2023.5.9 2 16༄༅།། ད་ལོའི་ལོ་སར་གྱི་སྐབས་ང་འདིར་བསྡད་ཐུབ་མེད་དུས་ཁ་སང་ལས་སྣེ་ཚོ་འཚམས་ཞུ་ལ་བཅར་ནས། གྲྭ་ཚང་ལ་སྐད་ཆ་ཚིག་འགའ་ཤས་ཤིག་བཤད་ན་ཞེས་རེ་འདུན་འདོན་གྱི་འདུག།ལོ་འགའ་ཤས་ཀྱི་གོང་ནས་ངས་དགེ་རྩ་ཚོགས་པའི་དབུ་འཛིན་གྱི་འགན་འཁྱེར་བ་མ་གཏོགས་གྲྭ་ཚང་གི་འཛིན་སྐྱོང་སོགས་ཀྱི་འགན་གཙོ་བོ་གྲྭ་ཚང་གི་ལས་སྣེ་ཚོས་འཁྱེར་དགོས་པ་བྱས་ཏེ། ངས་གྲྭ་ཚང་གི་འཛིན་སྐྱོང་སོགས་ཀྱི་ཐོག་སྐད་ཆ་བཤད་མ་དགོས་པ་གཙོ་འདོན་བྱས་པ་ཡིན་དུས། གྲྭ་ཚང་གི་ལས་དོན་དང་འབྲེལ་བའི་ཐོག་སྐད་ཆ་མ་བཤད་ནས་ལོ་འགའ་ཤས་ཤིག་ཕྱིན་ཡོད། དེ་རིང་ཡང་ང་ལ་དམིགས་བསལ་ཤོད་རྒྱུ་མི་འདུག་ཀྱང། བཤད་རོགས་ཞེས་རེ་འདུན་ཞུས་པ་ཡིན་དུས་ཚིག་ཁ་ཤས་ཤིག་བཤད་ན་ཕན་ཐོགས་པ་ཕྲན་བུ་རེ་ཡོད་སྲིད་སྙམ། ང་མི་རྒན་པ་ཡིན་པའི་ཉམས་མྱོང་དང། ཕུགས་རྒྱང་རིང་པོ་མཐོང་མ་མཐོང་སོགས་ཀྱི་ཁྱད་པར་ཕྲན་བུ་ཡོད་སྲིད་པ་རེད་བསམས་ནས་ཚིག་ཁ་ཤས་ཤོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན།

 

ཐོག་དང་པོར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐོར་ལ་ཕྲན་བུ་ཞིག་བཤད་ན། ཀིརྟིའི་བྱེས་པ་གྲྭ་ཚང་ནི་བཞུགས་སྒར་རྡ་རམ་ལར་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་ཚགས་ཚུད་ཤོས་ཤིག་དང། འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཆ་ནས་ཡར་རྒྱས་ཡོད་པ༑ ནང་ཁུལ་གྱི་མཐུན་ལམ་དང་ལས་ཀ་བྱེད་སྟངས་རེད། བོད་ནང་དུ་ཡིན་ནའང་ཀིརྟིའི་དགོན་ཁག་མང་པོ་ཡོད་པ་དེ་དག་གི་འཆད་ཉན་སློབ་གཉེར་དང། འཛིན་སྐྱོར་སྦྱང། འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཆ་ནས་ཕལ་ཆེར་རང་བསྟོད་ཙམ་མ་ཡིན་པར་དེང་སང་ཡག་པོ་འདུག་ཅེས་བསྟོད་བསྔགས་ཞུ་ཡུལ་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པའི་སྐབས་འདིར་ང་ཚོ་འགྲིག་ཡོད་སྙམ་པའི་ཐོག་ནས་ལྷོད་གཡེང་དུ་ཕྱིན་ན་ཉམས་ཆག་འགྲོ་སྲིད་པ་ཡིན་དུས། ཀུན་གྱིས་གཟབ་གཟབ་དང་ཧུར་ཐག་འབད་ཐག་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ཀིརྟི་ཚང་གི་བླ་མ་དང་སློབ་མ་སློབ་བརྒྱུད་དང་བཅས་པ་གཞན་དང་མ་འདྲ་བ་ཞིག་ཡིན་ཞེས་གནའ་སྔ་མོ་ནས་ཤོད་སྲོལ་ཡོད་པ་ལྟར། དངོས་ཡོད་གནས་ཚུལ་ལ་ཀིརྟི་ཚང་གི་སློབ་མ་སློབ་བརྒྱུད་དང་བཅས་པ་གང་ཅིའི་ཆ་ནས་གཞན་དང་མ་འདྲ་བ་ཞིག་ཏུ་མངོན་ཐུབ་ཡོད། མ་འོངས་པར་ཡང་གནས་སྟངས་ལེགས་པོ་འདི་རྒྱུན་གནས་དང་མུ་མཐུད་ཡར་རྒྱས་འགྲོ་བའི་དོན་དུ་རྣམ་པ་ཚོས་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད། ཅེས་རེ་འདུན་ཞུ་རྒྱུ་ཡིན།

 

ཀིརྟིའི་བྱེས་པ་གྲྭ་ཚང་འདི་ཐེངས་དང་པོ་ཚུགས་སྐབས་ཀྱི་གྲྭ་པ་རྣམས་དེང་སང་རྒན་པར་ཆགས་ནས་གྲལ་མགོར་སླེབས་ཚར་ཡོད། ང་ཡིན་ནའང་ལོ་བརྒྱད་ཅུ་གྱ་གཉིས་ལ་སླེབས་ཟིན་པ་རེད། ད་ལྟ་ལ་ཐུག་གི་བར་དུ་ང་ཚོ་ཡོངས་རྫོགས་ང་བཟང་ཁྱོད་བཟང་དང། ཕན་ཚུན་བརྩི་མཐོང་ཡོད་པ། དད་གུས་དང་ཡིད་ཆེས་ཡོད་པ། ཕན་ཚུན་བསམ་ཤེས་ཡོད་པ་ཞིག་བྱས་པའི་ཐོག་ནས་ཕྱིན་པ་རེད། ངའི་མི་ཚེ་ཡིན་ནའང་བཟང་མཐར་འཁྱོལ་བ་བྱས་ཏེ་ད་ལོ་ལོ་བརྒྱད་ཅུ་གྱ་གཉིས་ཟིན་ཡོད། མ་འོངས་པར་ཡང་ང་ཚོ་ང་བཟང་ཁྱོད་བཟང་གི་ཐོག་ནས་འགྲོ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདིའི་ཐོག་ལ་ང་ཚོ་ཡོངས་རྫོགས་ཀྱིས་འབད་བརྩོན་གནང་དགོས་པ་འདི་གལ་ཆེན་པོ་རེད།

 

རྣམ་པ་ཚོས་མཁྱེན་གསལ་ལྟར་ངའི་ལས་ཀ་བྱེད་སྟངས་ནི། སྒེར་པའི་ངོ་བོའི་ཐོག་ནས་སྤྱི་པའི་ལས་དོན་ལ་ཞབས་ཕྱི་ཞུ་བ་དེ་ངའི་ལས་ཀ་བྱེད་སྟངས་ཤིག་རེད། སྤྱི་པ་མ་གཏོགས་སྒེར་པ་དགོས་པ་མ་རེད་ཅེས་སྒེར་བློས་གཏོང་བྱ་རྒྱུ་མ་ཡིན་པར། སྒེར་གྱི་ངོ་བོ་དང་རང་ཚུགས་མ་བརླག་པའི་ཐོག་ནས་སྤྱི་དོན་བྱས་པ་ཡིན་ན་ནུས་པ་ཐོན་པ་ཞིག་ཡོང་གི་རེད། འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་དང། བོད་ནང་གི་འབྲེལ་ཡོད་དགོན་སྡེ་སུ་ཞིག་ཡིན་ནའང་སོ་སོའི་འཛིན་སྐྱོང་དང་སློབ་གཉེར་སོགས་ཀྱི་ལས་དོན་འཐུས་མ་ཤོར་བའི་ཐོག་ནས། བོད་སྤྱི་བའི་ལས་དོན་དང་སངས་རྒྱས་བསྟན་པ་སྤྱིའི་དོན་དུ་ཤུགས་བརྒྱབ་ན་ཕན་ཐོགས་དང་ནུས་པ་ལྡན་པ་ཞིག་ཡོང་གི་རེད། ཅེས་རྣམ་པ་ཚོར་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང།

 

ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་པ་རྒན་པ་ཚོ་ལ་ཆ་བཞག་ན་མི་ཚེའི་རིང་ང་ལ་བསྟན་པ་སྐྱོང་རོགས་བྱས་ནས་ཡོང་བ་རེད། དེང་སང་འགའ་ཤས་མགོ་དམར་པོ་དང་འགའ་ཤས་མགོ་དཀར་པོར་གྱུར་ཏེ་བླ་རྒན་གྲྭ་རྒན་ཞིག་ཏུ་གྱུར་ཡོད། ཕ་ཡུལ་དུ་ཡིན་ནའང་ཁྱེད་ཚོའི་མི་ཐོག་འདིས་དགོན་པ་གྲྭ་ཚང་གི་འཛིན་སྐྱོང་དང་འཆད་ཉན་སློབ་གཉེར་སོགས་ཀྱི་འགན་གཙོ་བོ་བཞེས་ནས་བསྟན་པ་ལ་བྱ་བ་སྒྲུབ་ཐུབ་མཁན་ཤ་སྟག་ཏུ་གྱུར་ཡོད། ཁྱེད་ཚོ་རྒན་པ་རྣམས་ཀྱིས་ཀིརྟི་ཚང་གི་བསྟན་པ་སྐྱོང་རོགས་བྱེད་ཀྱི་ཡོད།

 

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡི། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།།ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད་པ་ལྟར། ཁྱེད་ཚོས་སྨོན་ལམ་དེ་ཐེབས་ནས་བྱ་བ་དངོས་ཀྱི་ཐོག་ལ་འཇུག་བཞིན་པ་ཞིག་རེད། སོ་སོར་ལས་འགན་གང་ཡོད་པ་དེ་འཐུས་ཤོར་མ་ཕྱིན་པ་བྱས་ཏེ་བསྒྲུབས་པ་ཡིན་ན། ཁ་འདོན་སྒྲིབ་སྦྱོང་དང་ཚེ་འདི་ཕྱི་གཉིས་ཀའི་དོན་དག་དེ་ལས་ལྷག་པ་ཞིག་མེད། ད་ལྟའི་བར་དུ་སྐུ་ལས་བསྐྱོན་པ་བཞིན་མ་འོངས་པར་ཡང་སོ་སོའི་ལས་འགན་གང་ཡིན་པ་དེའི་ཐོག་ལ་ཧུར་ཐག་འབད་ཐག་བྱས་ཏེ་མི་ཚེ་ལྷག་མ་གང་ཡོད་པ་དེར་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན་སྙམ་པའི་ཐོག་ནས་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད།

