༄༅།། དེ་རིང་ང་ཚོ་རུབ་རུབ་བྱས་ནས་ཐུག་པར་ཞེ་དྲག་དགའ་བོ་བྱུང༌། རྐང་རིན་པོ་ཆེས་ཁུར་བཞེས་ནས་ཕྱིན་ཆད་བསྟན་པ་སྤྱི་སྒེར་གྱི་ཞབས་འདེགས་སྒྲུབ་མཁན་ཡག་པོ་ཞིག་བྱུང་ན་བསམས་ཏེ་མཐུན་རྐྱེན་མེད་པའི་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་འདིར་དགེ་འདུན་པའི་བསྟི་གནས་ཤིག་བཙུགས་པའི་དགོས་དོན་དམིགས་ཡུལ་ནི།

ཕྱིན་ཆད་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་སྒོས་རང་ཡུལ་ས་གནས་ས་ཐོག་ལ་བསྟན་པའི་མེ་རོ་སླར་གསོ་ཐུབ་པའི་དམིགས་ཡུལ་བཟུང་བ་ཡིན་དུས། དཔེར་ན། སྔར་རྗེ་མི་ལ་རས་པའི་རྣམ་ཐར་ནང༌། རྗེ་མི་ལ་ཁོང་མ་རྒན་གྱིས་མཐུ་སློབ་པར་གཏོང་དུས། མཐུ་སློབ་མཁན་གྱི་དགེ་ཕྲུག་གཞན་དག་དང་ངའི་བུ་འདྲ་གི་མེད། མཐུ་སློབ་མཁན་གཞན་དག་ཚོའི་གནས་ཚུལ་སྤྱིར་བཏང་ཞིག་རེད། མོ་རང་གི་བུ་གུ་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་མཐུ་སློབ་པར་བཏང་བ་ཡིན་དུས། མཐུ་རྟགས་ཐོན་པ་ཞིག་དགོས་ཀྱི་རེད་ཅེས་ཟེར་བའི་ལོ་རྒྱུས་ཡོད་པ་བཞིན། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ཡོད་པའི་སྐབས་བསླབ་པ་སློབ་གཉེར་བྱེད་མཁན་ཚོ་སྐལ་བ་བཟང་པོ་རེད། འགན་ལ་ཆ་བཞག་ནའང་དུས་ཚོད་དེར་བོད་གངས་ལྗོངས་ཡོངས་ལ་བསྟན་པ་དར་ཞིང་རྒྱས་པའི་སྐབས་ཡིན་དུས་གནས་ཚུལ་ཁ་ཁ་རེད། དེ་རིང་ཁ་སང་སངས་རྒྱས་ཀྱི་བསྟན་པ་ཞེ་དྲག་ཉམས་ཉེས་ཕྱིན་པ་རེད། ཉམས་ཉེས་འགྲོ་སྟངས་དེའང་རང་བཞིན་གྱིས་བདག་པོ་རྒྱག་མཁན་མེད་པ་ལྟ་བུ་མ་ཡིན་པར་འཆར་གཞི་ལྡན་པའི་འོག་ནས་སངས་རྒྱས་ཀྱི་བསྟན་པ་དམིགས་མེད་བཟོ་བར་གོང་རིམ་གྱི་འཆར་གཞི་ལྡན་པའི་ཐོག་ནས་ལག་ལེན་བསྟར་བ་ཞིག་ཡིན་དུས། བསྟན་པར་ཉམས་ཉེས་ཧ་ལས་པ་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་བྱུང་བ་རེད། རྒྱལ་པོ་གླང་དར་མའི་སྐབས་བསྟན་པར་ཉམས་ཉེས་བྱུང་ཡོད་ནའང་བོད་རྒྱ་ཁྱབ་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ལ་འཆར་གཞི་ལྡན་པའི་སྒོ་ནས་བསྟན་པ་རྨང་ནས་མེད་པར་བཟོས་པ་ཞིག་ཕལ་ཆེར་བྱུང་ཡོད་པ་མ་རེད། དེ་སྔ་བོད་ཀྱི་ལོ་རྒྱུས་ནང་མ་བྱུང་བའི་དུས་ཚོད་ཞེ་དྲག་ཁག་པོ་ཞིག་གི་སྒང་ལ་བསྡད་པའི་དུས་ཚོད་འདིར་ཁྱེད་རང་ཚོ་བསྟན་པའི་མེ་རོ་གསོ་བའི་འགན་སྒྲུབ་མཁན་གྱི་དམིགས་སྒོ་ལྟ་བུ་ཞིག་ཆགས་ཡོད་དུས། ཚང་མས་ཕུགས་བསམ་རྒྱ་ཆེན་པོ་དང་ངས་བསྟན་པའི་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་བྱེད་དགོས་བསམ་པའི་ལྷག་བསམ་དང་ངོས་འཛིན་མ་ནོར་བར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཤེས་སོང་ངམ།

