཚོ་ཡོངས་རྫོགས་ཀྱིས་ལེགས་པའི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་ཐོག ང་ཚོ་ཁ་མི་མཐུན་པ་དང་གྲོས་མི་འཆམ་ས་དེ་འདྲ་ཡོད་པ་མ་རེད་བསམས། ངའི་ངོས་ནས་དུས་ཚོད་རན་པོ་ཞིག་གི་ཐོག་ལ་བཅའ་ཡིག་མི་ཚེའི་མདུན་ལམ་ལ་བསྐྱར་བཅོས་བྱེད་ཐུབ་པ་ཞིག་བྱུང་བ་རེད། བསྐྱར་བཅོས་བྱས་པའི་དོན་ཚན་འདི་དག་གི་ཐོག་ལ་གྲྭ་མང་ཡོངས་རྫོགས་ཤར་བསྐྱོད་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། འགྲིག་ལམ་དང་སློབ་གཉེར་གང་འདྲ་ཞིག་ཡིན་ཡང་གུ་ཡངས་པོ་བྱ་རྒྱུར་དཀའ་ངལ་མེད་ནའང་། འགྲིག་ལམ་ཕྲན་བུ་ཞིག་ཡིན་ནའང་གུ་དོག་མོ་དང་ཚགས་ཚུད་པོ་བྱ་རྒྱུར་རང་བཞིན་གྱིས་དཀའ་ངལ་འཕྲད་ཡོང་གི་ཡོད། ད་ལྟའི་བར་དུ་རིམ་པའི་འགྲིག་ལམ་གུ་ཇེ་ཡངས་སུ་ཕྱིན་ཏེ་ཕུགས་སྐྱོན་ཕྲན་བུ་ཤོར་ཡོད། ད་ལྟའི་འགྲིག་ལམ་བསྐྱར་བཅོས་འདིའི་ཐོག་ནས་འགྲིག་ལམ་ཉམས་པ་ཁ་གསབ་ཐུབ་པ་ཞིག་བྱ་དགོས་པ་འདི་གལ་ཆེན་པོ་ཡིན་དུས། ངས་དེ་རིང་འདིའི་སྐོར་གཙོ་བོར་ཤོད་རྒྱུ་ཡིན།

 

བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོ་ནི་གཙོ་བོ་སློབ་སྦྱོང་དང་འགྲིག་ལམ་གྱི་སྐོར་རེད། ཟུར་རྒྱན་གཉིས་པ་ནི་ལས་བྱེད་བསྐོ་བཞག་བྱེད་སྟངས་དང་ལས་བྱེད་པ་སོ་སོའི་འགན་དབང་སོགས་ཀྱི་སྐོར་རེད། དེབ་དང་པོ་གཙོ་བོ་སློབ་སྦྱོང་བྱེད་སྟངས་ཀྱི་སྐོར་ཡིན་དུས། འདིའི་འོག་ཏུ་ངས་འདི་འདྲ་ཞིག་བྲིས་ཡོད།

2024.4.8 2 2024.4.8 3 2024.4.8 4

བཅའ་ཡིག་ཟུར་རྒྱན་འདི་རང་ལོ་བརྒྱད་ཅུ་གྱ་གསུམ་ལོན་པའི་རྒན་པོའི་ཁ་ཆེམས་དང་མཚུངས་ཤིང་། ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ལྟ་བུ་ཡིན་པས་རྒན་གཞོན་ཀུན་གྱིས་ཕྱག་ལེན་དུ་བསྟར་བར་བྱ་དགོས།

 