 

ཁྱེད་ཚོ་ད་ལྟ་དཀའ་ལས་རྒྱག་མཁན་ཚོ་མ་འོངས་པར་བོད་ཀྱི་ལོ་རྒྱུས་ཐོག་འཁོད་དགོས་པའི་མི་སྣ་ཞིག་ཏུ་གྱུར་ཡོད་པ་རེད། བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་སྐབས་དང་ཀིརྟི་ཚང་ཡིན་ནའང་ཤིན་ཏུ་ཉག་ཕྲ་བ་འདི་འདྲའི་སྐབས་ལ་ཁྱེད་ཚོས་འགན་འཁུར་ནས་ཧུར་ཐག་འབད་ཐག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

 

ད་ལྟ་འདིར་ཡོད་པའི་རྒན་པ་མང་ཆེ་བས་སོ་སོའི་དགེ་ཕྲུག་སྐྱོང་གི་ཡོད་པ་རེད། དགེ་ཕྲུག་སྐྱོང་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དུད་འགྲོ་སེམས་ཅན་ཞིག་བསྐྱང་དགོས་བྱུང་ནའང་དཀའ་ལས་ཆེན་པོ་རེད། མི་ཞིག་བསྐྱང་བ་ལ་དཀའ་ངལ་མང་པོ་ཡོད་ཀྱང་ཁྱེད་ཚོས་ད་ལྟའི་བར་དུ་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་བྱས་ཏེ། བརྩེ་བ་དང་ལྷག་བསམ་ཡོད་པའི་ཐོག་ནས་དགེ་ཕྲུག་སྐྱོང་གི་ཡོད་པའི་བྱ་བ་འདི་ཤིན་ཏུ་ནས་ཡག་པོ་དང་གཟི་བརྗིད་ཆེན་པོ་ཅན་ཞིག་རེད། མ་འོངས་པར་མུ་མཐུད་ནས་ཁྱེད་ཚོས་དགེ་ཕྲུག་བསྐྱང་དགོས་པ་རེད། དགེ་ཕྲུག་སྐྱོང་བའི་སྐབས་སུ་ཤེས་ཡོན་གལ་ཆེན་པོ་ཡིན་པ་སྨོས་མ་དགོས་ཀྱང། དེ་ལས་ཀྱང་གལ་ཆེ་བ་ནི་ཆུང་དུས་ནས་ཡ་རབས་སྤྱོད་བཟང་གི་གོམས་གཤིས་འཇགས་ཐུབ་པ་ཞིག་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དགེ་ཕྲུག་རྣམས་མ་འོངས་པར་ནར་སོན་པའི་སྐབས་ཡོན་ཏན་ཡོད་པའི་ཐོག།ལྷག་བསམ་ཡོད་པ་དང། ལས་དོན་ཆེ་ཆུང་གང་འདྲ་ཞིག་བྱས་ཀྱང་སྤྱི་སེམས་ཡོད་པ། དཔེར་ན། ཆུ་རྐ་ཞིག་ནས་ཆུ་དོན་མེད་དུ་བཞུར་གྱི་ཡོད་ནའང་དེ་ལ་སེམས་ཁུར་བླངས་ནས་བདག་པོ་རྒྱག་མཁན་ཞིག་དགོས། མདོར་བསྡུས་ན། ཡ་རབས་སྤྱོད་བཟང་ལྡན་པ་དང། ལྷག་བསམ་ཡོད་པ། སྤྱི་སེམས་ཅན་ཞིག་ཡོང་བའི་ཐབས་ལ་དགེ་རྒན་རྣམས་ཀྱིས་རྒྱུན་དུ་དགེ་ཕྲུག་ཚོར་བསླབ་བྱ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད།

 

ལས་སྣེ་དང་དགེ་རྒན་རྣམ་པ་ཚོས་ད་ལྟ་ལ་ཐུག་གི་བར་དུ་ཉི་མ་ནས་ཉི་མ་དང། ལོ་ནས་ལོ་བསྟུད་དེ་ཧུར་ཐག་འབད་ཐག་བྱས་པ་རེད་ལ། མ་འོངས་པར་ཡིན་ནའང་དགེ་རྒན་དང་ལས་སྣེ་ཚོས་སྔོན་མའི་ལས་དོན་གྱི་འཕྲོ་བསྐྱངས་ནས་ཧུར་ཐག་འབད་ཐག་གནང་ངེས་ཡིན་དུས་དེའི་སྐོར་ལ་དམིགས་བསལ་ཞུ་དགོས་པ་མི་འདུག

 

ཡིན་ནའང་མ་འོངས་པར་ང་ཚོའི་ལས་ཀ་བྱེད་སྟངས་ཀྱི་སྐོར་ལ་ཕྲན་བུ་བསམ་བློ་གཏོང་དགོས་པ་ཞིག་འདུག་བསམས། སྔོན་མ་ཡིན་ན་བོད་ནས་གྲྭ་རྒྱུན་འབྱོར་རེས་བཞིན་སློབ་སྦྱོང་ཐོན་པ་དང་ལས་གནས་འདི་དང་འདི་ལ་མི་འདི་ཡག་པོ་འདུག་ཅེས་བསྐོ་བཞག་བྱས་ནས་འགྲོ་ཡི་ཡོད། ད་ཕྱིན་ཆད་ལས་སྣེ་སོགས་འགྲོ་ལམ་གསར་པ་ཞིག་གི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཏུ་ཆགས་ཀྱི་འདུག་སྙམ། རྒྱུ་མཚན་ནི་འོག་ནས་གསར་པ་ཡོང་མཁན་རྣམས་སློབ་སྦྱོང་ཐོན་ནས་ཡོང་གི་ཡོད་དུས། ལས་འགན་ཁྱེར་སྟངས་ཀྱི་རིམ་པ་གསར་པ་ཞིག་བཟོ་དགོས་ཀྱི་འདུག།དཔེར་ན། སྐུ་ཚབ་དང་དགེ་སྐོས་ལྟ་བུ་ཟུར་བའི་རྗེས་ལས་འགན་འདི་དང་འདི་འཁྱེར་དགོས་ཀྱི་ཡོད་ཅེས་པ་ལྟ་བུའི་རིམ་པ་ཞིག་གཏན་འབེབས་བྱེད་ཐུབ་ན་ཡག་པོ་རེད་བསམ། སུ་ཁེ་ཀིརྟིའི་དགོན་པ་དང། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང། ཝཱ་རཱ་ཎ་སཱིར་ས་ཆ་ཡོད་པ་བཅས་ང་ཚོའི་གནས་སྟངས་ལ་དཔག་པའི་ཡན་ལག་གང་འཚམས་མང་པོ་ཡིན་པ་དང། དེ་དག་ལ་འགན་ཁུར་མཁན་མི་འགྲོ་ཡང་གང་འཚམས་མང་པོ་དགོས་ཀྱི་ཡོད། མི་གཅིག་ལོ་ཡུན་མང་པོའི་རིང་ལས་གནས་གཅིག་གི་ཐོག་ཏུ་སྡོད་རྒྱུར་དཀའ་ངལ་ཡོད་དུས་དེ་དག་ལ་འགྲོ་སྟངས་ཀྱི་རིམ་པ་ཞིག་བཟོས་ན་ཡག་པོ་ཡོད་པ་རེད་བསམས།

 

གནའ་སྔ་མོར་སྟག་ཚང་ལྷ་མོ་ནས་ཞལ་ངོར་བཞུགས་ཟིན་པ་ཡིན་ན་དེའི་ལོ་རྗེས་མར་རྔ་པ་ཀིརྟི་དགོན་པ་ལ་ཞལ་ངོར་ཕེབས་དགོས་པ་ལམ་སྲོལ་དུ་གྱུར་ཡོད། འདི་ལྟ་བུའི་ལམ་སྲོལ་འདེད་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་ཡག་པ་མེད་འགྲོ་བསམ། འདིའི་ཆེད་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་ལོ་མང་པོ་ཕྱིན་པའི་སྔ་མོའི་འགྲོ་སྟངས་ཀྱི་ལམ་སྲོལ་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་ཀྱི་ཟིན་བྲིས་ཤིག་བཟོས། དེའི་ཐོག་ཚོགས་འདུ་ལས་སྣེ་སོགས་ཀྱིས་གྲོས་བསྡུར་བྱས་ཏེ་མཐའ་མའི་ཐག་གཅོད་བྱེད་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད།

 

དཔེར་ན། བྱེས་པ་གྲྭ་ཚང་དུ་སློབ་སྦྱོང་ཐོན་པའི་བླ་སྤྲུལ་མང་པོ་ཞིག་ཡོད། ཁོང་ཚོ་ཡང་ལས་འགན་ཞིག་གི་ནང་དུ་བཅུག་ནས་འགན་ཁུར་ཡོད་པ་ཞིག་བྱ་དགོས་ཀྱི་འདུག།དེ་ཡང་གཏན་འཇགས་མ་ཡིན་པར་རེས་མོས་དང་འཁོར་རེས་བྱས་ནས་འགྲོ་དགོས་པའི་སྒྲིག་སྲོལ་ཞིག་བཟོ་དགོས་ཀྱི་འདུག

 

ངས་ཉེ་ཆར་རྡོ་རྗེ་གདན་དུ་བཤད་མྱོང། མ་འོངས་པར་རིམ་པས་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་གསོ་སྦྱོང་འཚོགས་ཐུབ་པར་བྱ་དགོས་པ་དང། གསོ་སྦྱོང་གི་མདོ་བླ་མ་ཚོས་འཆད་དགོས་པས་རྡོ་རྗེ་གདན་ལ་ཕེབས་མཁན་གྱི་བླ་མ་སུ་ཡིན་པ་དེས་གསོ་སྦྱོང་གི་མདོ་བློ་འཛིན་བྱས་ཏེ་གྲ་སྒྲིག་བྱ་དགོས་ཀྱི་འདུག་ཅེས་བཤད་པ་ཡིན།

 

སྔོན་མ་ང་དགེ་རྒན་འོས་སྦྱོང་དུ་འགྲོ་བའི་སྐབས་འཛིན་གྲྭའི་རྒན་བདག་དང། དགེ་རྒན། གསོ་སྦྱོང་གི་མདོ་འཆད་མཁན། དབུ་མཛད། གཉེར་པ་བཅས་འཁོར་རེས་བྱས་ནས་ཉམས་མྱོང་གསོག་དགོས་ཀྱི་ཡོད་དུས། རྗེས་མ་ལས་འགན་གང་འདྲ་ཞིག་བྱེད་དགོས་བྱུང་ཡང་བྱེད་མ་ཤེས་པའི་དཀའ་ངལ་མེད་མཁན་ཞིག་ཏུ་གྱུར་ཡོད། དེ་དང་འདྲ་བར་ང་ཚོའི་འདི་ནས་དེ་འདྲའི་རིམ་པ་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་འདུག།

