སྔོན་གླེང་།

༄༅།། འཇམ་མགོན་ྋརྒྱལ་བ་གཉིས་པའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དང་མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་རོང་ཆེན་ལྗགས་ནག་པའི་སྤྲུལ་པའི་ཟློས་གར་ཀིརྟི་ཧུ་ཐོག་ཐུའམ། གནམ་བསྐོས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་བདག་ྋགོང་ས་ལྔ་པ་ཆེན་པོའི་བཀས་རོང་པོ་ཆོས་རྗེ་ཞེས་པའི་མཚན་གྱིས་གཟེངས་བསྟོད་ཅིང༌། མན་ཇུ་གོང་མ་ཆེན་པོས་ནུབ་ཕྱོགས་ཞིང་གི་གྲུབ་དབང་རྒྱལ་པོར་བསྔགས་པ། རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་བསྐྱེད་དང་དམ་བཅའ་བཞིན་མདོ་རོང་ཡུལ་གྱི་ནག་ཕྱོགས་མི་མ་ཡིན་མཐུ་བོ་ཆེ་རྣམས་དགེ་བསྙེན་དུ་བཀོད་ནས་གནོད་འཚེའི་བསམ་སྦྱོར་ཞི་བར་མཛད། མཐའ་འཁོབ་སྲིན་པོ་གདོང་དམར་ཅན་དུ་གྲགས་པའི་མདོ་རོང་གི་ཕྱོགས་ཀུན་ཏུ་ཐུགས་རྗེ་ཆེན་པོའི་སྐུ་རེ་གསར་བཞེངས་དང་འབྲེལ་མཎི་འདོན་པའི་སྲོལ་བཏོད་ནས་བློ་ཁ་ཆོས་ཕྱོགས་སུ་བསྒྱུར་ཏེ་དམར་མཆོད་འབུལ་བའི་སྲོལ་རྒྱུན་བཅད། ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གསར་འཛུགས་དར་སྤེལ་མཛད་པས་ མདོ་རོང་གི་ཡུལ་དུ་མཛད་འཕྲིན་གྱི་གཞི་རྒྱ་ཆེ། བཀའ་དྲིན་གྱིས་སྐྱེ་འགྲོ་རྣམས་རིས་མེད་དུ་བསྐྱངས་པས་མཛད་འཕྲིན་གྱི་རྩ་བ་བརྟན་ནའང་བོད་གངས་ཅན་གྱི་ལྗོངས་ཡོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་དུས་འགྱུར་གྱིས་བསྟན་པ་རིན་པོ་ཆེར་ཉམས་ཉེས་ཚབས་ཆེན་བྱུང་བ་ལྟར། མདོ་རོང་གི་ཡུལ་དུའང་བསྟན་པ་རིན་པོ་ཆེར་ཉམས་ཉེས་བྱུང་བས་ྋསྐྱབས་མགོན་ཀིརྟི་གོང་མ་རིམ་བྱོན་གྱི་མཛད་འཕྲིན་ལུ་གུ་བརྒྱུད་དུ་དར་སྤེལ་རྒྱུན་འཛིན་མ་ཐུབ་པའི་སྟོང་ཆ་ཆེན་པོ་བྱུང་བ་དང་ཆབས་ཅིག ྋརྒྱལ་བསྟན་སླར་གསོའི་སྐབས་མི་ཐོག་གསར་རྙིང་གློ་བུར་བརྗེས་བསྒྱུར་སོང་བས་ ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་གོང་མ་རིམ་བྱོན་གྱིས་དཀའ་བ་བརྒྱ་ཕྲག་དུ་མས་ གསར་འཛུགས་དར་སྤེལ་མཛད་པའི་ཆོས་འཆད་ཉན། བསླབ་པ་སློབ་གཉེར། སྒྲིགས་ལམ་ཀུན་སྤྱོད། འདོན་ཕྱག་ལེན་སོགས་རྡོ་ལག་བརྒྱུད་ལྟར་རྒྱུན་འཛིན་མ་ཐུབ་པའི་ཆད་ལྷག་དང་ངན་པ་ལང་ཤོར་གྱི་ནོར་འཁྲུལ་ཡང་མི་དམན་པ་ཞིག་བྱུང་ཡོད། ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་དང་འདྲེས་ནས་ཡོད་པའི་ཀིརྟིའི་བླ་བྲང་ངམ་ཀིརྟིའི་ནང་ཆེན་ཞེས་གྲགས་པ་དེའི་བརྒྱུད་རིམ་ནང་ཆོས་དང་མཐུན་མིན་གྱི་ལུགས་སྲོལ་བཟང་ངན་སྣ་ཚོགས་ཤིག་དར་བ་ལ། དེང་སྐབས་དུས་ཀྱི་འགྱུར་བས་སྤྲད་པའི་གནོན་ཤུགས་ཀྱིས་གང་བྱུང་དུ་འགྱུར་བ་མ་བཏང་ཐབས་མེད་བྱུང་བ་ལྟ་བུ་མིན་པར། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་དེང་དུས་ཀྱི་འགྲོ་བ་མིའི་དགོས་མཁོར་ དཔྱད་ནས་སྙིགས་དོར་བཅུད་ལེན་འཆར་གཞི་ལྡན་པའི་སྒོ་ནས་ལམ་སྲོལ་རྙིང་པར་བསྒྱུར་བཅོས་གནང་ཐུབ་ཚེ་མ་འོངས་པར་ལམ་མ་ནོར་བའི་ཕྱོགས་ལ་སློབ་བརྒྱུད་རྣམས་འཁྲིད་ཐུབ་པའི་དགེ་མཚན་ཡོད། དེས་ན་ཀིརྟི་ཚང་གི་མཛད་འཕྲིན་གྱི་སྒོ་ལྟ་བུ་སྔ་མོ་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་ཡོངས་སུ་གྲགས་པ་དེའི་མཚན། ལས་དོན་གྱི་ངོ་བོ། དབང་ཚད། དཔལ་འབྱོར་ལམ་ལུགས། དབང་འཛིན་པ་སོགས་ཕྱོགས་ཐམས་ཅད་ནས་དེང་དུས་ཀྱི་དམངས་གཙོའི་འགྲོས་དང་མཐུན་པར་བསྒྱུར་ཏེ་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་པ་འདི་བྱུང་ནའང༌། དབང་ཚད་བགོས་འགྲེམས་བྱས་པའི་སྒྲིག་གཞི་དེང་དུས་དང་མཐུན་པ་ཞིག་མེད་ན་མ་འོངས་པའི་བགྲོད་ལམ་ཀྱག་ཀྱོག་དང་ལས་དོན་འཐུས་ཤོར་ཅན་དུ་འགྱུར་སྲིད་པས་ཚོགས་པ་འདིའང་ཡུན་རིང་དུ་གནས་མི་ཐུབ། ཀིརྟི་སྐུ་ཕྲེང་གོང་མ་ན་རིམ་ནས་ཕྱག་བཞེས་སུ་བསྟར་བའི་སྲོལ་རྒྱུན་གྱི་ལེགས་ཆ་རྣམས་གཙོར་བཟུང་ཐོག་དེང་དུས་ཀྱི་ལྟ་བའི་ལམ་སྲོལ་ལེགས་ཤོས་དམངས་གཙོའི་ལུགས་དང་ཕྱོགས་ཀུན་ནས་མཐུན་པའི་སྒྲིག་གཞི་ཞིག་གཞིར་བཟུང་ནས་འཛིན་སྐྱོང་གནང་ ཐུབ་ཚེ། ཀིརྟི་སྐུ་ཕྲེང་གོང་མ་ཚོའི་མཛད་འཕྲིན་གྱི་ནུས་པའང་མ་ཉམས་པར་སྐྱེ་འགྲོའི་ བདེ་སྐྱིད་ཆེད་ཡུན་རིང་དུ་གནས་ཐུབ་ལ། ཀིརྟི་སྐུ་ཕྲེང་རིམ་པར་འབྱོན་རྒྱུ་རྣམས་ཀྱིས་མཚན་དོན་དང་མཚུངས་པའི་མཛད་ འཕྲིན་སྐྱོང་སྟངས་ལེགས་པར་མཁྱེན་པའི་སྒོ་ནས་ྋརྒྱལ་བསྟན་སྤྱི་དང་ལྷག་པར་མདོ་རོང་གི་བསྟན་པར་མཛད་པ་རླབས་ཆེན་ཡུན་རིང་པོའི་བར་གནང་ཐུབ་པའི་ཁོར་ཡུག་གམ་ཆ་རྐྱེན་གྱི་ལམ་སྲོལ་འདི་ལྟ་བུ་ཞིག་སྙིགས་མའི་དུས་དབང་གིས་མ་བསྐྲུན་ཐབས་མེད་དུ་མཐོང་ནས་བྲིས་པའི་ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་ཟིན་བྲིས་འདིར། ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་མང་ཚོགས་ཀྱིས་འདིའི་འབྲུ་དོན་རྟོགས་ཐུབ་ངེས་ཀྱི་བཤད་སྦྱང་ཡང་དག་པའི་སྒོ་ནས་དམངས་གཙོའི་འགྲོ་ལུགས་ལྟར་སྒྲིག་གཞིའི་དོན་ཚན་ཡོངས་རྫོགས་སམ། དོན་ཚན་གང་ཡང་རུང་བར་བསྒྱུར་བཀོད་དང༌། ཐག་གཅོད། དུས་བསྟུན། དོན་སྙིང་ལྡན་པ་ཞིག་མཛད་ཐུབ་པའི་རེ་བ་དང་བཅས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཡང་སྟེང་གཟིམ་ཆུང་ལུགས་ཟུང་གཡས་སུ་འཁྱིལ་བའི་དགའ་ཚལ་ནས། ཀིརྟི་སྤྲུལ་མིང་འཛིན་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོར་འབོད་ པས། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༦ ལ།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.