ཞེས་བྲིས་ཡོད། འདིའི་ནང་དུ་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་ལ་སློབ་སྦྱོང་ཇི་ལྟར་བྱ་དགོས་མིན་གྱི་སྐོར་གསལ་པོར་བཀོད་ཡོད་པས་སྐུ་གསུམ་ནོར་བུའི་གླིང་དུ་བགྲོད་པའི་ཐབས་ལམ་ཡོངས་སུ་རྫོགས་པ་འདིའི་ནང་དུ་ཆ་ཚང་བ་ཡོད། ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་བཞིན་ལམ་འདིའི་ནང་དུ་ཕྱིན་པ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཚེ་འདི་ཕྱི་གཉིས་ཀ་ལ་ཡོད་པ་ཞིག་ཡོང་རྒྱུ་ཡིན་དུས། ལམ་འདིའི་ཐོག་ལ་རྣམ་པ་ཚོ་ཕེབས་ཐུབ་པ་ཞིག་ངེས་པར་མཛད་དགོས། ལམ་ཡིག་འདི་བཞིན་ཕེབས་ཐུབ་ན་རིམ་པས་མཁས་པར་གྱུར་ཏེ་ཚེ་འདི་ཕྱི་གཉིས་ཡོད་ཅིག་དང་། ཆོས་དང་འཇིག་རྟེན་གཉིས་ཀ་ཡོད་མཁན་ཞིག་ཡོང་གི་རེད། འདི་བཞིན་དུ་མི་འགྲོ་བར་རང་བསམ་གང་འདོད་ཀྱི་ལམ་དུ་ཕྱིན་ན་སློབ་སྦྱོང་གི་གྲུབ་འབྲས་ཐོན་མི་ཐུབ་པས་ཚེ་འདི་ཕྱི་གང་ཡང་མེད་མཁན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་མེད་པ་ཞིག་མ་རེད། དཀའ་ངལ་ཡོད་ནའང་རྣམ་པ་ཚོས་དཀའ་ལས་བརྒྱབ་ནས་ཧུར་ཐག་འབད་ཐག་བྱ་དགོས་པ་འདི་ད་དུང་ཡིན་ནའང་ཤིན་ཏུ་ནས་གལ་ཆེན་པོ་རེད། རྒན་པ་ཚོས་སྔོན་མ་བརྩོན་འགྲུས་བརྩམས་ཏེ་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་དེང་སང་གྲུབ་འབྲས་ཐོན་དང་ཐོན་བཞིན་པའི་སྐབས་ལ་འཁེལ་ཡོད། ད་དུང་ཡིན་ནའང་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་གནང་རོགས་ཞེས་ནན་ཏན་གྱི་ཚུལ་དུ་ཞུ་འདོད་བྱུང་།

 

བཅའ་ཡིག་ཟུར་རྒྱན་འདིའི་ནང་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་གསུང་བསླབ་བྱ་དང་བཀའ་སློབ་གང་མང་མང་ཞིག་བཀོད་ཡོད། ༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་བཀའ་སློབ་དེ་དག་ནི་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་ཁ་སྦྱར་བ་ལྟ་བུ་སྟེ་ཡོངས་སུ་མཐུན་པ་ཞིག་རེད། ང་ཚོ་ཀིརྟི་ཚང་གི་སློབ་བརྒྱུད་ཡིན་ཞེས་ཁས་འཆེས་པ་ཙམ་མ་ཡིན་པར་བློ་བཟང་འཕྲིན་ལས་ཚང་གིས་གནང་བའི་བསླབ་བྱ་འདི་བཞིན་ང་ཚོ་ཡོངས་རྫོགས་ཀྱིས་ལག་ལེན་བསྟར་དགོས་པ་རེད། ཅེས་འདིའི་ནང་བྲིས་ཡོད། བསླབ་བྱ་འདི་དག་ང་ཚོ་ཡོངས་རྫོགས་ཀྱིས་སེམས་ལ་བཟུང་ནས་དེ་ནང་བཞིན་ཞིག་ཨེ་ཡོང་མི་ཡོང་གི་འབད་བརྩོན་བྱ་དགོས། ཀིརྟི་ཚང་གི་སློབ་བརྒྱུད་ཅིག་ཡིན་ན་འདི་ནང་བཞིན་ཨེ་ཡོང་ལ་འབད་བརྩོན་བྱ་དགོས་པ་ཞིག་ཏུ་གྱུར་ཡོད། ཀིརྟི་ཚང་གི་སློབ་བརྒྱུད་ཡིན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་བསླབ་བྱ་འདི་དག་ཉམས་ལེན་བྱས་པའི་ཐོག་ནས་སྟོན་རྒྱུ་ཡོད་པ་ཞིག་བྱ་དགོས།