 

ང་ཚོའི་གྲྭ་པ་རྒན་པ་རྣམས་ཀྱིས་ཆོས་ཕྱོགས་ལ་དོ་སྣང་བྱས་ཏེ་འགྲོ་ལམ་འདུག་སྟངས་གང་ཅིའི་ཐད་ནས་གཞོན་པ་ཚོ་ལ་མིག་ལྟོས་ཡག་པོ་ཞིག་འཇོག་ཐུབ་དགོས་པ་འདི་གལ་ཆེན་པོ་རེད། ང་ཚོའི་གྲྭ་པ་གཞོན་པ་མང་པོ་ཞིག་རྡོ་རྗེ་གླིང་སོགས་ནས་ཡོང་གི་ཡོད་པ་ཁོ་ཚོས་མིག་ལྟོས་བྱེད་ས་གཙོ་བོ་ན་ང་ཚོའི་གྲྭ་པ་རྒན་པ་ཁྱེད་ཚོ་རེད། རྒྱུན་དུ་མཆོད་པ་མཆོད་མེ་འབུལ་སྟངས་དང། ཁ་འདོན་དགེ་སྦྱོར་བྱེད་སྟངས། ཐ་ན་གཏོར་མ་བཟོ་སྟངས་ཚུན་ཆད་གང་འདྲ་ཞིག་ཡིན་ནའང་ལུགས་དང་མཐུན་པ་ཞིག་ཡིན་དགོས་པ་མ་གཏོགས། སྣང་བར་གང་དྲན་དང་ལག་པ་གང་བདེ་ལྟ་བུ་བྱས་ན་གཏན་ནས་མི་འགྲིག འདོན་པ་ཞིག་བཏོན་ནའང་དེ་ལ་མགོ་མཇུག་ཚང་བ་ཞིག་དགོས། མཐོང་བ་བརྒྱུད་པའི་ཕྱག་ལེན་ཞེས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན། གཞོན་པ་ཚོ་ལ་བསླབ་སྟངས་དེ་གང་འདྲ་བྱས་ན་ཡག་པོ་ཡོང་གི་ཡོད་མེད་སྐོར་གྲོས་བསྡུར་བྱ་དགོས་པ་མ་གཏོགས། ང་རྒན་པར་ཆགས་སོང་ཁོ་ཚོས་ག་རེ་བྱེད་ན་བྱེད་ཟེར་བ་ལྟ་བུ་བྱས་ན་གཏན་ནས་འགྲིག་གི་མི་འདུག

 

བྱེས་པ་གྲྭ་ཚང་གི་གྲྭ་པ་རྣམས་ཆོས་ཕྱོགས་ལ་དོ་སྣང་ཆུང་ཆུང་ཡིན་པའི་མཐོང་ཚུལ་ཞིག་ཡོང་གི་འདུག།ཐ་ན་ཉིན་རེའི་ཁ་འདོན་དགེ་སྦྱོར་བྱེད་སྟངས་ནས་བཟུང་སྟེ་གྲྭ་པ་རང་གི་ཀུན་སྤྱོད་དང་གྲྭ་པའི་བསམ་བློ་ཁུར་སྟངས་གང་ཅིའི་ཐད་ནས་ཕ་ཡུལ་གྱི་བླ་རྒན་ཚོའི་བྱེད་སྟངས་དང་མ་འདྲ་བའི་སྐྱོན་ཆ་ཞིག་ཡོང་གི་འདུག།འདི་གའི་གྲྭ་པ་རྒན་པ་ཚོ་ལ་ཆུང་དུས་ནས་ཕ་ཡུལ་གྱི་བླ་རྒན་གྲྭ་རྒན་ལ་མིག་དཔེ་ལྟ་ས་མ་ཡོད་པས་ཡིན་སྲིད། གང་ལྟར་ཡང་གྲྭ་པ་རྒན་པ་ཚོས་རྒྱུན་དུ་དོ་སྣང་གནང་སྟེ་རང་རང་གི་ཀུན་སྤྱོད་དང་བསམ་བློ་ཆོས་དང་མཐུན་པ་ཞིག་ཡོང་ཐབས་བྱ་དགོས་པ་ནི་གལ་ཆེན་པོ་རེད་ཅེས་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང།

 

འཛིན་སྐྱོང་གི་ཐོག་ལ་ཡིན་ནའང་འཐུས་ཤོར་ཕྲན་བུ་རེ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག།དཔེར་ན། ང་ཚོས་འགྲོ་སོང་བཏང་ནས་དེབ་མང་པོ་པར་བརྒྱབ་ཟིན་པའི་རྗེས་སུ་ཕྱི་ལོགས་ལ་འགྲེམས་སྤེལ་བྱེད་ཐུབ་ཀྱི་མེད་ཚོད་འདུག།ཕྱི་ལོགས་ལ་འགྲེམས་སྤེལ་བྱ་རྒྱུའི་ཆེད་དུ་པར་དེབ་འགའ་ཤས་པར་སྐྲུན་བྱས་ཡོད་པ་དེ་དག་ཀྱང་མཛོད་ཁང་ནང་དུ་ཉར་བསྡད་པ་ཙམ་མ་གཏོགས་ཕྱི་ལོགས་ལ་འགྲེམས་སྤེལ་གཏན་ནས་བྱས་མེད་པ་འདྲ། འདི་དང་འདིས་མཚོན་པའི་འཐུས་ཤོར་གྱི་གནས་ཚུལ་གཞན་དག་ཀྱང་མང་པོ་ཡོད་སྲིད་པ་རེད་བསམས། སྔ་མོ་བྱེད་སྟངས་ཡག་པོ་འགའ་ཤས་ཡོད་པ་དེ་དག་ཡར་རྒྱས་གཏོང་མ་ཐུབ་པ་ཡིན་ནའང་འཐུས་ཤོར་དུ་མ་སོང་བ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། གྲྭ་ཚང་གི་སྐོར་ལ་དེ་ཙམ་མ་གཏོགས་དམིགས་བསལ་ཞུ་རྒྱུ་མི་འདུག

 

གྲྭ་རྒྱུན་གྱི་སྐོར་ཕྲན་བུ་ཞིག་བཤད་ན། གྲྭ་ཚང་ལ་གྲྭ་རྒྱུན་འདི་ཤིན་ཏུ་གལ་ཆེན་པོ་རེད། གྲྭ་རྒྱུན་མེད་ན་དགོན་པ་དང་བསྟན་པ་གནས་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད། ལོ་འགའ་ཤས་ཀྱི་གོང་ནས་གྲྭ་ཚང་དང་དགེ་རྩ་ཚོགས་པ་ཕྱོགས་འགའ་ཤས་ལ་གྲྭ་རྒྱུན་འཚོལ་དུ་ཕྱིན་ཀྱང་གྲྭ་རྒྱུན་རག་མེད། ཐོག་མའི་སྐབས་ང་ཚོས་འཇོན་གྱི་རེད་བསམ་པ་ཡོད་ཀྱང། དངོས་ཡོད་གནས་ཚུལ་ལ་གོམ་པ་བརྒྱབ་ནས་ལག་ལེན་གྱི་ཐོག་ཏུ་བབས་པའི་སྐབས་གྲྭ་རྒྱུན་གྱི་ཐོག་ང་ཚོས་འཇོན་གྱི་མེད་པ་དེ་གསལ་པོར་གྱུར་ཡོད། ད་ཕྱིན་ཆད་ང་ཚོས་གྲྭ་རྒྱུན་གྱི་ཐོག་བྱེད་ཐུབ་པ་གང་དང་གང་འདུག།འགྲོ་སོང་ཆེན་པོ་བཏང་བ་ཙམ་མ་ཡིན་པར་ཕན་ཐོགས་ཡོད་པ་ཞིག་གང་འདྲ་བྱེད་ཐུབ་ཀྱི་འདུག།ཚོགས་འདུ་ཚོགས་ནས་གྲོས་བསྡུར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ན་ནིང་བྱུང་མ་སོང་ད་ལོ་ཡང་ཡོང་གི་མ་རེད་ཅེས་བསྐྱུར་བཞག་ན་འགྲིག་གི་མ་རེད། མི་ཐོག་གསར་པའི་སྐབས་འདི་ལ་གྲྭ་རྒྱུན་ཡར་འཛུལ་མཁན་དགོས་པ་རེད་མ་གཏོགས་གྲྭ་རྒྱུན་འཛུལ་ཞུགས་བྱེད་མཁན་མ་བྱུང་ན་ལོ་འགའ་ཤས་ཀྱི་རྗེས་ནས་གྲྭ་རྒྱུན་རྫོགས་འགྲོ་ཡི་རེད། གྲྭ་རྒྱུན་ཐོག་ལ་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད།

 

ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་པ་ཞིག་རྡ་རམ་ས་ལར་གསར་འཛུགས་བྱ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་འདི་ཀུན་གྱིས་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། ཐོག་མར་ཀིརྟིའི་བྱེས་པ་གྲྭ་ཚང་འཛུགས་དགོས་པའི་རྒྱུ་མཚན་ནི། ཕ་ཡུལ་དུ་ཀིརྟིའི་དགོན་ཁག་མང་པོ་ཡོད་པ་དེ་དག་གི་གྲྭ་རྒྱུན་མང་པོ་ཞིག་རྒྱ་གར་དུ་འབྱོར་བའི་སྐབས་ས་གནས་མ་འདྲ་བ་སྣ་ཚོགས་སུ་ཁ་ཐོར་མི་འགྲོ་བར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཛུལ་ཞུགས་བྱ་དགོས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་སྦྱོང་སྤྲད་ནས་མི་ནུས་པ་ཅན་ཞིག་ཏུ་གྱུར་པའི་སྐབས་ཕྱིར་དགོན་པ་སོ་སོའི་ནང་ལོག་དགོས་པ་དེ་ང་ཚོའི་དམིགས་ཡུལ་དང་འཆར་གཞི་གཙོ་བོ་རེད། དམིགས་ཡུལ་དང་འཆར་གཞི་དེའི་དོན་དུ་ང་ཚོས་ལོ་མང་པོའི་རིང་དཀའ་ལས་བརྒྱབ་ནས་ད་བར་དུ་ལས་ཀ་མང་པོ་བྱས་པ་རེད། ད་ལྟའི་རྒན་པ་མང་ཆེ་བ་ཞིག་འཆར་གཞི་དེའི་འོག་ཏུ་བྱེས་པ་གྲྭ་ཚང་དུ་བཞུགས་ནས་དཀའ་ལས་བརྒྱབ་སྟེ་འཚར་ལོངས་བྱུང་བ་ཞིག་རེད་མ་གཏོགས་འགྲོ་ས་མེད་པར་འདིར་ལུས་བསྡད་པ་ལྟ་བུ་མ་རེད། མི་ཡོངས་རྫོགས་ལ་འགྲོ་ས་ཡོད་པ་རེད།

