022༄༅།། ཐོག་དང་པོར་ང་རང་གི་གནས་སྟངས་ཕྲན་བུ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། ངའི་ཨ་མཆོག་གིས་གསལ་པོ་གོ་ཐུབ་ཀྱི་མེད་དུས་གོང་དུ་ངོ་སྤྲོད་གནང་བའི་གནས་ཚུལ་མང་ཆེ་བ་ངས་གོ་མ་བྱུང་། གཉིས་པ་དེ་ངས་བོད་སྐད་མ་གཏོགས་རྒྱ་སྐད་དང་དབྱིན་ཇིའི་སྐད་ཡིག་གིས་མཚོན་པའི་སྐད་ཡིག་གཞན་ཤེས་ཀྱི་མེད་དུས་རྣམ་པ་ཚོར་སྟབས་མ་བདེ་བར་ཆགས་སོང་བས་ཐོག་དང་པོར་དགོངས་དག་ཞུ་རྒྱུ་ཡིན།
དེ་རིང་འདིར་སྐུ་ངོ་དོན་གཅོད་གསར་རྙིང་རྣམ་པ་གཉིས་དང་། དགེ་བཤེས་ལགས། སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ་དང་ཆོས་གྲོགས་རྣམ་པ་ལྷན་རྒྱས་ངའི་ལོ་རྒྱུས་ཀྱི་དཔེ་དེབ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པ་ཞལ་དབྱེའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་པར་ཐུགས་རྗེ་ཆེ།བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ངའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་གངས་ལྗོངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་བར་མ་ཟད། དེ་རིང་དཔེ་དེབ་ཞལ་དབྱེའི་མཛད་སྒོ་ཡང་དོན་གཅོད་ཁང་གིས་གོ་སྒྲིག་ཤིན་ཏུ་ཡག་པོ་དང་གྲ་རྒྱས་པོ་གནང་འདུག་པས་འབྲེལ་ཡོད་རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


ངའི་ལོ་རྒྱུས་ཀྱི་དེབ་འདི་ལ་མི་མང་པོ་ཞིག་གིས་རིན་པོ་ཆེའི་རྣམ་ཐར་ཞེས་ཟེར་སྲིད་ཀྱང་། རྣམ་ཐར་ཞིག་ཡིན་ན་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ། ཐོས་བསམ་སྒོམ་གསུམ་གྱི་མཛད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པའི་རྣམ་ཐར། རྗེས་འཇུག་གདུལ་བྱས་ཉམས་ལེན་དུ་འཁྱེར་རུང་བའི་མཛད་པ་དེ་འདྲ་ཞིག་ལ་གོ་དགོས་ཀྱང་། འདི་ནི་དེ་འདྲ་ཞིག་མིན་པར་ངའི་མི་ཚེའི་ནང་དངོས་སུ་བྱུང་བའི་ལོ་རྒྱུས་ཀྱི་དྲན་ཐོ་འགའ་ཤས་ཡིག་ཐོག་ཏུ་བཀོད་པ་ཙམ་ཏེ། ངའི་མི་ཚེའི་སྐྱིད་སྡུག་གི་ལོ་རྒྱུས་ཀྱི་གནས་སྟངས