རྒྱ་གར་ནང་གི་གདན་ས་ཁག་ལ་ཡོད་པའི་སློབ་ཕྲུག་ཚོར་ངས་འདི་འདྲ་ཞིག་བཤད་ཀྱིན་ཡོད། སློབ་སྦྱོང་བྱེད་མཁན་ཚོས་ཧ་ལམ་དགེ་རྒན་སློབ་སྦྱོང་བྱེད་ཀྱི་ཡོད་པ་ལྟ་བུ་བྱེད་དགོས། མི་རེ་རེས་སློབ་སྦྱོང་བྱས་པ་དེ་དགེ་རྒན་གྱི་སློབ་སྦྱོང་སྤྲད་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ནས་འདི་གའི་སློབ་ཕྲུག་ཚོ་ཕྱིན་ཆད་སོ་སོའི་ལུང་བར་སླེབས་པའི་སྐབས་དགེ་རྒན་བྱེད་ཐུབ་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་ངས་ནམ་རྒྱུན་ནས་འབོད་བསྐུལ་བྱས་ཏེ་བཤད་ཀྱིན་ཡོད། དེ་རིང་ཁྱེད་རང་ཚོར་དེ་ཡང་བསྐྱར་ཞུ་འདོད་བྱུང༌། སློབ་སྦྱོང་བྱེད་མཁན་ཁྱེད་རང་ཚོ་ཕྱིན་ཆད་བོད་ལ་སླེབས་པའི་སྐབས་སོ་སོ་རང་ཉིད་ཀྱིས་ཆོས་ཕྱོགས་ནས་ཡིན་ནའང་རེད། རིག་གནས་ཀྱི་ཐོག་ནས་ཡིན་ནའང་རེད་ཕར་སློབ་སྟོན་བྱེད་མཁན་གྱི་སློབ་དཔོན་བྱེད་ཐུབ་པའི་དམིགས་ཡུལ་གཞག་དགོས་ཀྱི་རེད། ཤེས་སོང་ངམ། དཔེར་ན། འདིར་མི་བརྒྱ་ལྷག་ཙམ་ཡོད་པ་འདི་དག་གིས་ས་ཁུལ་འདྲ་མི་འདྲ་ལ་དགེ་རྒན་གྱི་འགན་ཁྱོག་པར་བྱས་ཏེ་འགྲོ་ཐུབ་པ་ཡིན་ན་མི་སྟོང་ཕྲག་མང་པོ་ལ་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད། སློབ་སྦྱོང་བྱེད་མཁན་ཚོར་མཐུན་རྐྱེན་འཛོམས་པོ་མེད་པར་དཀའ་ངལ་ཡོད་ནའང་ད་ལྟ་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་སྐབས་སུ་ཞབས་འདེགས་བསྒྲུབ་རྒྱུ་སོ་སོའི་ལས་དང་བསོད་ནམས་ཀྱིས་བསྐོས་པ་རེད་བསམས་ཏེ་སྤྲོ་བ་བསྐྱེད་པའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཤེས་སོང་ངམ། བོད་ལ་གནའ་སྔ་མོ་ནས་ཡོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། ནང་དོན་རིག་པ་གཙོ་བོར་གྱུར་པའི་རིག་གནས་ཆེ་ཆུང་ཚང་མར་འདི་གར་དགེ་རྒན་གྱི་མཐུན་རྐྱེན་ཇི་བཞིན་ཆ་ཚང་བ་ཞིག་ཡོད་མེད་གང་ཡིན་ཡང་རུང་གང་ཡོད་པ་དེ་ཚང་མས་ཧུར་ཐུག་འབད་ཐག་བྱེད་དགོས།