 

བཅའ་ཡིག་ཟུར་རྒྱན་འདིར་ཐོག་མ་ཀ་ཁའི་སློབ་སྦྱོང་ནས་བཟུང་སྟེ་མཐའ་མ་མདོ་སྔགས་གཉིས་ཀ་མཐའ་ཕྱིན་པའི་བར་གྱི་སློབ་སྦྱོང་བྱེད་སྟངས་ཀྱི་ལམ་ཡིག་གི་ངོ་བོར་བྲིས་ཡོད་དུས། རྒན་པ་ཚོའི་ཕྱག་ཏུ་དེབ་འདི་རེ་རེ་ངེས་པར་ཡོད་དགོས་པ་དང་། ཡོད་པ་ཙམ་དུ་མ་ཟད་འཛིན་གྲྭ་སོ་སོའི་ནང་དུའང་འདིའི་ནང་དུ་འཁོད་པའི་བསླབ་བྱ་རྣམས་ངེས་པར་འཆད་ཁྲིད་ཡང་ནས་ཡང་དུ་བྱས་ཏེ་ཤ་འཇགས་རུས་འཇགས་སུ་འགྲོ་ཐུབ་པ་ཞིག་བྱ་དགོས། བསླབ་བྱ་འདི་དག་གི་ནང་དོན་སེམས་ལ་ཆུད་པ་ཞིག་བྱུང་བ་ཡིན་ན། རྒྱུན་དུ་བཀའ་སློབ་དང་ལམ་སྟོན་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར། ཆོས་དང་འཇིག་རྟེན་གཉིས་ཀའི་ལམ་ཁ་མ་ནོར་བ་ཞིག་གི་ཐོག་ལ་འགྲོ་ཐུབ་པ་ཞིག་ཡོང་གི་རེད།

 

རྣམ་པ་ཚོས་མཁྱེན་གསལ་ལྟར་རྒྱ་གར་ནང་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་མང་པོ་ཡོད་པའི་ནང་དུ་གྲྭ་བཙུན་གཞོན་སྐྱེས་ཚོའི་སེམས་རྒྱུད་ལ་ཆོས་ཕྱོགས་ཀྱི་བག་ཆགས་བརྟན་པོ་འཇོག་ཐུབ་ཀྱི་མི་འདུག་ཅེས་ཤོད་མཁན་མང་པོ་ཡོང་གི་ཡོད་དུས། ང་ཚོ་ལ་དཀའ་ངལ་དེ་དག་མི་ཡོང་བའི་དོན་དུ་བསླབ་བྱ་དེ་དག་འཛིན་གྲྭའི་རིམ་པ་ལྟ་བུ་བྱས་ཏེ་འདིར་བཀོད་ཡོད།

 

