- ཀློག་གྲངས་: 16821
དང་པོ། ྋསྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་འོག་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྒྲིགས་གཞི་གཞིར་བཟུང་ཆོས་སྲིད་ལུགས་གཉིས་ཀྱི་གཙོ་བོའི་མཛད་འགན་བཞེས་ཏེ། ལས་སྣེ་ལྷན་རྒྱས་དང་ཚོགས་འདུ་ལྷན་རྒྱས་ཀྱི་དབུ་བཞུགས་ཀྱིས་གྲྭ་ཚང་གི་ལས་དོན་ཆེ་ཕྲ་མཐའ་དག་གི་ཐག་གཅོད་བྱེད་སྟངས་ལ་སྟངས་འཛིན། ྋསྐྱབས་རྗེ་རིན་པོ་ཆེའི་དགོངས་པ་དང་སྒྲིགས་གཞིའི་རྒྱ་ལས་མི་འདའ་བའི་དོ་དམ་ནན་པོ་མཛད་རྒྱུ།
གལ་ཆེ་བའི་ལས་དོན་ྋསྐྱབས་རྗེ་རིན་པོ་ཆེར་སྙན་སེང་ཞུ་དགོས་རིགས་ཀྱི་ཐུགས་འགན་ཡང་བཞེས་དགོས། ཤིན་ཏུ་གལ་ཆེ་བའི་སྐབས་འགར་མཁན་པོས་ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་བསྐོང་ཆོག་ནའང་སྐུ་ཚབ་ལ་གྲོས་བསྡུར་གྱིས་དགེ་བསྐུལ་བརྒྱུད་ནས་ཚོགས་འདུ་བར་ལན་བརྡ་མ་ལུས་པར་མཛད་དགོས།
གཉིས་པ། མཁན་པོ་དབུ་བཞུགས་གནང་དགོས་པའི་ཚོགས་ཆེ་ཆུང་གང་ཡོད་ལ་རྒྱུན་ཕེབས། མཚམས་མཚམས་སུ་གྲྭ་ཚངགི་ཚོགས་དབུས་སུ་ཚོགས་གཏམ་དང་བཀའ་སློབ། གསར་བུ་པ་རྣམས་ལ་དཔེ་ཁྲིད་ཀྱིས་མཚོན་ཆོས་འཆད་ཉན་སོགས་ཀྱི་ཐུགས་འགན་བཞེས་དགོས་ཤིང༌། གྲྭ་ཚང་གི་སྒྲིགས་ལམ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་ལ་རྟིང་བསྐུལ། སྐུ་རིམ་དང་ཆོས་གྲྭ། དམ་བཅའ་སོགས་ལ་གཟིགས་རྟོག རྩི་བཞག་རྩོད་མཚམས་བར་གནང་དགོས་ཤིང༌། མཚམས་མཚམས་སུ་བཀའ་ཆོས་རེ་གནང་རྒྱུ། ལྷག་པར་རིགས་ལམ་འཛིན་གྲྭའི་རྩོད་རྒྱུགས་དང༌། འདོན་རྒྱུགས་ཀྱི་འགན་བཞེས་དགོས། དམ་བཅའ་ཆེ་ཁག་གི་དབུ་བཞུགས་ཀྱིས་འགོ་འདོམས་ཀྱང་མཛད་དགོས།
གསུམ་པ། གྲྭ་ཚང་འདིའི་ཚོགས་དང་ཆོས་ར་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་གང་ཞིག་ཏུ་ཕེབས་བཞུགས་སྐབས། དབུ་ཞྭ་དང་ཆོས་གོས་སྐུ་ཟླམ་བཞེས་སྟངས་སོགས་སྔ་སྲོལ་མཁན་པོའི་ཕྱག་བཞེས་བཟང་པོ་རྣམས་དེང་དུས་དང་གནམ་གཤིས་སོགས་འཕྲོད་མིན་ཡོང་སྲིད་ནའང་སྔ་སྲོལ་བཟང་པོ་གང་ཡོད་རྩད་ཞིབ་ཀྱིས་མི་ཉམས་རྒྱུན་འཛིན་གནང་ནས་བླ་གྲྭ་གསར་བུ་པ་རྣམས་ལ་མིག་ལྟོས་བཟང་པོ་འཇོག་ཐབས་མཛད་དགོས།