3L2A6789 Desktop Resolution༄༅།། དགེ་བཤེས་ལྷ་རམས་པ་བྱང་ཆུབ་སངས་རྒྱས་མཆོག་ནི། ཕྱི་ལོ་༡༩༦༧ ལོར་བལ་བོད་ཀྱི་ས་མཚམས་བཙུམ་ལུང་པར་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་ཙམ་ནས་ལུང་པ་དེ་གའི་རྨུ་དགོན་བདེ་ཆེན་ལྷུན་འགྲུབ་ཏུ་སྒྲིག་ཞུགས་དང་། ཕྱི་ལོ་༡༩༨༠ ལོར་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གྲྭ་ཚང་གི་སློབ་གྲྭའི་འཛིན་རིམ་ཁག་དང་། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་ཆ་ཚང་ཐོན། ཕྱི་ལོ་༡༩༩༥ ལོ་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འཛུལ་ཞུགས་ཀྱིས་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས་ལོ་ངོ་དྲུག་གི་རིང་རྒྱུགས་འབྲས་ཨང་རིམ་དང་གཉིས་ཅི་རིགས་ལོན་པ་བྱུང་། ཕྱི་ལོ་༢༠༠༠ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཞིང་། ཕྱི་ལོ་༢༠༠༡ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སྔགས་ཕྱོགས་བརྒྱུད་སྡེ་བཞི་ལ་སློབ་གཉེར་གནང་སྟེ། ཕྱི་ལོ་༢༠༠༩ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོར་རྒྱུགས་འབྲས་ཨང་གཉིས་པ་ལེགས་པར་ཐོན། གཞན་ཡང་སུམ་རྟགས་སྙན་ངག་དང་། དཀྱིལ་འཁོར་བྲིས་ཐིག ནག་རྩིས་སོགས་ལའང་སྦྱངས་བརྩོན་གནང་། ༸སྐྱབས་རྗེ་མཁན་ཟུར་ལ་ཏེ་རིན་པོ་ཆེའི་དྲུང་ནས་བསླབ་ཚིགས་སྔ་མ་དགེ་ཚུལ་དང་། ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོའི་དྲུང་ནས་བསླབ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།

སྤྱི་ཚོགས་ཞབས་ཞུའི་སྐོར།

དགེ་བཤེས་དམ་འཇོག་ཟིན་རྗེས་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་དང་། གྲྭ་ཚང་གི་སློབ་སྤྱི་ལོ་བཞི། སློབ་གཉེར་ལྷན་ཚོགས་ཀྱི་རྒྱུན་ལས་ལོ་གཅིག ཕྱི་ལོ་༡༩༨༨ ལོར་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་ཐོག་དབུ་འཛུགས་སྐབས་ནས་བཟུང་ལོ་ངོ་བཅུ་ལྷག་རིང་དཔེ་ཁྲིད་དགེ་རྒན་གནང་། ཕྱི་ལོ་༡༩༩༣ ལོ་ནས་མོན་གྷོ་གཏན་སློབ་འཛིན་རིམ་༡༡།༡༢ ཀྱི་བོད་དགེ་ལོ་གསུམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ལ་ཕེབས་སྐབས་དཔེ་ཁྲིད་དགེ་རྒན་སོགས་གནང་བ་དང་།

རྩོམ་སྒྲིག་གི་ལས་དོན།

དགའ་ལྡན་ཤར་རྩེ་སློབ་གྲྭའི་དུས་དེབ་བྱམས་བརྩེའི་འོད་སྣང་དང་སློབ་གཉེར་ལྷན་ཚོགས་ཀྱི་གཞུང་ཆེན་དཀའ་གནས་ཀྱི་དུས་དེབ་ཐོག་མའི་རྩོམ་སྒྲིག་པ། གྲྭ་ཚང་གི་ཆོས་སྤྱོད་མཛད་རིམ་གསལ་བའི་ཉིན་བྱེད་སོགས་ཀྱི་རྩོམ་སྒྲིག་པ་གནང་ཞིང་། ད་ལྟ་༸གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་བཀའ་འབྲེལ་ལམ་སྟོན་འོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་གནང་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སུ།

 

 

 

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.