ང་ཚོའི་ཕ་ཡུལ་དུ་ལོ་རེའི་ནང་ཞལ་ངོ་གསར་དུ་བཞེངས་པའི་ཉིན་མོར་ཚོགས་མང་ཡོངས་ལ་བཅའ་ཡིག་གི་ཚོགས་གཏམ་རྒྱས་པ་རེ་འབུལ་དགོས་པའི་ལམ་སྲོལ་ཡོད། ང་ཚོའི་ཕ་ཡུལ་དུ་ཚོགས་ཆེན་ཞལ་ངོ་ལ་དགེ་བཤེས་ཤིག་མ་གཏོགས་སྡོད་མི་ཆོག་པའི་རྒྱུ་མཚན་ནི། དམ་ཆོས་འདུལ་བའི་དགོངས་དོན་བཤད་པ་ལ་རང་ཉིད་དམ་ཆོས་འདུལ་བ་ལ་མཁས་པ་ཞིག་མིན་ན་བཤད་ཤེས་ཀྱི་མ་རེད། དགེ་བཤེས་མ་ཡིན་པ་ཞིག་གིས་དམ་ཆོས་འདུལ་བའི་དགོངས་དོན་བཤད་མི་ཤེས་ཟེར་བའི་གསུང་རྒྱུན་ཡོད། ཚོགས་ཆེན་ཞལ་ངོ་ནི་གཞུང་བཀའ་པོད་ལྔ་ལ་མཁས་པ་དང་ལྷག་པར་དུ་དམ་ཆོས་འདུལ་བ་ལ་མཁས་པ་ཞིག་བསྐོ་བཞག་གནང་དགོས་ཀྱི་ཡོད། ཚོགས་ཆེན་ཞལ་ངོ་ལ་བསྐོ་བཞག་གནང་བའི་རྗེས་སུ་གྲྭ་མང་ལ་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པའི་དགེ་འདུན་པའི་ནང་ཁྲིམས་བཅའ་ཡིག་རིན་པོ་ཆེ་ཚོགས་གཏམ་གྱི་ངོ་བོའི་ཐོག་ནས་ཚོགས་ཡོངས་ལ་སློབ་ཁྲིད་གནང་བའི་སྲོལ་ཡོད། ང་ཚོའི་ཕ་ཡུལ་དུ་ཚོགས་ཆེན་ཞལ་ངོ་རེ་རེའི་སྐབས་བཅའ་ཡིག་ཡོངས་རྫོགས་ཐེངས་གཅིག་གསུངས་ནས་སློབ་ཁྲིད་ལྟ་བུ་གནང་གི་ཡོད།

 

གྲྭ་ཚང་འདི་ལ་ཡིན་ནའང་མཁན་པོས་སློབ་གཉེར་པ་ཡོངས་རྫོགས་ལ་ལོ་རེ་རེའི་ནང་བཅའ་ཡིག་ཁྲིད་གཞུང་ལྟ་བུ་མཛད་ནས་གལ་གནད་ཆེ་བའི་རིགས་རྣམས་དམིགས་བསལ་གྱིས་ངོ་སྤྲོད་གནང་ཐུབ་ན་ཡག་པོ་ཡོང་གི་རེད་བསམས། སློབ་ཁྲིད་གང་འདྲ་བྱས་ནས་གནང་དགོས་མིན་ནི་རྣམ་པ་ཚོས་གྲོས་བསྡུར་མཛད་དགོས། གྲྭ་པ་རྒན་པ་རེ་རེའི་ལག་ཏུ་བཅའ་ཡིག་གི་དེབ་རེ་ཡོད་པ་ལྟར་དེ་བེད་སྤྱོད་གཏོང་དགོས་པ་འདི་གལ་ཆེན་པོ་རེད། འཛིན་གྲྭ་སོ་སོའི་ནང་དུ་ཡིན་ནའང་རྒྱུན་གྱི་སློབ་ཚན་ཁྲིད་པ་དང་མཉམ་དུ་འདིའི་ནང་འཁོད་པའི་བཀའ་སློབ་ཁག་སློབ་ཁྲིད་གནང་ཐུབ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