་གཞི་ལ་བཞག་ནས་བྲིས་པ་ཞིག་རེད། བོད་ཀྱི་གཏམ་དཔེར། མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ།ཉི་མ་གཅིག་ལ་དྲོ་གྲང་གསུམ། ཞེས་བཤད་སྲོལ་ཡོད་པ་ལྟར། ངའི་མི་ཚེ་གཅིག་ལ་སྐྱེ་བ་གསུམ་བླངས་པ་ལྟ་བུའི་སྐྱིད་སྡུག་གི་འགྱུར་བ་ཆེན་པོ་གསུམ་བྱུང་བར་བརྟེན།དཔེ་དེབ་འདིའི་མིང་ལ་ཡང་། མི་ཚེ་གཅིག་ལ་སྐྱེ་བ་གསུམ།ཞེས་བཏགས་པ་ཡིན།
ད་ཆ་ལོ་བརྒྱད་ཅུ་ཐམ་པར་སོན་པའི་བར་གྱི་ངའི་མི་ཚེའི་ལོ་རྒྱུས་རིང་པོ་འདིའི་ནང་སྐྱེ་བ་གསུམ་བླངས་པ་ལྟ་བུའི་འགྱུར་བ་ཆེན་པོ་གསུམ་བྱུང་ཡོད། དཔེར་ན། ཐོག་དང་པོ་ང་བོད་ཀྱི་གྲོང་གསེབ་ཀྱི་མི་ཚང་སྐྱོ་པོ་ཞིག་གི་ནང་དུ་སྐྱེས་པ་རེད། ནང་མིའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་དུས་ཕ་མ་ལས་ཀར་སོང་བའི་ཤུལ་དུ་ང་ལ་དམིགས་བསལ་བདག་སྐྱོང་བྱེད་མཁན་མེད་སྟབས་ལག་པ་མེ་ནང་དུ་ལྷུང་སྟེ་མེས་འཚིག་པའི་གནས་ཚུལ་འདི་བྱུང་བ་རེད།
འོན་ཀྱང་གློ་བུར་དུ་ཡུལ་མདོ་སྨད་དུ་མཚན་སྙན་ཤིན་ཏུ་ཆེ་བའི་༸སྐྱབས་མགོན་ཀིརྟི་ཚང་ཞེས་པའི་བླ་མ་ཆེན་པོ་ཞིག་གི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་བསམ་ཡུལ་ན་མེད་པའི་སྐྱེ་བ་གསར་པ་ཞིག་བླངས་པ་ལྟ་བུར་གྱུར་པ་རེད། སྐྱེ་བ་གསར་པ་བླངས་པའི་རྗེས་སུ་ཐ་ན་ཕ་མ་ཡིན་ན་ཡང་ང་ལ་གང་འདོད་དུ་ཐུག་འཕྲད་བྱེད་མི་ཆོག་པའི་འགྱུར་བ་ཆེན་པོ་ཞིག་བྱུང་སྟེ། ལོ་རེར་ཕ་མ་གཉིས་ལ་ཐུག་འཕྲད་ལན་གཅིག་ཙམ་མ་གཏོགས་བྱེད་ཐུབ་ཀྱི་མེད། ང་༸སྐྱབས་མགོན་ཀིརྟི་ཚང་ལ་ངོས་འཛིན་གནང་ཟིན་པའི་རྗེས་སུ།ཡོངས་འཛིན་རྣམ་པ་གཉིས་དང་། མཚན་ཞབས་བདུན་ཆེད་འཛུགས་གནང་བ་ལྟར་གཙོ་བོ་ཆོས་ཕྱོགས་ལ་སློབ་སྦྱོང་བྱ་དགོས་པའི་འགན་ཆེན་པོ་ཡོད་པ་ལྟར། ངས་ཆོས་ཕྱོགས་ལ་སློབ་སྦྱོང་བྱས་པ་དང་མཉམ་དུ་རིམ་གྱིས་དད་ལྡན་མང་ཚོགས་ལ་དབང་དང་རྗེས་གནང་བསྐུར་བ་དང་། གསུང་ཆོས་གནང་བ་སོགས་བྱས་ཏེ་ལོ་བཅུ་དྲུག་བར་ཕ་ཡུལ་གྱི་དགོན་པའི་ནང་དུ་བསྡད་ཐུབ་ཡོད། སྐབས་དེར་འབྲེལ་ཡོད་དགོན་གྲོང་ཡོངས་རྫོགས་ཀྱིས་བླ་མ་འདི་བླ་མ་གཞན་དང་མ་འདྲ་བའི་ཡག་པོ་ཞིག་ཡོང་ས་རེད་ཅེས་རེ་བ་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་པ་རེད།