 

ད་ཕྱིན་ཆད་ཡིན་ནའང་ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་གི་གྲྭ་པ་ཞིག་རྒྱ་གར་དུ་སླེབས་པ་ཡིན་ན་ངེས་པར་དུ་ཀིརྟིའི་བྱེས་པ་གྲྭ་ཚང་ལ་ཡོང་དགོས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་སྦྱོང་ཐོན་པའི་རྗེས་ཕ་ཡུལ་གྱི་དགོན་སྡེ་སོ་སོའི་ནང་དུ་ལོག་ཐུབ་པའི་འཆར་གཞི་དང་དམིགས་ཡུལ་དེ་ང་ཚོས་རྒྱུན་འཁྱོངས་ཡོང་ཐབས་བྱ་དགོས་པ་ནི་གལ་ཆེན་པོ་རེད་བསམས།

 

ཁ་སང་དེ་རིང་མི་ཁག་ཅིག་གིས་དཀྲོག་གཏམ་བཤད་པ་དང། རྩོམ་ཡིག་འབྲི་མཁན་མི་འགའ་ཤས་ཀྱི་བྱེད་སྟངས་ཡིན་ན་རེད། ཡར་རྒྱ་གར་ལ་འགྲོ་ན་བྱེས་པ་གྲྭ་ཚང་ལ་འགྲོ་མི་དགོས་པར༌གདན་ས་ཁག་ལ་ཐད་ཀར་འགྲོ་དགོས་པ་རེད་ཅེས་པའི་དཀྲོག་གཏམ་ཞིག་གྲྭ་པ་གཞོན་པ་ཚོའི་ཨ་མཆོག་ནང་དུ་བླུག་བསྡད་ཀྱི་ཡོད་པ་གསལ་པོ་འདུག།བྱེད་སྟངས་ལས་སྟངས་དེ་ཡག་པོ་ཞིག་གཏན་ནས་མ་རེད། གཡོ་སྒྱུའི་ཐོག་ནས་ཀིརྟི་ཚང་ལ་དབྱེ་བ་འབྱེད་པ་དང། བྱེས་པ་གྲྭ་ཚང་འདི་དུམ་བུ་གཉིས་ལ་འགྲོ་རྒྱུའི་སྲིད་བྱུས་ངན་པ་བཟུང་ན་ཡག་པོ་མ་རེད། ཁ་ཤས་ཀྱིས་རྒྱབ་སྐྱོར་ཡིན་མདོག་གིས་རྩོམ་ཡིག་སྡུག་ཆགས་རེ་བྲིས། ཕ་ཡུལ་གྱི་གྲྭ་པ་ན་གཞོན་ཚོའི་ཀླད་པའི་ནང་ལ་བྱུས་ངན་དེ་འདྲ་བླུག་བསྡད་པ་དེ་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད་པའི་བྱ་བ་སྡུག་ཆགས་ཤིག་རེད།

 

ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་གི་གྲྭ་པ་ཚོ་ཕ་ཡུལ་གྱི་དགོན་པ་སོ་སོའི་ནང་དུ་མ་བསྡད་པར་ཕྱི་ལོགས་སུ་དོན་དམ་པའི་འཆད་ཉན་སློབ་གཉེར་བྱེད་པར་ཡོང་རྒྱུ་ཡིན་ན། ཀིརྟིའི་བྱེས་པ་གྲྭ་ཚང་གི་ནང་ལ་ཡིན་གཅིག་མིན་གཉིས་ཡོང་དགོས་པ་རེད། ཡོང་ན་ཡག་པོ་དང་རང་གཞན་གཉིས་ཀ་ལ་དེ་ཕན་ཐོགས་ཆེ་བར་ཡོད། ཕ་ཡུལ་ནས་ཡར་ཡོང་སྟེ་གདན་ས་ཁག་ལ་ཐད་ཀར་འཛུལ་དགོས་པ་རེད་ཅེས་བཤད་པ་དེར་ང་ཚོས་ངོས་ལེན་གཏན་ནས་མེད། ཁ་སང་དེ་རིང་དེ་འདྲའི་སྲིད་བྱུས་ངན་པ་འདིང་མཁན་ཞིག་ཡོང་གི་འདུག།དེའི་ནང་ལ་སུ་དང་སུའི་སྲིད་བྱུས་འདྲེས་ཡོད་མེད་ངས་གསལ་པོ་མི་ཤེས། གང་ལྟར་ཡང་བྱེད་སྟངས་འདི་ཀིརྟི་ཚང་གི་མ་འོངས་པའི་དམིགས་ཡུལ་དང་རྒྱབ་འགལ་རེད་ལ། ལྷག་པར་དུ་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་པའི་དམིགས་ཡུལ་དང་ཡང་འགལ་གྱི་ཡོད། ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་པ་ཞིག་དང། ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་པ་མ་ཡིན་པའི་ཀིརྟིའི་དགོན་ཁག་གི་གྲྭ་པའི་ཚོགས་ཁག་ཅིག་སྟེ་ཚོགས་ཁག་གཉིས་སུ་གྱེས་ཕྱིན་ན་ཕན་ཐོགས་ཡོད་པ་མ་རེད། མ་འོངས་པར་གནས་སྟངས་འདི་འདྲའི་ཐོག་ཏུ་མི་འགྲོ་བ་ལ་ཕྱོགས་ཡོངས་རྫོགས་ཀྱིས་བསམ་བློ་གཏོང་དགོས་པ་ནི་གལ་ཆེན་པོར་གྱུར་འདུག

 

རིགས་ཤིག་གིས་ཀིརྟིའི་དགོན་ཁག་གི་གྲྭ་པ་ཡིན་ན་འབྲས་སྤུངས་རོང་པོ་ཁམས་ཚན་ལ་ཐོབ་དགོས་པ་དང། རོང་པོ་ཁམས་ཚན་ལ་འགྲོ་དགོས་པ་རེད་ཅེས་བཤད་བསྡད་པ་དེ་བདེན་པ་ཞིག་རྩ་བ་ནས་མ་རེད། གནས་སྟངས་འདི་ང་ཚོས་གསལ་པོར་ཤེས་དགོས་ཀྱི་འདུག།འདིའི་སྐོར་ལ་ངས་ཚིག་འགའ་ཤས་ཤོད་རྒྱུ་ཡིན། ངས་སྔོན་མ་ཞོར་འཕྲོས་སུ་རོང་པོ་ཁམས་ཚན་དང་འབྲེལ་བའི་སྐད་ཆ་རེ་ནང་ཁུལ་ལ་བཤད་མྱོང། སྐད་ཆ་དེ་དག་ཕྱི་ལ་འགྲོ་བསྡད་ཡོད་རྒྱུ་རེད། སྐད་ཆ་ངོ་མ་དེ་གང་ཡིན་ཤེས་དགོས་པ་དང། ང་ཚོའི་བར་དུ་བསམ་ཚུལ་དང་མཐོང་ཚུལ་ངན་པ་ཞིག་མེད་པར་བཟོ་དགོས་པ་དེ་གལ་ཆེན་པོ་རེད།

 

སྤྱིར་རོང་པོ་ཁམས་ཚན་ཞེས་པ་འདི་ག་རེ་ཡིན་པ་དེ་ང་ཚོས་ཤེས་དགོས། སྔོན་མ་འབྲས་སྤུངས་ལ་རོང་པོ་ནུབ་དང་རོང་པོ་ཤར་ཞེས་པའི་རོང་པོ་ཁམས་ཚན་གཉིས་ཡོད། སེ་ར་ལ་རོང་པོ་ཁམས་ཚན་ཡོད། དགའ་ལྡན་དུ་རོང་པོའི་ཚབ་རྒྱལ་རོང་ཁམས་ཚན་རེད། འབྲས་སྤུངས་ཀྱི་རོང་པོ་ནུབ་ཀྱི་ཁམས་ཚན་དེ་སྔོན་མ་ཞིག་ནས་རྩ་མེད་དུ་གྱུར་ཟིན་འདུག།རོང་པོ་ཤར་དེའང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་འདུ་ཁང་གསར་བཞེངས་རྒྱ་བསྐྱེད་བྱས་པའི་སྐབས་འདུ་ཁང་གི་ས་ཆའི་ནང་དུ་ཐིམ་སྟེ་རོང་པོ་ཁམས་ཚན་གྱི་ཁང་པ་ཆ་ཚང་མེད་པར་གྱུར་ཟིན་འདུག རྗེས་མ་ཁམས་ཚན་ལ་ས་ཚབ་ཅིག་སྤྲོད་རྒྱུ་བྱས་ཡོད་འདུག་ཀྱང་སྤྲོད་མཁན་དང་ལེན་མཁན་གཉིས་ཀ་བྱུང་མི་འདུག དེང་སང་བོད་ནང་དུ་འབྲས་སྤུངས་རོང་པོ་ཁམས་ཚན་ཞིག་ཡོད་པ་དེ་ནི་རོང་པོ་ཁམས་ཚན་ནང་གི་སྟོང་འཁོར་མི་ཚན་གྱི་གྲྭ་ཤག་རེད། ཚོམས་དེ་ཡང་སྟོང་འཁོར་མི་ཚན་གྱི་ཚོམས་རེད་ཟེར།

 

ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་ཀྱི་སྐུ་དུས་སུ་རོང་པོ་ཤར་ལ་འབྲེལ་བ་བྱུང་སྟངས་དེ་༸གོང་ས་ལྔ་པ་ཆེན་པོས་རོང་པོ་ཤར་གྱི་རྩེ་ལ་གཟིམ་ཆུང་ཞིག་གསོལ་རས་གནང་བ་རེད། གཟིམ་ཆུང་དེ་གནང་བ་ནས་རོང་པོ་ཆོས་རྗེ་ཞེས་པའི་མཚན་ཐོགས་ཏེ་རོང་པོ་དང་འབྲེལ་བ་བྱུང་བ་ཞིག་རེད། ཕྱིས་སུ་བོད་ནང་དུ་ཡོད་པའི་རོང་པོ་ཁམས་ཚན་དེའི་སྟེང་ཀིརྟི་ཚང་གི་གཟིམ་ཆུང་ལྟ་བུའི་བཞུགས་གནས་གང་ཡང་ཡོད་པ་མ་རེད། ང་ལྷ་སར་ཡོང་བའི་སྐབས་རོང་པོ་ཁམས་ཚན་གྱི་ཐོག་ཀར་གནས་ཀྱི་བླ་མ་ཟེར་བའི་བླ་རྒན་ཞིག་གི་གཟིམ་ཁང་ཡོད་པ་དེ་ལ་བཟོ་བཅོས་བརྒྱབ་སྟེ་ང་སྡོད་སའི་ཁང་པ་ཞིག་ལྷ་སར་ཡོད་པའི་ང་ཚོའི་འབྲེལ་ཡོད་ཚོང་བ་ཚོས་བཟོས་པ་རེད། དེ་ཙམ་མ་གཏོགས་ཀིརྟི་ཚང་གི་གཟིམ་ཆུང་ཟེར་བའི་ཁང་རྙིང་ཞིག་རོང་པོ་ཁམས་ཚན་གྱི་སྒང་ལ་ཡོད་པ་མ་རེད།