དེབ་གཉིས་པ་ནི་གཙོ་བོ་འཛིན་སྐྱོང་དང་འབྲེལ་བའི་འགྲིག་གཞིའི་སྐོར་རེད། སྔོན་མ་ལོ་མང་པོའི་རིང་གི་འགྲོ་སྟངས་ནི་མི་ཁོ་ཡག་པོ་འདུག ལས་ཀ་དེ་དང་དེ་ལ་འཚམས་པོ་འདུག།ཅེས་འགྲིག་གཞིའི་རིམ་པ་གང་ཡང་མེད་པར་ལས་གནས་སོ་སོར་བསྐོ་བཞག་བྱས་པ་རེད། མ་འོངས་པར་ལས་སྣེ་གང་འདྲ་ཞིག་ཏུ་བསྐོ་བཞག་བྱས་ཀྱང་འགྲིག་གཞི་དང་མཐུན་པ་དང་ཁྱད་ཆོས་ཚང་བ་ཞིག་གི་ཐོག་ནས་བསྐོ་བཞག་ཡོང་ཐབས་ཀྱི་ལམ་སྲོལ་གསར་པ་ཞིག་བཟོས་ཡོད། འགྲིག་གཞི་འདི་གཉིས་ཀ་ད་ལོའི་ཕྱི་ཟླ་ ཚེས་ ཉིན་ནས་བཟུང་དངོས་སུ་ལག་བསྟར་གནང་དགོས། འགྲིག་གཞི་འདི་གཉིས་ལག་བསྟར་ཡག་པོ་ཡོང་ཐབས་སུ་ལོ་གཅིག་རིང་མཁན་པོ་དང་ལས་སྣེ་གཙོ་བོའི་རིགས་རྣམས་བརྗེ་མ་དགོས་པར་རང་འཇགས་སུ་བཞག་ན་ཡག་པོ་ཡོད་པ་རེད་བསམས། འོན་ཀྱང་ལས་བྱེད་ཆུང་ཚགས་ལོ་འདིའི་ནང་ངེས་པར་བརྗེ་སྤོ་བྱ་དགོས་པའི་རིགས་ཡོད་ཚེ་སྒྲིག་གཞི་ལྟར་བརྗེ་སྤོ་བྱས་ན་འགྲིག་སྙམ།

 

ང་ཚོ་ལ་གྲྭ་རྒྱུན་ལོ་ཆུང་ཆུང་མང་པོ་ཡོད་པ་དེ་དག་དགེ་རྒན་རྣམ་པ་ཚོས་ཧུར་ཐག་འབད་ཐག་བྱས་ཏེ་གསོ་སྐྱོང་གནང་གི་འདུག དེ་ལས་ལྷག་པ་ང་ལ་ཞུ་རྒྱུ་གང་ཡང་མི་འདུག ད་ལྟའི་གྲྭ་པ་རྒན་པའི་རིགས་ཁྱེད་རྣམས་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཨེ་ཡོང་སྙམ་པའི་རེ་བ་ཞིག་གི་ཐོག་ནས་ཐོག་དང་པོར་ང་ཚོས་ཁྱེད་རྣམ་པ་གསོ་སྐྱོང་བྱས་པ་རེད། ད་ཆ་ཁྱེད་རྣམ་པ་ཚོས་བསྟན་པ་དངོས་སུ་འཛིན་པའི་ལས་སུ་བྱ་བ་དང་པོ་ནི་དགེ་ཕྲུག་ཉར་ནས་ཁོང་ཚོར་ཆོས་དང་མཐུན་པའི་ལམ་བསྟན་ནས་གྲྭ་རྒྱུན་འདི་ཚོ་བསྟན་པ་འཛིན་ཐུབ་མཁན་ཞིག་ཡོང་བ་ལ་ཁྱེད་ཚོས་འབད་བརྩོན་གནང་དགོས་པ་འདི་རེད།

 

