༄༅།། དེ་རིང་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཐེངས་དང་པོ་སྐྱོང་བཞིན་པའི་ཞལ་འདོན་གྱི་དབུ་མ་ཚུགས་པའི་སྔོན་ལ་ངས་ཚིག་གཅིག་གཉིས་ཤིག་ཞུས་ན། རྣམ་པ་ཚོས་ཐུགས་སྨོན་གནང་སྟངས་ལ་ཁྱད་པར་ཡོད་པ་རེད་བསམས།

སྤྱིར་རྡོ་རྗེ་གདན་འདི་གནས་ཤིན་ཏུ་རྩ་བ་ཆེན་པོ་ཡིན་པ་ནི་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་ལྟར་རེད། ལྷག་པར་དུ་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་འདི་ལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དབུས། དགའ་ལྡན་ཁྲི་གདན་ཟུར་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་བརྒྱ་ཕྲག་གཉིས་གསུམ་ཞིག་ཕེབས་ནས་དྲང་ངེས་བགྲོ་གླེང་ཆེན་པོ་གནང་བའི་སྐབས་དེར། མ་འོངས་པའི་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྜའི་ལྟ་གྲུབ་སློབ་གཉེར་ཁང་ཞིག་བཞེངས་རྒྱུའི་རྩིག་པའི་རྨང་རྡོ་ཡང་༸རྒྱལ་བ་རིན་པོ་ཆེས་ཕྱག་བསྟར་ནས་འཇོག་གནང་མཛད་ཡོད་པར་མ་ཟད། བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཤིས་བརྗོད་དང་བདེན་ཚིག་བརྗོད་པར་གནང་སའི་ས་གནས་བྱིན་རླབས་ཅན་ཞིག་ཏུ་གྱུར་ཡོད།

ལྷག་པར་དུ་ཉིན་ཤས་ཀྱི་རིང་༸རྒྱལ་བ་རིན་པོ་ཆེས་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་བར་མ་ཟད། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་གནང་སྟེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་དུ་བཅུག་པ་སོགས་ཀྱིས་དམིགས་བསལ་ཆོས་ཕྱོགས་ཀྱི་ནུས་པ་ཤིན་ཏུ་ཆེན་པོ་ཡོད་བཞིན་པའི་སྐབས་འདི་ལ། ང་ཚོས་གནས་འདིར་ཆོས་ཕྱོགས་ཀྱི་མཛད་སྒོ་དང་པོ་དེ་ཚུགས་ཐུབ་ན་གང་ཅིའི་ཆ་ནས་ཕན་ཐོགས་ཡོང་གི་རེད་བསམས་པ་གཅིག་ཡིན།

གཉིས་པ། དེ་རིང་ཐེངས་དང་པོར་སྒྲོལ་ཆོག་གསུང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ད་ལོའི་ལོ་འདི་ལ་ངའི་ལོ་ཀེག་ཟེར་ན་འདྲ། གང་ལྟར་ང་ཚོ་ལ་རྐྱེན་ངན་བར་ཆོད་ཕྲན་བུ་ཞིག་ཡོང་གི་འདུག དཔེར་ན། རྒྱལ་རོང་ཚོ་བདུན་དགོན་པ་ལ་ས་གཡོམ་གྱི་འཇིགས་པའི་དཀའ་ངལ་འཕྲད་པ་དང་། ང་ཚོའི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་དང་། སེར་སྐྱ་མང་ཚོགས་ཀྱི་ཁྲོད་དུ་བར་ལམ་འཆམ་ཡམས་ཕོག་ནས་འདས་གྲོངས་སུ་ཕྱིན་པ་ཡང་འགའ་ཤས་བྱུང་སོང་། ལྷག་པར་དུ་ད་ལྟ་བླ་མ་སྐུ་བགྲེས་པ་གཉིས་ཀྱིས་སྙུང་གཞི་བཞེས་བཞིན་པའི་གནས་སྟངས་ཅུང་ཛ་དྲག་གི་སྐབས་ལྟ་བུར་གྱུར་འདུག འབྲེལ་ཡོད་མང་ཚོགས་ཀྱི་ཁྲོད་དུ་ཡང་འཆམ་པའི་ནད་ཡམས་ཕོག་པ་ཁག་ཅིག་ཡོད་དུས། རྣམ་པ་ཚོས་ཛ་དྲག་གི་ནད་ཡམས་དེ་དག་མགྱོགས་ནས་མྱུར་དུ་སེལ་བའི་ཐུགས་སྨོན་སྐྱབས་འཇུག་གནང་ན། ཕ་ཡུལ་གྱི་དགོན་སྡེ་ཁག་མང་ཚོགས་དང་བཅས་པར་ང་ཚོའི་བར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ཡིན་དུས་ནད་ཡམས་མགྱོགས་པོར་ཞི་འཇམ་དུ་འགྲོ་ཐུབ་པར་ཕན་ཐོགས་ཡོང་གི་རེད་བསམས་པ་ཞིག་ཡིན།