 

རོང་པོ་ཁམས་ཚན་གྱི་གྲྭ་རྒྱུན་ཐོབ་ཁོངས་ཀྱི་འགྲོ་སྟངས་དེ་ཀུན་གྱིས་ཤེས་དགོས་པ་འདི་གལ་ཆེན་པོ་རེད་བསམས། སྤྱིར་གདན་ས་གསུམ་གྱི་གྲྭ་རྒྱུན་གྱི་འགྲོ་སྟངས་དེ་༸རྒྱལ་དབང་ལྔ་པའི་སྐབས་ནས་བཟུང་སྟེ་གཏན་འབེབས་གནང་བ་ཞིག་རེད། དེའི་སྐོར་བཻཌྰུརྱ་སེར་པོའི་ནང་གསལ་པོ་འཁོད་ཡོད་ཟེར་ནས་བཻཌཱུརྱ་སེར་པོ་དེ་ཁུངས་བརྟེན་ས་གཙོ་བོར་བྱེད་ཀྱི་འདུག འདི་ལོ་བཞི་བརྒྱ་ལྔ་བརྒྱ་ཙམ་ཕྱིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རྙིང་པ་ཞིག་རེད། དངོས་ཡོད་གནས་སྟངས་འདི་ཤེས་དགོས་པ་ཞིག་རེད།

 

ཀིརྟི་ཚང་དང་འབྲེལ་བའི་ས་ཁོངས་ནས་འབྲས་སྤུངས་རོང་པོ་ཁམས་ཚན་ལ་ཐོབ་ཁོངས་ཡིན་པ་གང་ཡོད་པ་རེད་ཅེ་ན། ང་ཚོའི་ཁོངས་སུ་ཚ་ཁོའི་ཀིརྟིའི་མ་དགོན་དང། ཚོ་བདུན་དགོན་པ། ཚོ་བདུན་དགོན་པ་དང་ཉེ་བའི་ཇོ་ནང་གི་དགོན་པ་འགའ་ཤས་ཡོད་པ་རེད། གནའ་སྔ་མོ་ཚོ་བདུན་དགོན་པའི་གཡས་གཡོན་དུ་དགོན་པ་བཅུ་གསུམ་ཙམ་ཡོད་ཚོད་འདུག་ཀྱང་དེ་དག་དེང་སང་ཉམས་ནས་ཡོད་པ་མ་རེད། དེ་ཙམ་མ་གཏོགས་རོང་པོ་ཁམས་ཚན་ལ་ཐོབ་ཁོངས་ཡོད་པ་མ་རེད། སྟག་ཚང་ལྷ་མོར་མཚོན་ན་གྲྭ་རྒྱུན་ཆེ་ཁག་དྲུག་ཡོད་པའི་ནང་གི་ཚ་ཁོའི་གྲྭ་རྒྱུན་རྣམས་ཚ་ཁོ་ནས་ཡིན་དུས་འབྲས་སྤུངས་རོང་པོ་ཁམས་ཚན་ལ་ཐོབ་ཀྱི་ཡོད། སྟག་ཚང་ལྷ་མོའི་ཚ་ཁོའི་གྲྭ་རྒྱུན་ཡིན་པ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་མཁན་པོ་ཚང་དང། ཨ་ལགས་མགར་དགེ ཨ་ལགས་མཁན་རྒན་བཅས་ནི་སྟག་ཚང་ལྷ་མོའི་ཚ་ཁོ་གྲྭ་རྒྱུན་གྱི་ཁོངས་ཡིན་པས་རོང་པོ་ཁམས་ཚན་ལ་ཐོབ་ཀྱི་ཡོད་པ་རེད། དེ་མ་གཏོགས་ཀིརྟི་ཚང་གི་དགོན་མ་ལག་གི་ཁོངས་ནས་རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ཡིན་པ་གཅིག་ཀྱང་མེད། ཀིརྟི་ཚང་གི་དགོན་མ་ལག་མང་ཆེ་བའི་ཐོབ་ཁོངས་ཟུངས་ཆུ་ཁམས་ཚན་དང། ཐེ་བོ་ཁམས་ཚན། རྒྱལ་རོང་ཁམས་ཚན། རྒྱ་ཁམས་ཚན། ཅོ་ནེའི་ཁམས་ཚན་སོགས་སྣ་ཚོགས་ལ་ཐོབ་ཀྱི་ཡོད་པ་མ་གཏོགས་རོང་པོ་ཁམས་ཚན་ལ་ཐོབ་ཀྱི་མེད། དེ་ལ་ང་ཚོས་བཟོ་བཅོས་བརྒྱབ་ནས་ཨུ་ཚུགས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད།

 

དཔེར་ན། ང་མདོ་སྨད་ནས་ལྷ་སར་ཡོང་སྟེ་འབྲས་སྤུངས་བློ་གསལ་གླིང་ལ་ཆོས་ཞུགས་བྱས་པ་ཡིན་དུས་རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ཡིན། དེ་ནི་ངའི་སྐུ་ཐོག་དང་པོ་ཚ་ཁོ་བ་ཡིན་པའི་རྒྱུ་མཚན་གྱིས་རེད། མཁན་པོ་ཚང་ཚ་ཁོའི་གྲྭ་རྒྱུན་ཡིན་པའི་རྒྱུ་མཚན་གྱིས་འབྲས་སྤུངས་བློ་གསལ་གླིང་ལ་ཆོས་ཞུགས་ཞུས་ཏེ་གྲྭ་ཚང་གི་སྤྲུལ་སྐུའི་ཐོབ་ཐང་བཞེས་པ་མ་གཏོགས། དེ་དུས་ང་ཚོ་ལ་སྐུ་འཁོར་བླ་གྲྭ་མང་པོ་ཡོད་པ་སུ་གང་ཡང་འབྲས་སྤུངས་བློ་གསལ་གླིང་གི་ཐོབ་ཁོངས་མིན་པའི་རྒྱུ་མཚན་གྱིས་བློ་གསལ་གླིང་ལ་ཆོས་ཞུགས་བྱས་ཡོད་པ་མ་རེད། ཐ་ན་ངའི་གསོལ་ཐབ་པ་སྦྱིན་པ་རྒྱ་མཚོ་སྡོད་ས་རོང་པོ་ཁམས་ཚན་ནང་དུ་བསྡད་ཡོད་ཀྱང་ཚོགས་ལ་འགྲོ་དུས་སྒོ་མང་གྲྭ་ཚང་ལ་འགྲོ་གི་ཡོད། ཨ་ཁུ་ཡོངས་འཛིན་ཚང་ང་དང་མཉམ་དུ་རོང་པོ་ཁམས་ཚན་ལ་བཞུགས་ཡོད་ཀྱང་ཁོང་སེ་ར་ཐེ་བོ་ཁམས་ཚན་ལ་ཐོབ་ཀྱི་ཡོད་དུས། བློ་གསལ་གླིང་གི་ཚོགས་ལ་ཕེབས་ཀྱི་ཡོད་པ་མ་རེད་ལ། རོང་པོ་ཁམས་ཚན་གྱི་ཚོམས་ཇ་ལ་ཡང་ཕེབས་ཀྱི་ཡོད་པ་མ་རེད། རྔ་པ་ཀིརྟི་དགོན་པའི་ཁྲི་ཟུར་ཨ་ཁུ་ཐབས་མཁས་སོགས་གནའ་སྔ་མོ་མདོ་སྨད་ནས་ལྷ་སར་ཕེབས་པའི་སྐབས་བློ་གསལ་གླིང་གྲྭ་ཚང་གི་མཁས་པ་ཚོའི་སྐུ་མདུན་ནས་དཔེ་ཁྲིད་ཞུས་པ་མ་གཏོགས་བཞུགས་ས་ཟུངས་ཆུ་ཁམས་ཚན་དུ་བཞུགས་པ་རེད། སྔོན་མ་ནས་འགྲོ་སྟངས་འདི་ལྟར་འགྲོ་བཞིན་པ་ལ་ང་ཚོས་བརྩི་བཀུར་ཞུ་དགོས་ཀྱི་ཡོད། གདན་ས་དང་གྲྭ་ཚང་སོ་སོའི་ཁམས་ཚན་ཁག་གི་འགྲོ་སྟངས་ལ་ང་ཚོས་ཨུ་ཚུགས་བྱས་ནས་བཟོ་བཅོས་བརྒྱག་དགོས་པའི་རྒྱུ་མཚན་གང་ཡང་མེད། འདི་ལྟར་བྱས་ན་ཕན་ལས་གནོད་པ་ཆེ་བ་ཡོང་སྲིད། ང་ཚོའི་ཕྱོགས་སུ་རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ནི་གོང་དུ་བཤད་པ་ལྟར་ཚ་ཁོའི་མ་དགོན་དང། ཚོ་བདུན་དགོན་པ། སྟག་ཚང་ལྷ་མོའི་ཚ་ཁོའི་གྲྭ་རྒྱུན་ཙམ་མ་གཏོགས་ཡོད་པ་མ་རེད། སྤྱིར་ན་རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ལ་ཁམས་སྟོང་འཁོར་ཡོད། དེ་རྒྱ་ཆེན་པོ་རེད། སྔོན་མ་ང་འབྲས་སྤུངས་ལ་ཡོད་པའི་སྐབས་རོང་པོ་ཁམས་ཚན་གྱི་ཁོངས་སུ་ཁམས་སྟོང་འཁོར་གྱི་གྲྭ་པ་བཞི་ཡོད། ཁོང་ཚོ་རྒྱུད་སྨད་ཀྱི་ཁོངས་སུ་འཛུལ་ཞུགས་བྱས་ཡོད་ཀྱང་གྲྭ་སའི་ཐོབ་ཁོངས་རོང་པོ་ཁམས་ཚན་བྱས་ནས་བསྡད་པ་རེད། དངོས་ཡོད་གནས་ཚུལ་འདི་དག་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

 