དགེ་ཕྲུག་ཉར་ནས་གསོ་སྐྱོང་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དགེ་རྒན་རང་ཉིད་ཀྱི་སྤྱོད་ལམ་ལ་དགེ་ཕྲུག་ཆུང་ཆུང་ཚོས་ཁ་མིག་ཡར་ལྟ་བྱེད་ས་ཡོད་པའི་སྤྱོད་ལམ་ཞིག་ངེས་པར་ཡོད་དགོས། ཐེངས་དང་པོར་དགེ་ཕྲུག་འཛིན་པའི་སྐབས་སུ་གྲྭ་པ་རྒན་པ་འགའ་ཤས་ཀྱིས་དགེ་ཕྲུག་གིས་ང་བསྡམས་ཡོང་གི་འདུག་ཅེས། བཤད་པ་རེད་ཟེར་བ་གོ་བྱུང་། དངོས་ཡོད་གནས་ཚུལ་ལ་དགེ་ཕྲུག་དགེ་རྒན་ལ་འཛེམས་ཟོན་ཡོད་པ་དང། དགེ་རྒན་གྱི་སྤྱོད་ལམ་དགེ་ཕྲུག་ལ་འཛེམས་ཟོན་ཡོད་པ་ཞིག་དགོས། རྣམ་པ་ཚོས་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་ད་ལྟའི་བར་དུ་ཧུར་ཐག་འབད་ཐག་གནང་སོང་། མ་འོངས་པར་ཡང་སྔར་བཞིན་དགེ་ཕྲུག་ཆུང་བ་འདི་རྣམས་ལམ་ལོག་པ་ཞིག་ཏུ་མི་འགྲོ་བའི་ཆེད་དུ་ཁྱེད་རྣམ་པ་ཚོས་འགན་བཞེས་དགོས། དགེ་རྒན་རྣམ་པ་ཚོའི་བསམ་བློའི་འཁྱེར་སོའི་ནང་དུ་དགེ་ཕྲུག་ཆུང་ཆུང་འདི་དག་མ་འོངས་པར་གྲྭ་ཚང་འདིའི་ནང་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞི་ཡོངས་སུ་རྫོགས་པ་ལ་སློབ་སྦྱོང་མཐིལ་ཕྱིན་པར་གནང་ཐུབ་མཁན་ཞིག་དང་། མ་ཐ་ཡང་ཆོས་དད་ཡང་དག་པ་ཡོད་མཁན་ཞིག་ཏུ་གསོ་སྐྱོང་གནང་གི་ཡིན་བསམ་པའི་དམིགས་ཡུལ་འདི་དང་པོ་ནས་འཛིན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་ལྟ་བུའི་བསམ་བློའི་འཁྱེར་སོ་ཡོད་པའི་ཐོག་ནས་དགེ་ཕྲུག་གསོ་སྐྱོང་གནང་ཐུབ་ན་དེ་ལས་ལྷག་པའི་བསྟན་པའི་ཞབས་འདེགས་ཞུ་རྒྱུ་ཡོད་པ་མ་རེད། དེ་ཡིན་དུས་རྣམ་པ་ཚོས་མུ་མཐུད་འབད་བརྩོན་གནང་རོགས། ཞེས་རེ་འདུན་ཞུ་འདོད་བྱུང་།

 

ཐོག་མ་ནས་འགྲིག་ལམ་ཆེ་ཆུང་གང་ཞིག་ཡིན་རུང་གུ་ཡངས་ས་དང་ཡངས་སའི་ཐོག་ལ་མ་འགྲོ་བ་ཞིག་གནང་དགོས། འགྲིག་ལམ་གུ་དོག་མོ་ནས་གུ་ཡངས་པོ་བྱ་རྒྱུ་དཀའ་ངལ་གང་ཡང་མེད་ཀྱང་། འགྲིག་ལམ་གུ་ཡངས་པོ་ཕྲན་བུ་བྱས་ཟིན་པའི་རྗེས་སུ་ཡང་བསྐྱར་འགྲིག་ལམ་སྡོམ་དགོས་བྱུང་ན་ཤིན་ཏུ་དཀའ་ངལ་ཆེན་པོ་ཡིན། ཐོག་མ་ནས་རྐང་པ་ལྗིད་ཁོག་ཆེན་པོ་ཞིག་གི་ཐོག་ལངས་ཐུབ་པའི་གོམས་འདྲིས་བསྟེན་ན་དཀའ་ངལ་ཡོང་གི་མ་རེད།

 

