0111༄༅།། རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ལིས་ཅང་ལིས་ལགས་ཀྱིས་བཅར་འདྲི་དང་རྩོམ་སྒྲིག་གནང་བའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་ <<མི་ཚེ་གཅིག་ལ་སྐྱེ་བ་གསུམ།>>ཞེས་པའི་མ་རྩོམ་རྒྱ་ཡིག་ནང་ཡོད་པ་དེ་ཐའེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་བ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༢ ཉིན་ཐའེ་ཝན་བོད་ཀྱི་དོན་གཅོག་ཁང་གི་གོ་སྒྲིག་འོག་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོ་གནང་ཡོད་ལ། བོད་འགྱུར་ཞུས་ཟིན་པ་ཡང་མཐའ་མའི་ཞུས་དག་འགྲོ་བཞིན་ཡོད་པས། རིང་མིན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འགྲེམས་སྤེལ་ཞུ་འཆར་ལགས། དེ་བཞིན་ཉིན་དེར་ཐའེ་ཝན་བོད་ཀྱི་དོན་གཅོད་གསར་རྙིང་གི་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་བའི་མཛད་སྒོ་བསྐྱངས་པའི་དབུ་བཞུགས་སུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕེབས་གནང་ཡོད།

 

 

མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་རྣམ་ཐར་ངོ་སྤྲོད་མདོར་བསྡུས།

འདི་ནི་བླ་མའི་རྣམ་ཐར་དེང་རབས་ཀྱི་རྩོམ་ཐབས་སྤྱད་ནས་རང་རྣམ་གྱི་རྣམ་པའི་ཐོག་ནས་རྩོམ་སྒྲིག་ཞུས་པའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཡིན་ལ།གཞུང་ཚད་ནི་ལེའུ་བཅུ་བཞིའི་བདག་ཉིད་ཅན་དང་ནང་གསེས་སྣ་མང་ཅན་ཞིག་ཡིན། ནང་དོན་གཙོ་བོ་ནི།རྣམ་ཐར་གྱི་སྔོན་གླེང་གི་ཚུལ་དུ་བཀོད་པར། “ ངའི་མི་ཚེ་འདིར་སྐྱིད་སྡུག་དར་རྒུད་ཀྱི་མྱོང་བ་ཇི་བྱུང་ལ་བསམས་ཚེ།  མི་ཚེ་གཅིག་ལ་སྐྱེ་བ་གསུམ་བླངས་པ་ལྟ་བུར་ཆགས་ཡོད། དང་པོ་ནི།  ང་སོ་ནམ་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ནའང་། ཆེས་ལོ་ན་ཆུང་ངུའི་སྐབས་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཕ་མ་དང་ཞལ་བྲལ་གྱིས་རབ་ཏུ་བྱུང་ནས་དགོན་པར་ཞུགས་ཤིང་།  མཚན་གནས་ཤིན་ཏུ་མཐོ་བའི་མདོ་སྨད་ཀྱི་བླ་ཆེན་ཞིག་ཏུ་སྐྱེས་པ་དང་།  གཉིས་པ་ནི།༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་འགུག་བཞིན།  བོད་ཀྱི་ཤར་མཐའ་ཨ་མདོའི་ཡུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་འབྲས་སྤུངས་བློ་གསལ་གླིང་དུ་སྒྲིག་ཞུགས་གསར་དུ་བྱས། མཁས་པའི་དབང་པོ་དུ་མའི་ཞབས་ལ་གཏུགས་ཏེ་ནང་ཆོས་སློབ་གཉེར་བྱེད་མཁན་ཡུལ་དབུས་ཀྱི་བླ་ཆེན་ཞིག་གི་སྐྱེ་བ་བླངས། གསུམ་པ་ནི། རང་ཡུལ་ཤོར་བའི་བཙན་བྱོལ་བ་ཞིག་ཏུ་གྱུར་ཏེ་ལྷ་ས་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར།  ཡོད་ཚད་ནས་ཡོད་ཚད་བསྐྱར་དུ་འགོ་ཚུགས་ཏེ་མི་དཀྱུས་མ་བཞིན་སློབ་གྲྭར་ཞུགས་ཤིང་།  དེང་རབས་ཀྱི་རིག་གནས་ཤེས་ཡོན་ལ་སྦྱངས་བརྩོན་ཞུས་རྗེས། རིམ་