དགེ་རྒན་རྣམ་པ་ཚོས་ཐུགས་ཁུར་ཆེན་པོ་སྐྱེད། དགེ་ཕྲུག་ཚོ་ཡིན་ནའང་དུས་ཚོད་འཕྲོ་བརླག་ཏུ་མ་སོང་བ་ཞིག་གི་སློབ་སྦྱོང་ཧུར་ཐག་འབད་ཐག་བྱེད་དགོས། ཤེས་སོང་ངམ། འཕྲལ་སེལ་རྒྱ་གར་རང་དབང་ཅན་གྱི་ལུང་བར་སླེབས་ཐུབ་པ་ཙམ་དང་ལྟོ་ཆས་འགྲིག་ཙམ། མི་ཚེ་སྐྱེལ་སྟངས་འགྲིག་ཙམ་ཞིག་གི་ཐོག་ནས་ཆོག་ཤེས་བསྟེན་ཏེ་ཉི་མ་གང་འགྲོའི་བཟོ་ལྟ་བུ་བྱས་ན་རྩ་བ་ནས་ཡག་པོ་ཡོད་པ་མ་རེད། ཤེས་སོང་ངམ། མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་འདི་འདྲ་ཞིག་གི་འོག་ནས་གོ་སྒྲིག་བྱས་པ་ཡིན་དུས་ཕྱིན་ཆད་དམིགས་ཡུལ་ཆེན་པོ་བསྒྲུབ་ཐུབ་པའི་ལྷག་བསམ་བཅངས་ནས་གཟབ་གཟབ་བྱས་ན་མ་གཏོགས་དངོས་གནས་རང་བསོད་ནམས་ཟད་པའི་ཉེན་ཁ་ཡོད་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཕྱོགས་གཅིག་ནས་ཕྱིན་ཆད་བསྟན་པའི་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་བྱེད་དགོས་བསམ་པའི་ལྷག་བསམ་དེའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་གཅིག་དང༌། གཉིས་ནས་དགེ་འདུན་རབ་ཏུ་བྱུང་བའི་སྡེ་ཞིག་དང༌། ཁྱིམ་པའི་རྟགས་སྤངས། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ལུས་ལ་བཅངས་པའི་རྗེས་འབྲེལ་གྱིས། མི་གཞན་དང་ཐུག་དུས་སྐད་ཆ་ཤོད་སྟངས། རྣམ་འགྱུར་སྟོན་སྟངས། རྒྱུན་ལྡན་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་གི་ཟ་སྟངས། འདུག་སྟངས་སོགས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མིང་དོན་མཚུངས་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། ཤེས་སོང་ངམ། ལུས་ལ་གྲྭ་ཆས་གྱོན་ནས་རྣམ་འགྱུར་དང་སྤྱོད་ལམ་ཁྱིམ་པ་དང་ཐ་མི་དད་པ་ལྟ་བུ་ཞིག་བྱས་པ་ཡིན་ན་དེས་སངས་རྒྱས་ཀྱི་བསྟན་པའི་ཞབས་ཆེན་པོ་འདྲེན་པ་རེད། ཤེས་སོང་ངམ། དེ་ལ་གཟབ་གཟབ་བྱོས། ཁྱེད་རང་ཚོ་བོད་ནས་གསར་དུ་འབྱོར་བ་ཚོའི་གྲས་ཀྱིས་འདི་གའི་གནས་ཚུལ་མ་ཤེས་པའི་ཐོག་ནས་དཀའ་ངལ་ཡོང་སྲིད་ཀྱི་རེད། རྒྱུས་ཏོག་ཙམ་ཡོད་མཁན་ཚོས་ཕན་ཚུན་སློབ་གསོ་དང་ལེགས་ཉེས་གོ་བསྐོན་བྱེད་རྒྱུ་དེ་ཚོའི་གྲས་ལ་དོ་སྣང་བྱེད་དགོས། ཤེས་སོང་ངམ། དུས་རྒྱུན་ནས་གཙང་སྦྲ་དང་འཕྲོད་བསྟེན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལ་གཟབ་གཟབ་བྱོས། ང་ཚོ་རྡ་རམ་ས་ལར་ཡང་ཡང་ཐུག་གི་རེད། ཚང་མས་ཧུར་ཐག་འབད་ཐག་བྱེད་དགོས། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། ཧུར་ཐག་འབད་ཐག་གྱིས་ཨ། ཐུགས་རྗེ་ཆེ། རིན་པོ་ཆེ་ཐུགས་རྗེ་ཆེ།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.