གྲྭ་རྒྱུན་ལོ་ཆུང་བ་རྣམས་ལ་ཤ་ཚ་བའི་ཐོག་ནས་འགྲིག་ལམ་གྱི་ནང་དུ་འཛུད་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། གནའ་སྔ་མོ་བོད་ནང་དུ་དགེ་ཕྲུག་ཆུང་ཆུང་གི་རིགས་གསོ་སྐྱོང་གནང་བའི་སྐབས་རྩུབ་པོ་དང་ཉེས་རྡུང་བཏང་བའི་སྒོ་ནས་གསོ་སྐྱོང་གནང་བའི་སྲོལ་ཞིག་ཡོད། རྩུབ་སྤྱོད་ཀྱི་རིགས་གཏན་ནས་མི་དགོས་པ་ཞིག་མིན་ནའང་། གཙོ་བོ་ལོ་ཆུང་བ་རྣམས་ལ་ཡིན་ལུགས་མིན་ལུགས་ཀྱི་རྒྱུ་མཚན་བཤད་ནས་བསླབ་བྱ་རྒྱག་དགོས་པ་འདི་གལ་ཆེ་ཤོས་ཡིན། དཔེར་ན། དཀར་ཡོལ་ལྟ་བུ་ཞིག་འཇོག་ས་ནོར་ཡོད་ན། དེ་འདི་ལ་བཞག་ན་ཉེས་སྐྱོན་གང་འདྲ་ཡོང་གི་ཡོད་མེད་མིག་སྟོན་བྱས་ཏེ་བསྒྱུར་བཅོས་ཡོང་ཐབས་བྱས་ན་ཕུགས་སུ་ལེགས་པ་ཡོང་གི་རེད། དགེ་ཕྲུག་ཆུང་བ་ཚོར་དགེ་སྐྱོན་གྱི་གནས་ལུགས་གསལ་བཤད་གནང་ན་ཁོང་ཚོར་དགེ་སྐྱོན་ཤེས་ཐུབ་པ་དང་ཉན་ཐུབ་པའི་ནུས་པ་ཡོད་པ་ང་ལ་ཉམས་མྱོང་ཡོད། ང་ཚོས་དེ་མ་བྱེད་ཅེས་རྩུབ་ཤེད་ཀྱིས་བཀའ་བབས་པ་ལྟ་བུ་མ་ཡིན་པར། ཡིན་ལུགས་མིན་ལུགས་ཀྱི་དགེ་སྐྱོན་བཤད་ནས་གོ་བརྡ་སྤྲད་ཐུབ་ན་དགེ་ཕྲུག་ཆུང་ཆུང་ཚོའི་བསམ་བློ་ལ་འགྱུར་བ་འགྲོ་ཐུབ་ཀྱི་ཡོད། དགེ་རྒན་འོས་སྦྱོང་སྐབས་ཀྱི་སློབ་ཚན་ནང་དུ་སྤང་ཐང་ཞིག་ལ་ཐེངས་གཅིག་ཕྱིན་པ་ཙམ་གྱིས་ལམ་ཁ་གཏོད་མི་ཐུབ་ཀྱང་། ཐེངས་བཞི་ལྔ་བྱས་ཏེ་ལན་མང་པོ་ཕྱིན་པ་ཡིན་ན་རིམ་གྱིས་ལམ་ཁ་དོད་ཡོང་གི་རེད། ཅེས་གསུང་གི་ཡོད་པ་ལྟར་དགེ་ཕྲུག་ཚོར་ཡིན་ལུགས་མིན་ལུགས་ལན་མང་པོར་ཡང་ནས་ཡང་དུ་བཤད་པའི་བསླབ་བྱ་དེ་སེམས་རྒྱུད་ལ་འཇགས་པ་ཞིག་གནང་དགོས།

 

དགེ་ཕྲུག་སྐྱོང་རྒྱུར་དཀའ་ངལ་ཅི་ཙམ་ཆེན་པོ་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད། སྔོན་མ་ཨ་ལགས་སྨོན་ལམ་དང་ཨ་ལགས་ཕ་མཐའ་གཉིས་ཆུང་ཆུང་སྐབས་ངས་གསོ་སྐྱོང་བྱས་པ་ཡིན། ཉིན་མོའི་ལས་ཐེབ་བཅག་གི་འདུག མཚན་མོའི་གཉིད་ཐེབ་བཅག་གི་འདུག་ཀྱང། དཀའ་ངལ་ག་ཚད་ཡོད་མེད་ལ་མ་ལྟོས་པར་གསོ་སྐྱོང་གིས་ཡག་པོ་ཡོང་ཐབས་བྱས་པ་ཡིན་ཡང་། རྐྱེན་ངན་གྱི་དབང་དུ་ཤོར་ནས་དེ་འདྲ་ཞིག་ཏུ་གྱུར་སོང་བ་ཡིན་དུས་ད་ཆ་བྱ་ཐབས་གང་ཡང་མི་འདུག ཁྱེད་ཚོ་ལ་དཀའ་ངལ་ཡོད་ཀྱང་ཉིན་མོའི་ལས་ཐེབ་དང་མཚན་མོའི་གཉིད་ཐེབ་བཅག་ནས་དགེ་ཕྲུག་ཚོ་ཡག་པོ་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