འགའ་ཤས་ཀྱི་བཤད་སྟངས་ཤིག་ལ་ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་ཡིན་དུས། ཀིརྟིའི་དགོན་ཁག་གི་གྲྭ་པ་རྣམས་ཡིག་ཆ་གཅིག་པ་བྱས་ཏེ་འབྲས་སྤུངས་བློ་གསལ་གླིང་ལ་དཔེ་ཆ་ལྟ་ཐུབ་ན་ཡག་པོ་འདུག་ཅེས་པའི་བཤད་སྟངས་ཤིག་བྱུང་ཡོད། བཤད་སྟངས་འདིའི་ཐོག་སྔོན་མ་ནས་ང་རང་གི་བསམ་ཚུལ་ཞིག་བཤད་མྱོང། བྱ་མ་དཀྲོག་པར་སྒོ་ང་ལེན་ཐབས། ཞེས་པའི་བོད་ལ་གཏམ་དཔེ་ཡོད་པ་ལྟར། ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་གི་གྲྭ་པ་ཞིག་གིས་འབྲས་སྤུངས་བློ་གསལ་གླིང་དུ་དཔེ་ཆ་ལྟ་དགོས་ཀྱི་ཡོད་ན༑ ང་ཚོ་ལ་རྙོག་དྲ་མེད་པའི་ལམ་ཁ་ཞིག་འཚོལ་རྒྱུ་ཡོད། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཡན་ལག་གྲྭ་ཚང་ཞིག་འབྲས་སྤུངས་ལ་བཙུགས། ཀིརྟིའི་དགོན་ཁག་གི་གྲྭ་པ་ཕྱི་ལོགས་སུ་དཔེ་ཆར་ལྟ་བར་ཕེབས་མཁན་ཚོ་དེ་ལ་ཞུགས་ནས་དཔེ་ཆར་བལྟས། དཔེ་ཆ་བལྟས་ནས་འཛིན་གྲྭ་ཐོན་པའི་རྗེས་སུ་ཕྱིར་ཀིརྟིའི་བྱེས་པ་གྲྭ་ཚང་ལ་ལོག་རྒྱུ་བྱས་ཏེ། རྭ་སྟོད་གྲྭ་ཚང་ལྟ་བུ་ཞིག་འཛུགས་ཐུབ་པའི་ལམ་ཁ་ཡོད་པ་རེད་ཅེས་ངས་བཤད་ཀྱང་སུ་གང་གིས་ཀྱང་ཉན་འཇོག་བྱས་མ་སོང།

 

ཉན་འཇོག་མ་བྱས་པའི་ཐོག་ལ་རོང་པོ་ཁམས་ཚན་གྱི་བྱེད་སྟངས་ཀྱི་དབང་གིས་ཁམས་ཚན་མང་པོ་ཞིག་གི་གྲྭ་རྒྱུན་གྱི་ཐོབ་ཐང་ཐོག་ལ་དཀའ་ངལ་མང་པོ་བཟོས་སོང། དཀའ་ངལ་བཟོས་པ་དེ་ལ་བརྟེན་ནས་ང་ལ་ཡང་མཐོང་ཚུལ་ངན་པ་དང་སྐད་ཆ་འདྲ་མིན་ཤོད་མཁན་ཡང་བྱུང་སོང། དཔེར་ན། འབྲས་སྤུངས་ཟུངས་ཆུ་ཁམས་ཚན་དང་ཐེ་བོ་ཁམས་ཚན་སོགས་ཕྱོགས་མང་པོ་ནས་ང་ཚོའི་གྲྭ་རྒྱུན་ལ་དཀའ་ངལ་བཟོ་ཡི་འདུག་ཅེས་ང་ལ་ཡི་གེ་སླེབས་མྱོང། ངས་ཁོང་ཚོར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་དགོངས་པ་འཁྲོལ་དང་མི་འཁྲོལ་ང་ཚོ་ལ་འགན་ཡོད་པ་མ་གཏོགས། ཀིརྟིའི་བྱེས་པ་གྲྭ་ཚང་ནས་དགོངས་པ་འཁྲོལ་བའི་རྗེས་སུ་གྲྭ་ཚང་དང་ཁམས་ཚན་གང་དུ་འཛུལ་ཞུགས་བྱེད་མིན་ལ་ང་ཚོས་ཐེ་གཏོགས་བྱས་མེད། ཅེས་བཤད་ཡོད། ཁམས་ཚན་དེ་དག་གིས་ཐོག་མའི་སྐབས་སུ་གྲྭ་རྒྱུན་གྱི་ཡོང་ཁུངས་དང་འབྲེལ་ནས་ང་ལ་སྐད་ཆ་ངན་པ་གང་འཚམས་ཤོད་མཁན་བྱུང་སོང་བ་མ་གཏོགས། ཕྱིས་སུ་ཟུངས་ཆུ་ཁམས་ཚན། ཐེ་བོ་ཁམས་ཚན་སོགས་སུ་ཡིན་ནའང་རིམ་པས་ངའི་ངོ་ལ་བལྟས་ཏེ་སྐད་ཆ་སྡུག་ཆགས་བཤད་ནས་མཁྲེགས་པོ་གནང་མ་སོང། གནས་ཚུལ་འདིའི་རིགས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད།

 

ང་ཐེངས་དང་པོར་ཨ་མདོ་ནས་ལྷ་སར་འབྱོར་བའི་སྐབས། བློ་གསལ་གླིང་གི་རོང་པོ་ཁམས་ཚན་དང། རྒྱལ་རོང་ཁམས་ཚན། སྒོ་མང་གི་ཟུངས་ཆུ་ཁམས་ཚན། གཞུང་པ་ཁམས་ཚན། ཐེ་བོ་ཁམས་ཚན། སེ་ར་ཐེ་བོ་ཁམས་ཚན། སེ་ར་རོང་པོ་ཁམས་ཚན། སེ་ར་རྒྱལ་རོང་ཁམས་ཚན། དགའ་ལྡན་རྒྱལ་རོང་ཁམས་ཚན། དགའ་ལྡན་ཟུངས་ཆུ་ཁམས་ཚན། དགའ་ལྡན་ཐེ་བོ་ཁམས་ཚན། དགའ་ལྡན་སོག་པ་ཁམས་ཚན་སོགས་འབྲེལ་ཡོད་ཁམས་ཚན་ཡོངས་རྫོགས་ཀྱིས་ང་ཚོ་ལ་ཕ་ཡུལ་གཅིག་པ་རང་ལ་བརྩིས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་སྣེ་ལེན་གཟབ་རྒྱས་གནང་ཡོད་ནའང། བར་སྐབས་ཤིག་ལ་རོང་པོ་ཁམས་ཚན་གྱི་གྲྭ་རྒྱུན་དང་འབྲེལ་ནས་ང་ཚོའི་བར་ལ་འགལ་ཟླ་དང་མཐོང་ཕྱོགས་ངན་པ་གང་འཚམས་ཤིག་བཟོས་སོང།

 

འབྲས་སྤུངས་སུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཡན་ལག་ཅིག་བཙུགས་ན་ཞེས་ངས་བསམ་ཚུལ་བཏོན་པ་དེ་ནི་ལོ་ཉི་ཤུ་སུམ་ཅུའི་གོང་གི་གནས་ཚུལ་རེད། དེང་སང་ཕ་ཡུལ་གྱི་ཀིརྟི་ཚང་གི་གདན་ས་ཆེ་ཁག་གི་སློབ་གཉེར་པ་རྣམས་ཀྱིས་གདན་ས་ཁག་གི་ཡིག་ཆ་ཡོངས་རྫོགས་དང། ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། གནའ་སྔ་མོ་ཡིག་ཆ་གཅིག་རང་ལ་འཇུས་ནས་དེ་མ་གཏོགས་གཞན་གང་ཡང་ཁས་ལེན་གྱི་མིན་ཟེར་བའི་གནས་སྟངས་དེ་ལ་དེང་སང་འགྱུར་བ་ཆེན་པོ་ཕྱིན་ཚར་བ་རེད། ཡིག་ཆ་གཅིག་ཟེར་བའི་བསམ་བློ་གུ་དོག་མོའི་ལྟ་ཚུལ་དེ་དེང་སང་རྒྱུན་འཛིན་བྱ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད་ལ་དེ་ལྟར་བྱས་པས་ཕན་ཐོགས་ཀྱང་ཡོད་པ་མ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་འགལ་གྱི་རེད།

 

གནའ་སྔ་མོ་སྟག་ཚང་ལྷ་མོ་ལ་གསེར་ཁྲི་དགོན་པ་དང་ཀིརྟི་དགོན་པ་གཉིས་ཡོད། གསེར་ཁྲི་དགོན་པ་སྒོ་མང་གི་ཡིག་ཆ་དང། ང་ཚོ་བློ་གསལ་གླིང་གི་ཡིག་ཆ་རེད། སྔོན་མ་ང་ལྷ་མོ་གསེར་ཁྲི་ཚང་ལ་ཐེངས་འགའ་ཤས་མཇལ་མྱོང། སྐབས་དེར་གསེར་ཁྲིའི་ཡོངས་འཛིན་ཚང་གིས། རྣམ་པ་གཉིས་ཀའི་སྤྲུལ་གཞི་དགྲ་བཅོམ་པ་ཉེ་བར་འཁོར་ཡིན་པ་གཅིག་པ་རེད། ལུང་པ་གཅིག་གི་ནང་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་རེད། མ་འོངས་པར་ཡང་ལྷ་མོ་གསེར་ཁྲི་དང་ཀིརྟི་གཉིས་སྒོ་མང་དང་བློ་གསལ་གླིང་ལྟ་བུ་ཞིག་ཡོང་བའི་རེ་བ་བརྒྱབ་ཀྱི་ཡོད། དགོན་པ་གཉིས་མཉམ་དུ་སྐྱོང་བའི་ལུང་བསྟན་ཡོད་པ་རེད་ཅེས་ཞུས་པ་གསལ་པོ་དྲན་གྱི་འདུག

 

ང་ཚོས་ཡིག་ཆའི་ཐོག་ནས་དམ་འཛིན་ཆེན་པོ་བྱས་ཏེ། ལུང་ཙམ་གྱི་རྗེས་འབྲང་བ་ཞིག་ཏུ་གྱུར་ཏེ་ལུང་ལས་བརྒལ་བའི་གནས་ཚུལ་གང་ཡང་ཁས་ལེན་མི་ཐུབ་མཁན་ཞིག་ཏུ་གྱུར་ན་ཕན་ཐོགས་ཡོད་པ་མ་རེད། ལུང་དྲངས་ནས་ཁས་མ་བླངས་ན་རྟགས་གསལ་ཆད་འགྲོ་བའི་གནས་ཚུལ་ཡང་བྱེད་སྟངས་འདི་འདྲ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ང་ཚོ་ཡིག་ཆ་རྐྱང་པ་མཁྲེགས་འཛིན་བྱེད་མཁན་ཞིག་ཏུ་གྱུར་ན་སློབ་སྦྱོང་དང་རིགས་པའི་སྒོ་མང་པོ་ཞིག་རང་བཞིན་གྱིས་ཁེགས་འགྲོ་ཡི་ཡོད་པ་རེད། འདི་ཡང་ཤེས་དགོས་པ་ཞིག་རེད་བསམ་གྱི་འདུག