སྐབས་དེའི་བོད་ཁམས་སྤྱི་དང་ང་རང་གི་གནས་སྟངས་ལ་མཚོན་ན། རྒྱ་ནག་གུང་ཁྲན་གྱིས་བོད་ཀྱི་ལུང་པར་དབང་བསྒྱུར་བྱས་མེད་པར་བརྟེན་ལུང་པ་སོ་སོ་རང་འགོ་རང་བཙན་པ་ཡིན་པ་ནང་བཞིན། ང་ཡང་ས་གནས་ཆུང་ཆུང་ཞིག་གི་གནམ་ས་གཉིས་ཀའི་བདག་པོ་ཡིན་སྙམ་པའི་ཐོག་ནས་མི་ཚེ་བསྐྱེལ་བའི་སྐབས་ཡིན་དུས། རང་དབང་ལ་ལོངས་སྤྱོད་པའི་གནས་སྟངས་གཞན་དང་མི་འདྲ་བ་ཞིག་གི་ནང་མི་ཚེ་བསྐྱེལ་རྒྱུ་བྱུང་བའི་སྐྱེ་བ་འདི་ངའི་སྐྱེ་བ་དང་པོ་དེ་ཡིན།
རྒྱ་ནག་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་ཡོང་ལ་ཉེ་བའི་སྐབས་དེ་འདྲ་ཞིག་ཏུ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྱེད་རང་མགྱོགས་པོ་བྱས་ཏེ་ལྷ་སར་ཤོག་ཅེས་པའི་བཀའ་ཡིག་ཐེངས་སྔ་ཕྱི་གཉིས་ཕེབས་པ་ལྟར་བོད་ཀྱི་རྒྱལ་ས་ལྷ་ས་ལ་ཡོང་བ་ཡིན།ལྷ་སར་སླེབས་པ་དང་ཡང་བསྐྱར་སྐྱེ་བ་གསར་པ་ཞིག་བླངས་པ་ལྟ་བུར་གྱུར་ཏེ་གདན་ས་ཆེན་པོ་འབྲས་སྤུངས་ལ་ཆོས་ཞུགས་བྱས། སྐབས་དེ་ནས་ཕ་ཡུལ་གྱི་བླ་མ་ཆེན་པོའི་ཚུགས་ཀ་ཡོངས་རྫོགས་དུས་གཅིག་ཏུ་དོར་ནས་གྲྭ་པ་གྲྭ་རྐྱང་དཀྱུས་མ་ཞིག་གི་སར་བབ་སྟེ་བསྐྱར་དུ་འཛིན་གྲྭ་དམའ་ས་ནས་ཡར་འཆད་ཉན་སློབ་གཉེར་གྱི་འགོ་འཛུགས་བྱེད་བཞིན་ཡོད་ནའང་། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོས་ང་ལ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་ཞེས་པའི་བླ་མའི་གོ་གནས་སམ་གདན་ཐོབ་མཐོ་པོ་ཞིག་གསོལ་བསྩལ་མཛད་པ་རེད།
བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཅེས་པ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྤྲུལ་སྐུའི་གོ་གནས་ཀྱི་མིང་ཞིག་ཡིན་པ་མ་གཏོགས་སྤྲུལ་སྐུ་གྲངས་གསུམ་གྱི་ནང་དོན་མིན། བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྤྲུལ་སྐུའི་གོ་གནས་ཀྱི་རིམ་པ་མཐོ་ཤོས་ཧོ་ཐོག་ཐུ་དང་རྒྱལ་སྤྲུལ།རིམ་པ་གཉིས་པ་དེ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཟེར་བ་འདི་ཡིན། དཔེར་ན། བོད་ནང་གི་གནའ་སྔ་མོའི་དགའ་ལྡན་ཕོ་བྲང་པའི་གདན་ཐོབ་ཀྱི་འགྲོ་ལུགས་ལྟར་བྱས་ན་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱང་ངའི་གདན་ཐོབ་འདིའི་འོག་ལ་བཞུགས་དགོས་ཀྱི་ཡོད། ངས་ཞུ་དོན་གཙོ་བོ་ནི། སྐབས་དེར་བོད་སྡེ་པ་གཞུང་གི་ནང་དུ་བོད་སྤྱི་པའི་བླ་ཆེན་གྱི་གོ་གནས་ཡོད་པའི་བླ་མ་ཆེན་པོ་ཞིག་ཏུ་སྐྱེ་བ་བླངས་པ་འདི་ངའི་སྐྱེ་བ་གཉིས་པ་ལྟ་བུ་ཡིན།
སྐབས་དེ་འདྲ་ཞིག་ནས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་ཡོངས་རྫོགས་ལ་བཙན་འཛུལ་གྱིས་དྲག་གནོན་བྱས་ཏེ་ལྷ་སའི་གྲོང་ཁྱེར་ཆུང་ཆུང་འདིའི་ཐོག་ལ་མེ་སྒྱོགས་སུམ་བརྒྱ་ལྷག་ཅིག་བརྒྱབས་ནས་དྲག་གནོན་བྱས་པ་དེ་ང་རང་གིས་དངོས་སུ་མིག་གིས་མཐོང་བའི་གནང་ཚུལ་ཞིག་རེད། སྐབས་དེའི་དྲག་གནོན་མཚམས་ཆོད་པ་དང་གྲྭ་པ་ཡོངས་རྫོགས་ཚོ་ཁག་སོ་སོར་བགོས་ཏེ་དགོན་པ་དང་གྲྭ་ཚང་ཁག་གི་འདུ་ཁང་བཙོན་ཁང་དུ་བསྒྱུར་ནས་བཙོན་འཇུག་བྱས་པའི་སྐབས་སུ་ཡང་བཙོན་དུ་ཚུད་སོང་། སྐབས་དེ་དུས་བོད་མིའི་ཚེ་སྲོག་རྒྱ་མིའི་མེ་མདའི་ཁ་སྒོ་ན་ཡོད་དུས་ནམ་འཆི་ངེས་མེད་ཡིན་པའི་དངངས་སྐྲག་ཆེན་པོ་ཞིག་གི་འོག་ཏུ་གནས་དགོས་བྱུང་ཡོད།
དེ་དུས་བོད་ཁམས་ཡོངས་རྫོགས་རྒྱ་མིའི་དམག་གིས་ཁེངས་ནས་ཡོད་དུས་ལྷ་ས་ནས་བྲོས་བྱོལ་དུ་འགྲོ་རྒྱུར་དཀའ་ངལ་ཤིན་ཏུ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར། སྲོག་དང་བསྡོས་ཏེ་ལྷ་ས་ནས་བོད་ཀྱི་བྱང་ཁ་བརྒྱུད་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་ཡིན། ལྷ་ས་ནས་རྒྱ་གར་ལ་སླེབས་པའི་བར་དུ་ལམ་ཁར་ཟླ་བ་དྲུག་ལྷག་འགོར་སོང་། བྲོས་བྱོལ་དུ་ཡོང་བའི་ལམ་ཁ་ནས་རྒྱ་མིའི་དམག་དང་ས་འདི་ནས་གདོང་ཐུག་བྱུང་བ་ཡིན་ན་ཕྱོགས་འདི་ནས་མཆོངས་ཏེ་འབྲོ་དགོས་བསམ་པ་དང་། ཕྱོགས་འདི་ནས་རྒྱ་མིའི་དམག་སླེབས་པ་ཡིན་ན་ང་ཚོ་ཕྱོགས་འདི་ནས་མཆོངས་ཏེ་འབྲོ་ཨེ་ཐར་ལྟ་དགོས་བསམ་པའི་གྲ་སྒྲིག་དང་དངངས་སྐྲག་ཆེན་པོ་ཞིག་གི་འོག་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཐུབ་པ་རེད།
རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་དང་བཙན་བྱོལ་བའི་སྐྱེ་བ་གསར་པ་ཞིག་བླངས་པ་དེ་ངའི་མི་ཚེའི་ནང་གི་སྐྱེ་བ་གསུམ་པ་དེ་ཡིན། བོད་གངས་ཅན་པ་ལ་སྐྱེས་སྟོབས་ཀྱིས་ཡོད་པའི་བདེ་སྐྱིད་དང་རང་དབང་ཡོད་ཚད་ནས་ཡོད་ཚད་མེད་པར་གྱུར་ཏེ་གཞི་ནས་སྐྱེ་བ་གསར་པ་ཞིག་བླངས་པ་ལྟ་བུའི་གནས་སྟངས་ཤིན་ཏུ་སྐྱོ་པོ་ཞིག་གི་འོག་ལྷུང་ཡོད་ནའང་། ནང་ཆོས་ཀྱི་སློབ་སྦྱོང་གི་འཕྲོ་སྐྱོང་བྱ་བ་དང་། དེ་བཞིན་དགེ་འོས་སློབ་གྲྭ་དང་། མཐོ་རིམ་སློབ་གྲྭ་སོགས་རིམ་གྱིས་འགྲིམས་ཏེ་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཀར་སློབ་སྦྱོང་བྱས་པའི་རྗེས་ནས་བཟུང་། བོད་གཞུང་གི་ནང་ཞབས་ཕྱི་ཞུས་ཏེ་མཐའ་མ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་བཀའ་བློན་གྱི་འགན་ཁུར་ཡང་བླངས་པས་མཚོན་ད་ལྟའི་བར་དུ་སྐྱེ་བ་གསུམ་བླངས་པའི་གནས་ཚུལ་དང་ལོ་རྒྱུས་ཉིང་བསྡུས་ཙམ་ཞུས་ན་དེ་འདྲ་ཞིག་ཡིན། ད་ཆ་ལོ་ན་བརྒྱད་ཅུ་ཐམ་པ་ལོན་ནས་མི་ཚེའི་མཐའ་མའི་སྐྱེ་བ་བཞི་པ་དེ་སླེབས་ལ་ཉེ་བར་ཡོད་དུས་ད་ལྟ་ལ་ཐུག་གི་བར་དུ་མི་ཚེ་བསྐྱེལ་སྟངས་འདི་འདྲ་ཞིག་རེད།
འོན་ཀྱང་ངའི་ལོ་རྒྱུས་ཀྱི་དེབ་འདིའི་མཇུག་ཏུ་ངའི་མི་ཚེའི་ནང་གི་སྐུ་པར་ཁག་ཅིག་ཕྱོགས་བསྒྲིགས་བྱས་པ་འདི་ལ་བལྟ་བའི་སྐབས། ང་རང་གི་མི་ཚེ་འདི་བོད་སྤྱི་པའི་ལས་དོན་ཐོག་དཀའ་ལས་རྒྱག་མཁན་དང་ཧུར་ཐག་འབད་ཐག་བྱེད་མཁན་ཞིག་བྱུང་འདུག་སྙམ་པའི་ཐོག་ནས་དགའ་བ་སྒོམ་འོས་པ་ཞིག་ཏུ་གྱུར་ཡོད་པ་མ་གཏོགས།མི་ཚེ་འདི་ཡག་པོ་ཆགས་མ་སོང་སྙམ་པའི་ནོངས་འགྱོད་སྐྱེ་དགོས་པ་གཏན་ནས་མི་འདུག