022བཞིན་བཙན་བྱོལ་བོད་གཞུང་ལ་སྲི་ཞུ་ཞབས་འདེབས་སྒྲུབ་མཁན་ཞིག་ཏུ་སྐྱེ་བ་བླངས་པ་ཡིན། ” ཞེས་གསལ་བ་ལྟར་ཁོང་རིན་པོ་ཆེའི་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་མཛད་པ་གཙོ་གནད་ཁག་གསལ་སྟོན་མཛད་པ་དང་མཉམ་དུ།མདོ་སྨད་ཀྱི་ཡུལ་དང་བོད་ཁམས་སྤྱིའི་ཆོས་སྲིད་ཀྱི་གནས་སྟངས་མང་པོ་ཞིག་ཀྱང་གསལ་བར་མཚོན་ཐུབ་པར་མཛད་ཡོད་པར་བརྟེན།  དེ་སྔ་ཡོངས་གྲགས་སུ་འགྲེམས་སྤེལ་ཞུས་པའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་ཆ་ཚང་ཤོས་ཤིག་ཏུ་ཡང་གྱུར་ཡོད་པར་མ་ཟད། སྤྱི་ཚོགས་གསར་རྙིང་གི་གནས་ཚུལ་མང་པོ་ཞིག་ཐུགས་མྱོང་གཞི་ལ་བཞག་སྟེ་སྒྲོ་སྐུར་གྱི་མཐའ་གཉིས་དང་བྲལ་བར་གསལ་སྟོན་མཛད་ཡོད་པར་བརྟེན།  སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་033མཆོག་གིས་རྣམ་ཐར་འདིའི་ཆེད་བརྗོད་དུ།  “ ཀིརྟི་རིན་པོ་ཆེས་རྒྱ་མི་གུང་ཁྲན་བོད་དུ་མ་ཡོང་གོང་གི་བོད་ཁུལ་གྱི་ཆོས་དང་། རིག་གཞུང་།  མང་ཚོགས་ཀྱི་འཚོ་བའི་གནས་སྟངས་བཅས་པ་ལེགས་རྟོགས་ཡོད་པར་མ་ཟད།  རྒྱ་མི་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་དང་། དམངས་གཙོ་བཅོས་བསྒྱུར།  བོད་མི་ཚོར་དྲག་གནོན་དང་།  བྲོས་བྱོལ་གྱི་བརྒྱུད་རིམ་རྣམས་མཐོང་མྱོང་ཡོད་ལ།རྒྱ་གར་དུ་བཙན་བྱོལ་གྱི་མི་ལོ་དྲུག་ཅུ་བརྒྱུད།  བཙན་བྱོལ་བོད་མི་ཚོས་གཞན་ཡུལ་དུ་བོད་ཀྱི་ཆོས་དང་རིག་གཞུང་གཅེས་ཉར་དང་།  མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན། ཆབ་སྲིད་དང་སྤྱི་ཚོགས་དམངས་གཙོ་ཅན་མངོན་འགྱུར་གྱི་བརྒྱུད་རིམ་ཡོངས་རྫོགས་ཁོང་གིས་མཐོང་ཡོད་པར་མ་ཟད།  དངོས་སུ་མཉམ་ཞུགས་གནང་ཡོད།  དཀའ་སྡུག་གི་བྱུང་བ་དང་ལོ་ཟླ་འདི་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་བའི་ལེ་ཚན་ཞིག་ཡིན་པ་གདོན་མི་ཟ། དེར་བརྟེན་ཀིརྟི་རིན་པོ་ཆེས་གང་ཉིད་ཀྱི་སྐུ་ཚེ་དང་།  འདས་པའི་ཉམས་མྱོང་རྣམས་ཞིབ་ཚགས་ཁུངས་འཕེར་ངང་ཐོ་འགོད་ཀྱིས་དེབ་གཟུགས་སུ་དཔར་སྐྲུན་བགྱིས་པར་ཡི་རང་བསྔགས་བརྗོད་ཡོད།”  ཅེས་གསུངས་པ་ལྟར། འདི་ནི་སྲོལ་རྒྱུན་གྱི་རྣམ་ཐར་མཛད་སྲོལ་བཞིན་བླ་མ་ཆེན་པོ་ཞིག་གི་ཆོས་ཕྱོགས་ཀྱི་རྣམ་ཐར་རྐྱང་པ་གཙོ་འདོན་གྱིས་བཀོད་པ་ཙམ་མ་ཡིན་པར།བོད་མི་རིགས་ཀྱི་དཀའ་སྡུག་གི་མྱོང་བ་རྣམས་རྩལ་འདོན་གྱིས་བཀོད་པར་གནང་བས།  མི་རབས་འདིའི་དངོས་མྱོང་ལོ་རྒྱུས་ཀྱི་བདེན་དཔང་རྩ་ཆེ་ཞིག་ཏུ་གྱུར་ཡོད་པ་གོར་མ་ཆག ངོ་སྤྲོད་གནང་མཁན། འདི་གའི་རིག་གནས་སློབ་དཔོན་རེ་མདོ་སེངྒེ་།

 

 

 དོན་གཅོད་འཕོ་འགྱུར་སྐོར་གྱི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.