རྡོ་རྗེ་གླིང་སུ་ཁེའི་ཕྱོགས་ཀྱི་གྲྭ་རྒྱུན་རྒན་པ་ཚོས། དེ་ཕྱོགས་ནས་ཡོང་བའི་གྲྭ་རྒྱུན་གཞོན་པ་གསར་པ་རྣམས་ལ་སྐད་ཡིག་དང་བསམ་བློ་གང་ཅིིའི་ཐད་ནས་ཡག་པོ་ཞིག་ཡོང་ཐབས་སུ་ནང་ཁུལ་ནས་རྒྱུན་དུ་བསླབ་བྱ་རྒྱག་དགོས་པ་དེ་ཁྱེད་རྒན་པ་ཚོའི་ལས་འགན་རེད། རྡོ་རྗེ་གླིང་ཕྱོགས་ཀྱི་མང་ཚོགས་དང་དགོན་པ་གཉིས་ཀའི་ཁོར་ཡུག་དེ་ཅུང་མ་འདྲ་བ་ཞིག་ཡིན་དུས། དགེ་ཕྲུག་ཆུང་བ་ཚོར་འགྲོ་ལུགས་འདུག་སྟངས་བསླབ་ནས་གྲྭ་པ་ཡག་པོ་ཞིག་ཡོང་བའི་ཐབས་ལ་འབད་བརྩོན་བྱ་དགོས། ལྷག་པར་དུ་བོད་སྐད་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཞོག་ཐབས་ལ་དམིགས་བསལ་དོ་སྣང་བྱེད་དགོས་ཀྱི་ཡོད། ཁོ་ཚོའི་ས་གནས་ཀྱི་ཡུལ་སྐད་ལ་མཐོང་ཆུང་བྱས་པ་མིན་ནའང་བོད་ཀྱི་སྐད་ཡིག་ཡག་པོ་ཞིག་ཤེས་མ་ཐུབ་ན་མ་འོངས་པར་གཞུང་ཆེན་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་ཡིན་དུས། ཁྱེད་ཚོའི་ནང་ཁུལ་ནས་ཕན་ཚུན་བསླབ་བྱ་བརྒྱབ་སྟེ་བོད་ཡིག་དང་བོད་སྐད་ཡག་པོ་ཡོང་བ་ལ་བོད་སྐད་རྒྱུན་དུ་ཤོད་དགོས་པ་དང་བོད་ཡིག་བེད་སྤྱོད་གཏོང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་རྒྱུན་དུ་ཤོད་དགོས།

 

ཀིརྟིའི་བྱེས་པ་གྲྭ་ཚང་ལ་ལུང་ཚན་དང་མི་རིགས་ཀྱི་དབྱེ་བ་ཡོད་པ་མ་རེད། ང་ཚོ་ཡོངས་རྫོགས་བསྟན་པ་གཅིག་གི་རྗེས་འཇུག་དང་བླ་མ་གཅིག་གི་སློབ་མ་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་གྲྭ་རྒྱུན་གཞོན་པ་འདི་རྣམས་མ་འོངས་པར་བསྟན་པ་དང་འགྲོ་བ་ལ་ཕན་པའི་དོན་བྱེད་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཚད་ལྡན་ཞིག་ཡོང་བ་ལ་གསོ་སྐྱོང་བྱ་དགོས་པ་ང་ཚོའི་འགན་ཡིན་དུས། དམིགས་ཡུལ་གྱི་ཆ་ནས་ཀྱང་ང་ཚོ་ལ་མ་འདྲ་བ་གང་ཡང་ཡོད་པ་མ་རེད། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་རང་རང་གི་ས་ནས་འགན་བླངས་ཏེ་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

 

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ཚེས་ ༥ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.