གསུམ་པ། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ནང་ཚན་ཚོ་བདུན་ཀིརྟི་དགོན་པ་ལ་ད་ལོ་ས་གཡོམ་བརྒྱབ་སྟེ་གཙུག་ལག་ཁང་དང་གྲྭ་ཤག་བཅས་པ་གས་སྐྱོན་ཚབས་ཆེན་ཕོག་ནས་ཕན་ཐོགས་མེད་པའི་གནས་སྟངས་སུ་གྱུར་ཏེ་དཀའ་ངལ་ཤིན་ཏུ་ཆེན་པོ་འཕྲད་སོང་། མ་འོངས་པར་ཚོ་བདུན་དགོན་པའི་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་བསྐྱར་གསོའི་བྱ་བ་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བའི་དོན་དུ་རྣམ་པ་ཚོས་ཐུགས་སྨོན་དང་སྐྱབས་འཇུག་གནང་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས།

ཚོ་བདུན་དགོན་པར་མཚོན་ན་འདུ་ཁང་དང་གྲྭ་ཤག་ཡོངས་རྫོགས་ལ་གས་སྐྱོན་ཤོར་ནས་ནང་དུ་སྡོད་ས་མེད་པར་གྱུར་ཏེ་ཟླ་བ་མང་པོའི་རིང་གུར་ཕུབ་ནས་འདུག་དགོས་པའི་དཀའ་ངལ་ཆེན་པོ་བྱུང་ཡོད་ཀྱང་། འཆད་ཉན་སློབ་གཉེར་ལ་འཐུས་ཤོར་མེད་པར་བྱས་ཏེ། རྒྱུགས་སྤྲོད་ཀྱི་རིམ་པ་མཐའ་དག་རྒྱུན་ལྡན་ལྟར་འགྲོ་ཐུབ་པར་འབད་བརྩོན་གནང་བྱུང་བས་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བཞི་པ། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་ས་གནས་འདིའི་ཐོག མ་འོངས་པར་༸རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་རྒྱ་གར་ནང་དུ་བསྐྱར་གསོ་གནང་རྒྱུའི་དགོངས་གཞི་དེའི་ཆ་ཤས་ཙམ་ཞིག་ང་ཚོའི་ངོས་ནས་སྒྲུབ་ཐུབ་ན་བསམས་ནས་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྜའི་ལྟ་གྲུབ་སློབ་གཉེར་ཁང་ཞིག་འཛུགས་རྒྱུའི་མ་འོངས་པའི་འཆར་གཞི་ཤིན་ཏུ་རྒྱ་ཆེན་པོ་ཞིག་བཟུང་ཡོད། མ་འོངས་པའི་འཆར་གཞི་དེ་དག་ལེགས་འགྲུབ་ཡོང་བའི་དོན་དུ་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

དེ་རིང་འདིར་འབྲེལ་ཡོད་སྐྱ་སེར་མང་པོ་ཞིག་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་དེ་རིང་གནམ་གཤིས་དང་ས་ཆུ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་ཡོད་པ་རེད། ས་ཆུ་མ་འཕྲོད་པ་དང་། གཟུགས་པོ་མ་བདེ་བ། འཆམ་པ་དང་ཚ་བའི་ན་ཚ་འདྲ་ཡོད་ཚེ་ཨུ་ཚུགས་བརྒྱབ་ནས་མ་བཞུགས་པར་འཕྲོད་བསྟེན་གནང་དགོས། ཕེབས་དགོས་མཁན་རྣམས་ཀྱང་གུ་ཡངས་པོ་གནང་སྟེ་ཕེབས་ན་འགྲིག་གི་རེད། བཀའ་འགྱུར་དག་སྒྲོགས་ད་ལོའི་ལོ་ལ་ཆ་ཚང་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་དུས་ལོ་རྗེས་མ་ནས་བཀའ་འགྱུར་དག་སྒྲོགས་ཀྱི་མཇུག་སྐྱོང་བྱེད་ཐུབ་ན་བསམས་ཡོད།

གཙོ་ཆེ་ཤོས་ནི་རྣམ་པ་ཚོས་གནས་ཁྱད་པར་ཅན་ལ་དགེ་བ་ཁྱད་པར་ཅན་བསགས་དང་གསོག་བཞིན་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་དེ་ལ་བརྟེན་ནས་ཐུགས་སྨོན་རྒྱ་ཆེན་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

ཕྱི་ལོ་༢༠༢༣ལོའི་ཟླ་ཚེས་ལ།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.