མཐའ་མ་ངའི་མི་ཚེའི་ཉམས་མྱོང་དང་འབྲེལ་ནས་བསླབ་བྱའི་ཚིག་ཅིག་ཞུ་རྒྱུ་ནི། ངའི་མི་ཚེ་འདི་འཇོན་ཐང་ཆེན་པོ་དང་ཤེས་ཡོན་རྒྱ་ཆེན་པོ་ཡོད་པའི་ཐོག་ནས་མི་ཚེ་བསྐྱེལ་ཡོད་མེད་ལ་མ་ལྟོས་པར་ལྷག་བསམ་རྣམ་དག་གི་ཐོག་ནས་མི་ཚེ་བསྐྱེལ་བ་ཡིན་དུས།ཁྱེད་རྣམ་པ་ཚོས་ཀྱང་ལྷག་བསམ་རྣམ་དག་གི་ཐོག་ནས་མི་ཚེ་བསྐྱེལ་བ་ཡིན་ན། མི་ཚེའི་མཐའ་མར་སླེབས་སྐབས་བློ་འགྱོད་མེད་པའི་ཐོག་སེམས་པ་སྐྱིད་པོ་ཞིག་ཡོང་རྒྱུ་ཡིན་པ་དེ་ནི་ངའི་ཉམས་མྱོང་གི་ཐོག་ནས་ཞུ་འདོད་བྱུང་།
གངས་ལྗོངས་དཔེ་སྐྲུན་ཁང་ཚུགས་ནས་ལོ་མང་པོ་མིན་ཡང་ད་ལྟའི་བར་དུ་དེབ་ཕྲེང་བཞི་བཅུ་ཞེ་གཉིས་པར་སྐྲུན་གནང་བ་འདི། གྲངས་ཀ་དང་སྤུས་ཚད་གང་ཅིའི་ཐད་ནས་ཤིན་ཏུ་ཡག་པོ་རེད།འདི་ནས་དཔེ་སྐྲུན་གནང་བའི་དཔེ་དེབ་ཡོངས་རྫོགས་རྒྱ་ཡིག་གི་ཐོག་ནས་པར་སྐྲུན་གནང་ཡོད་དུས། རྒྱ་རིགས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བའི་མཐུན་རྐྱེན་རྒྱ་ཆེན་པོ་ཞིག་བསྐྲུན་ཐུབ་ཡོད་ལ། ངའི་ལོ་རྒྱུས་ཀྱང་རྒྱ་ཡིག་ཐོག་དཔེ་སྐྲུན་གནང་བ་འདི་རྒྱ་རིགས་ཤིག་གིས་བཀླགས་པ་ཡིན་ན། བོད་མི་ཞིག་གི་མི་ཚེའི་ནང་སྐྱིད་སྡུག་གི་གནས་སྟངས་འདི་འདྲ་བ་བྱུང་འདུག་སྙམ་པའི་ཤེས་རྟོགས་གསལ་པོ་ཡོང་བར་ཕན་ཐོགས་ཡོད་ངེས་ཡིན་དུས་རྣམ་པ་ཚོར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ།
ངའི་ལོ་རྒྱུས་ཀྱི་དེབ་འདི་པར་སྐྲུན་གནང་བའི་ཆེད་སྐུ་ངོ་དོན་གཅོད་མཆོག་གིས་འགན་ཁུར་ཆེན་པོ་བཞེས་བྱུང་ལ། དོན་གཅོད་ཁང་གི་ལས་བྱེད་རྣམ་པ་དང་། རྒྱབ་ཤ་ཇུས་འགོད་པ་སོགས་ཀྱིས་འགན་ཁུར་བླངས་ནས་སྐུ་ལས་ཆེན་པོ་བསྐྱོན་བྱུང་བས་རྣམ་པ་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངའི་ལོ་རྒྱུས། མི་ཚེ་གཅིག་ལ་སྐྱེ་བ་གསུམ། ཟེར་བའི་དེབ་འདི་རྩོམ་སྒྲིག་གནང་མཁན་རྒྱ་རིགས་རྩོམ་པ་པོ་ལིན་ཅང་ལིས་མཆོག་ལ་ཡང་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། (ཕྱི་ལོ་ ༢༠༢༡ ལོའི་ ཟླ་ ༤ ཚེས་ ༢༢ ཉིན།)

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.