 

ད་ལྟ་ལ་ཐུག་གི་བར་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་པ་འགའ་ཤས་འགྲོ་སྟངས་སྣ་ཚོགས་པས་རོང་པོ་ཁམས་ཚན་ལ་འཛུལ་ཡོད། ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་ནས་གྲྭ་པ་འགའ་ཤས་ཤིག་གིས་ང་ཚོ་ལ་སྣང་མེད་དུ་བཏང་ནས་ཐད་ཀར་རོང་པོ་ཁམས་ཚན་ལ་འཛུལ་ཕྱིན་པ་རེད། ཡིན་ནའང་ད་ལྟ་ལ་ཐུག་གི་བར་དུ་ང་ཚོའི་ངོས་ནས་མཐུན་ལམ་ལ་བསམ་བློ་བཏང་ནས་སྐད་ཆ་བཟང་ངན་གང་ཡང་མ་བཤད་པར། གང་ཡང་མ་ཤེས་པའི་ཁུལ་གྱིས་བསྡད་པ་ཡིན། དེ་ཙམ་དུ་མ་ཟད་ན་ནིང་སྔོན་མ་བསྟན་འཛིན་སྐྱེས་བུའི་བགྲོ་གླེང་གི་སྐབས་སུ། ང་ཚོ་ཡོངས་རྫོགས་བླ་མ་གཅིག་གི་སློབ་མ་དང། ཀོ་བ་གཅིག་གི་རྒྱུན་བུ་རེད། ཅེས་མཐུན་ལམ་ཡོང་བའི་ཆེད་དུ་གུ་ཡངས་པོའི་བསམ་ཚུལ་བཟུང་ནས་སྐད་ཆ་བཤད་པ་ཡིན། ཡིན་ནའང་དུས་དེ་ནས་བཟུང་སྟེ་རིམ་པས་ཧམ་པ་ཚ་རུ་ཕྱིན་པ་ལྟ་བུས་ཕ་ཡུལ་གྱི་ཀིརྟིའི་དགོན་ཁག་གི་གྲྭ་པ་རྣམས་རོང་པོ་ཁམས་ཚན་ལ་ཐོབ་དགོས་པ་རེད་ཟེར་བ་དང། ཀིརྟིའི་དགོན་ཁག་གི་གྲྭ་པ་ཕྱི་ལོགས་སུ་ཡོང་བའི་སྐབས་བལ་ཡུལ་དུ་འབྱོར་བ་ན་སེམས་ཁ་དང་ལམ་ཁ་བསྒྱུར་ཏེ་ཕར་ཁྲིད་འགྲོ་བ། དེ་ཙམ་མ་ཟད་ལོ་སྔོན་མའི་བརྟན་བཞུགས་སྐབས་སུ་རོང་པོ་ཁམས་ཚན་ནས་མི་ཡོང་སྟེ༑ ལག་པ་ཡ་གཅིག་ལ་པཎྜལ་རྟེན་དོད་དང་མཇལ་དར་འཁྱེར་ནས་ཡོང་བ་ཆབས་ཅིག ལག་པ་ཡ་གཅིག་གིས་ང་ཚོའི་གྲྭ་རྒྱུན་གཉིས་རྡ་རམ་ས་ལ་ནས་ཁྲིད་འགྲོ་བ་རེད། ང་ཚོའི་སྒོ་འགྲམ་ནས་གྲྭ་རྒྱུན་གཉིས་འདི་ལྟར་ཁྲིད་འགྲོ་བ་དེ་ཅུང་ཧམ་པ་ཚ་དྲག་པ་རེད། ང་ཚོའི་གྲྭ་ཚང་ལ་གྲྭ་རྒྱུན་དགོས་ཀྱི་ཡོད་པ་རེད་ལ། ང་ཚོའི་གྲྭ་རྒྱུན་དེ་ང་ཚོས་བདག་པོ་བརྒྱག་དགོས་པ་རེད། དེ་ལྟར་ཧམ་པ་ཚ་བོ་བྱས་ན་ཡག་པོ་མི་འདུག

 

རོང་པོ་ཁམས་ཚན་སྡུག་ཆགས་རེད་ཅེས་ངས་བཤད་ཀྱི་མེད། རོང་པོ་ཁམས་ཚན་གྱི་ལས་ཀ་བྱེད་སྟངས་ནོར་གྱི་འདུག།དེ་ཡག་པོ་མ་རེད། མ་འོངས་པར་ཀིརྟིའི་དགོན་ཁག་གི་གྲྭ་པ་རྣམས་རོང་པོ་ཁམས་ཚན་ལ་འགྲོ་དགོས་ཀྱི་རེད་ཟེར་བ་དང། ཀིརྟིའི་དགོན་མ་ལག་གི་གྲྭ་པ་ཡོངས་རྫོགས་རོང་པོ་ཁམས་ཚན་ལ་ཐོབ་ཀྱི་ཡོད་ཟེར་བ་ལྟ་བུའི་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་རོང་པོ་ཁམས་ཚན་ལ་སུ་གང་གིས་ཀྱང་སྤྲད་ཡོད་པ་མ་རེད།

 

རོང་པོ་ཁམས་ཚན་གྱིས་རང་གི་ཐོབ་ཁོངས་ཡིན་པའི་སྟོང་འཁོར་པ་ཚོ་ལ་བདག་པོ་བརྒྱབ་ན་དེ་སོ་སོའི་ཐོབ་ཐང་རེད། རང་རང་གི་ཐོབ་ཁོངས་ཡིན་པའི་གྲྭ་རྒྱུན་ལ་བདག་པོ་བརྒྱབ་ན་ཡག་པོ་རེད། ཀིརྟི་ཚང་གི་དགོན་མ་ལག་གི་གྲྭ་རྒྱུན་རྣམས་ཁམས་ཚན་གཅིག་ལ་དབང་བ་ཡིན་པ་ལྟ་བུའི་སྐད་ཆ་བཤད་ན་ཡག་པོ་མ་རེད། དངོས་ཡོད་གནས་ཚུལ་ལ་ཀིརྟིའི་དགོན་ཁག་གི་གྲྭ་རྒྱུན་རྣམས་ཁམས་ཚན་གཅིག་ལ་མ་གཏོགས་གཞན་དག་ལ་འགྲོ་མི་ཆོག་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། ཐོབ་ཁོངས་གང་དང་གང་ཡིན་པའི་ལུགས་སྲོལ་གནའ་སྔ་མོ་ནས་དར་ཡོད་པ་དེ་ལ་ཁམས་ཚན་སོ་སོའི་ངོས་ནས་བཟོ་བཅོས་བརྒྱབ་ན་སོ་སོའི་འདོད་པ་རེད་མ་གཏོགས། ང་ཚོས་དེ་ལ་བཟོ་བཅོས་བྱས་ནས་སྐད་ཆ་འདྲ་མིན་བཤད་བསྡད་པ་དེ་ངས་ཡག་པོ་ཞིག་ཏུ་ཚོར་མ་བྱུང།

 

རོང་པོ་ཁམས་ཚན་དུ་ཡོད་པའི་ང་ཚོ་དང་ཕ་ཡུལ་གཅིག་པའི་གྲྭ་པ་ཚོར། སེམས་ཤུགས་མེད་པ་དང། ཤ་ཞེན་དང་རུས་ཞེན་མེད་པ། ང་ཚོའི་བར་དུ་འགལ་ཟླ་ཡོད་པ་ལྟ་བུ་གང་ཡང་མ་རེད། ལས་ཀ་བྱེད་སྟངས་ལ་ནོར་འཁྲུལ་འགྲོ་གི་ཡོད་པ་དེ་ཧ་གོ་བའི་དོན་དུ་ངས་དེ་རིང་སྐད་ཆ་འགའ་ཤས་གསལ་པོ་བྱས་ནས་བཤད་པ་ཡིན་མ་གཏོགས། ངས་ཁོང་ཚོར་གང་གནག་གནག་དང་སྡུག་ཆགས་བྱས་ནས་བཤད་པ་དེ་འདྲ་མིན། དངོས་ཡོད་གནས་ཚུལ་ལ་ལས་ཀ་བྱེད་སྟངས་ནོར་འཁྲུལ་གྱི་ལམ་དུ་འགྲོ་ཡི་འདུག།དེ་ལྟར་ཕྱིན་པ་ཡིན་ན་རང་གཞན་གཉིས་ཀ་ལ་ཡག་པོ་ཡོད་པ་མ་རེད།

 

ང་ཚོའི་འདི་ནས་ཨ་ལགས་མགར་དགེ་དང་འཕེལ་རྒྱས་གཉིས་རོང་པོ་ཁམས་ཚན་ལ་བཏང་བ་རེད། ཁོང་གཉིས་ཀྱི་ཐོབ་ཁོངས་རོང་པོ་ཁམས་ཚན་ངོ་མ་རེད། ཨ་ལགས་མཁན་རྒན་དང་ཨ་ལགས་བ་རུ་གཉིས་རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ངོ་མ་ཡིན་དུས་འབྲས་སྤུངས་བློ་གསལ་གླིང་ལ་ཆོས་ཞུགས་བྱས་པ་རེད།

 

འདི་གའི་གྲྭ་ཚང་གི་རྒན་པ་འགའ་ཤས་ལ་གྲྭ་སར་དགེ་བཤེས་གཏོང་བར་ཤོག་ཟེར་བ་དང། བླ་མ་ཚོར་གྲྭ་སར་ཆོས་ཞུགས་བྱེད་དགོས་པ་རེད་ཅེས་པ་ལྟ་བུ་སྣ་ཚོགས་ཤིག་བཤད་ནས་ང་ཚོའི་ནང་ཁུལ་ལའང་དཀའ་ངལ་སྔ་ཕྱི་བྱས་ནས་གང་འཚམས་བཟོས་བྱུང། ཁ་བྲིད་སྣ་བྲིད་མང་པོ་བྱས་སོང། དེ་འདྲ་བྱས་ན་ཡག་པོ་མི་འདུག།ལྷག་པར་དུ་ང་ཚོའི་འཁྲིས་སུ་ཡོང་ནས་ང་ཚོའི་གྲྭ་རྒྱུན་ཁྲིད་འགྲོ་བ་དེ་བདེ་པོ་ཞིག་མི་འདུག་ལ། ཧམ་པ་ཚ་བོ་རེད། རོང་པོ་ཁམས་ཚན་གྱི་ཐོབ་ཁོངས་ལ་བདག་པོ་མ་བརྒྱབ། ཅེས་ངས་བཤད་ཀྱི་མེད་ཀྱང། བྱེས་པ་གྲྭ་ཚང་གི་ཐོབ་ཁོངས་དང་བྱེས་པ་གྲྭ་ཚང་གི་གྲྭ་རྒྱུན་ལ་བྱེས་པ་གྲྭ་ཚང་གི་དམིགས་ཡུལ་དང་མཐུན་པའི་ཐོག་ནས་བདག་པོ་བརྒྱག་དགོས་པ་དེ་བྱེས་པ་གྲྭ་ཚང་གི་ལས་འགན་རེད། དགོན་པ་གྲྭ་ཚང་སུ་ཞིག་ཡིན་ནའང་སོ་སོའི་གྲྭ་རྒྱུན་དེ་སོ་སོ་ལ་བདག་གི་རེད། རང་ལ་བདག་པ་དེ་རང་གིས་བདག་པོ་བརྒྱག་དགོས་པ་མ་གཏོགས་ཧམ་པ་ཚ་བོ་བྱས་ནས་གྲྭ་རྒྱུན་ཁྲིད་འགྲོ་བ་དེ་ཡག་པོ་མ་རེད། སྐད་ཆ་ཅུང་རྩུབ་པོ་འདི་འདྲ་ངས་མ་བཤད་ན་ཤོད་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སྐད་ཆ་རྩུབ་པོ་ཤོད་དགོས་པ་དེ་ངའི་ཐོག་ལ་མི་ལེན་རང་ལེན་རེད། མ་བཤད་ཐབས་མེད་གྱུར་ནས་ངས་བཤད་པ་ཡིན། རོང་པོ་ཁམས་ཚན་ལ་མ་དགའ་བའི་ཐོག་ནས་བཤད་ཀྱི་མེད། ཁྱེད་ཚོས་ལས་ཀ་བྱེད་སྟངས་དེ་ནོར་གྱི་འདུག།ཅེས་བཤད་པ་ཡིན། ངས་འདི་ལྟར་བསྐྱར་བཤད་ཡང་བཤད་བྱ་དགོས་པའི་རྒྱུ་མཚན་ནི་ང་ཚོའི་བར་དུ་གོ་ལོག་ཐོས་ལོག་མི་ཡོང་བའི་ཆེད་དུ་ལྷག་བསམ་རྣམ་དག་གིས་བཤད་ཀྱི་ཡོད།

 

ད་ལྟ་ལ་ཐུག་གི་བར་དུ་འདི་གའི་གྲྭ་པ་རྒན་གཞོན་ཡོངས་རྫོགས་མཐུན་ལམ་ཡོད་པ་དང། རང་རང་གི་ལས་འགན་ཐོག་ལྷག་བསམ་རྣམ་དག་གིས་འགན་བཞེས་པ་རེད། ཀིརྟི་ཚང་གི་སློབ་བརྒྱུད་རེད་ཅེས་བཤད་པའི་སྐབས་ངོམ་ཆོག་པ་ཞིག་ཏུ་གྱུར་ཡོད་པ་འདི་ང་ཚོའི་གཟི་བརྗིད་རེད། ང་ཚོའི་གཟི་བརྗིད་དེ་ང་ཚོས་མ་འོངས་པར་ཡང་ཉར་ཐུབ་པ་ཞིག་དགོས། འདིའི་ཐོག་ང་ཚོས་ཤུགས་བརྒྱག་དགོས། ཁྱེད་ཚོ་ཡོངས་རྫོགས་ང་ལ་སེམས་གཏིང་ནས་བརྩེ་སེམས་ཡོད་པ་དང། ངས་བཤད་པ་ལ་ཉན་ནས་ད་ལྟ་ལ་ཐུག་གི་བར་འགྲོ་བསྡད་མཁན་ཤ་སྟག་རེད། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཀིརྟི་ཚང་གི་བསྟན་པ་སྐྱོང་རོགས་བྱས་པ་དེ་ལ་ཐུགས་རྗེ་ཆེ་ཞེས་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། ཕ་ཡུལ་གྱི་འབྲེལ་ཡོད་དགོན་པ་ཁག་གི་གྲྭ་པ་རྒན་གཞོན་ཡོངས་རྫོགས་ཀིརྟི་ཚང་གི་བསྟན་པ་དང་དགོན་པའི་དོན་དུ་བློ་གཅིག་སེམས་གཅིག་དང་ལྷག་བསམ་རྣམ་དག་ཅན་ཤ་སྟག་རེད། ཐུགས་རྗེ་ཆེ།

 

ཀིརྟིའི་བྱེས་པ་གྲྭ་ཚང་གི་ནང་དུ་སུ་ཁེའི་ཕྱོགས་ཀྱི་གྲྭ་རྒྱུན་གང་འཚམས་ཤིག་ཡོད། ཁྱེད་ཚོ་འདིར་སླེབས་ནས་འགའ་ཤས་ད་ཆ་གྲྭ་པ་རྒན་པར་གྱུར་ཏེ་འཛིན་གྲྭ་གང་འཚམས་ཤིག་ཡར་སླེབས་ཡོད། ཁྱེད་ཚོས་འོག་མ་རྣམས་ལམ་ཡག་པོ་ཞིག་ཏུ་ཁྲིད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ལུང་པའི་འཐེན་འཁྱེར་སོགས་ཀྱི་དབང་དུ་ནམ་ཡང་མ་ཕྱིན་པར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ས་གནས་གཞན་དག་འགའ་ཤས་སུ་བོད་པ་ཡིན་པ་དང་མ་ཡིན་པ་ཟེར་བ་ལྟ་བུའི་དཀའ་ངལ་འགའ་ཤས་ཡོང་གི་ཡོད་འདུག།ང་ཚོའི་ནང་དུ་ཡོད་པ་རྣམས་བོད་པ་ཡིན་མིན་ལ་མ་ལྟོས་པར། ཀིརྟི་ཚང་གི་སློབ་བརྒྱུད་ཡིན་པ་གཅིག་པ་དང། གྲྭ་པ་ཡིན་པ་གཅིག་པ། བླ་མ་གཅིག་གི་སློབ་མ་ཡིན་པ༑ འཆད་ཉན་སློབ་གཉེར་བྱེད་མཁན་ཡིན་པ་གཅིག་པ་བཅས་ཀྱི་ཐོག་ལ་བསམ་བློ་བཏང་སྟེ་མཐུན་ལམ་བྱ་དགོས་པ་མ་གཏོགས། ནང་ཁུལ་ལ་མི་དགོས་པའི་རྙོག་དྲ་དང་འཐེན་འཁྱེར་གང་ཡང་མི་ཡོང་བའི་ཆེད་དུ་རྒན་པ་ཚོས་འགན་བླངས་ནས་གཞོན་པ་ཚོ་ལ་བསླབ་བྱ་ཡག་པོ་བརྒྱག་དགོས་པ་རེད།

 

ཐག་རིང་པོའི་གནས་སྟངས་ཤིག་ལ་བསམ་བློ་བཏང་ན། སྔོན་མ་ཀིརྟི་ཚང་དང་དམིགས་བསལ་འབྲེལ་བ་ཡོད་པའི་མི་ཉུང་ཤས་ཤིག་ལས་དང་སྨོན་ལམ་གྱི་དབང་གིས་ཁྱེད་ཚོའི་ལུང་པ་དེར་སྐྱེ་བ་བླངས་ནས་ཡོང་བསྡད་པ་ཞིག་ཡིན་པ་ཐག་གིས་ཆོད་པ་རེད། ནམ་མཁའ་ནས་ཆར་བ་བཏང་བ་ལྟར་རང་བཞིན་གྱིས་ས་ལ་ལྷུང་ཡོང་བ་དེ་འདྲ་ཞིག་མ་རེད། སྐྱེ་བ་སྔ་ཕྱིའི་བར་གྱི་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ཐག་གིས་ཆོད་པ་རེད། སྔ་མོའི་བག་ཆགས་དེ་དག་སད་ནས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གྲྭ་པ་བྱས་པ་རེད། བག་ཆགས་བཟང་པོ་དེ་དག་ཉར་ཐུབ་པ་དགོས་པ་དེའི་ཐོག་ལ་དགེ་རྒན་ཚོས་ཤུགས་བརྒྱག་དགོས་པ་རེད་ལ། སུ་ཁེའི་གྲྭ་རྒྱུན་རྒན་པ་ཚོས་དེའི་ཐོག་ལ་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད། ཁྱེད་ཚོ་རྗེས་མ་ཡག་པོ་ཆགས་སོང་ན་སོ་སོའི་ལུང་པའི་ནང་ཆོས་བཤད་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བྱེད་ཐུབ་མཁན་ཞིག་ཡོང་བའི་དམིགས་ཡུལ་འཛིན་དགོས་པ་རེད། ཁྱེད་ཚོས་འཆད་ཉན་སློབ་གཉེར་དང། ཀུན་སྤྱོད་ཚུལ་མཐུན་ཡོང་བ་ལ་རྒྱུན་དུ་དོ་སྣང་དང་འབད་བརྩོན་བྱ་དགོས།

 

སུ་ཁེའི་གྲྭ་རྒྱུན་འགའ་ཤས་འདི་ནས་ཕར་ཕྱིན་ཏེ་གྲྭ་པ་ལོག་སོང་བ་ཚོའི་གྲས་ནས་གཞན་དང་མ་འདྲ་བའི་ཆོས་དད་ཆེན་པོ་ཅན་དེ་འདྲ་ཡོད་པ་རེད་ཅེས་པའི་སྐད་ཆ་གོ་རྒྱུ་འདུག།དེ་བཞིན་དུ་ཁྱེད་ཚོ་འགའ་ཤས་ལ་ནང་མི་ཚོས་ཕྱིར་ནང་དུ་ཡོང་ནས་ཁྱིམ་ཐབ་འཛིན་དགོས་ལུགས་བཤད་པའི་སྐབས་དེ་ལྟར་མ་ཕྱིན་པར་མི་ཚེ་གྲྭ་པ་བྱ་རྒྱུའི་བསམ་བློ་བརྟན་པོ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག།འདི་ཤིན་ཏུ་ཡག་པོ་རེད། མ་འོངས་པར་ཡང་གྲྭ་པ་ཡག་པོ་བྱས་པའི་ཐོག་ནས་འཆད་ཉན་སློབ་གཉེར་དང་ཀུན་སྤྱོད་ཡ་རབས་ཚུལ་མཐུན་ཞིག་ཡོང་བ་ལ་འབད་བརྩོན་བྱ་དགོས་པ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ཚེས་ ༣༠ ལ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.