དགེ་བཤེས་བློ་བཟང་ཡེ་ཤེས།

 

༄༅། །སྒྱུ་མའི་ཆོས་ལ་རྟོག་བཏགས་བློ་ཡིས་ཚུགས་ཐུབ་བདེན་པའི་དཔལ་དུ་ཞེན། །

འདི་སྣང་སྲིད་པའི་མེ་འོབས་ཆེ་ལ་ཕུན་ཚོགས་པདྨོའི་དགའ་ཚལ་མཐོང་། །

དུག་གསུམ་མི་འབྲལ་གྲོགས་ཀྱི་འདུན་མས་རྟག་ཏུ་འགྲོགས་པའི་སྙིགས་དུས་འགྲོར། །

རྟེན་འབྲེལ་གཏམ་གྱིས་ལམ་བཟང་གསལ་མཛད་སྟོན་མཆོག་ཐུབ་པའི་དབང་པོར་འདུད། །

 

ཐུབ་པའི་ཆོས་ཚུལ་གངས་གྱི་རི་བོའ་སྤོར།།

མཁས་མང་གདོང་ལྔ་རལ་པའི་གཙུག་ཏོར་ཡང་།།

དབང་མེད་ས་ཡི་འབབ་སྟེགས་བསྒྱུར་མཛད་པ།།

སྨྲ་བའི་གཙུག་རྒྱན་ཙོང་ཁ་པ་དེ་མཆོད།།

 

ཐབས་མཁས་ཐུགས་རྗེའི་ཉི་ཟླ་ཟུང་འབྲེལ་ལས།།

ལེགས་འོང་བཤད་དང་སྒྲུབ་པའི་འོད་སྟོང་གིས།།

ཐུབ་བསྟན་གསལ་མཛད་དཔལ་ལྡན་བླ་མ་དང་། །

མཚན་ལྡན་སྨྲ་མཁས་བཤེས་རྣམས་རྟག་ཏུ་བཀུར། །

 

འདི་ན་མི་ཤེས་རྨོངས་པའི་སྐྱེས་བུ་བདག །

རྣམ་དག་ལམ་ལ་བག་ཆགས་འཇོག་ཕྱིར་དང་། །

འཇམ་མགོན་བསྟན་དང་རྟག་ཏུ་མི་འབྲལ་སླད། །

ཟབ་དོན་གླེང་བའི་ལས་ལ་དང་བས་འཇུག། །

 

དེ་ཡང་བསིལ་ལྡན་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཡུལ་བྷོ་ཊའི་ལྗོངས་སུ་གསལ་རྫོགས་མཚན་དཔེའི་ལང་ཚོའི་འདབ་སྟོང་མངོན་པར་བཞད་པའི་མཐའ་བྲལ་དབུ་མའི་ཤིང་རྟ་པ་ཆེན་པོ་མཉམ་མེད་ཆོས་ཀྱི་རྒྱལ་བོ་༸རྗེ་ཙོང་ཁ་པ་༸བློ་བཟང་གྲགས་པའི་དཔལ་དེ་ཉིད་ཀྱིས་ཐུན་མོང་མ་ཡིན་པར་བཞེད་པའི་མཐའ་བྲལ་དབུ་མའི་དོན་ལ་རང་བློའ་ནུས་ཚོད་ཙམ་ཞིག་དཔྱད་པའི་ལས་ལ་འཇུག་པར་བྱེད་པ་ལ་གསུམ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དང་། སྟོང་དང་རྟེན་འབྱུང་ཕན་ཚུན་གྲོགས་སུ་སོང་ཚུལ། དེ་ལས་འཕྲོས་ཏེ་སྣང་སྟོང་གིས་མཐའ་གཉིས་སེལ་བའི་ཚུལ་ལོ། །

 

དང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི།

 

 

དེ་ཡང་རྗེའི་ལྷག་མཐོང་ཆེན་མོ་ལས། སེམས་ཅན་གཞན་རྣམས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་ལ། མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པ་འགོག་ཅིང་། རང་བཞིན་གྱིས་མེད་པ་ལ་ངེས་ཤེས་དྲངས་ཏེ་མཐར་འཛིན་གྱི་དྲ་བའི་འཆིང་བ་གཅོད་པས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པར་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ། །ཞེས་ཇི་སྐད་གསུངས་པ་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཏུ་འཛིན་པའི་མ་རིག་པ་དང་དེས་ཀུན་ནས་སློང་བའི་ལས་ཉོན་ས་བོན་དང་བཅས་པའི་དབང་གིས་ཡང་ཡང་འཁོར་བར་འཁྱམས་ཤིང་མཐའ་མེད་པའི་སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོ་ཡོངས་ལ་བླང་དོར་འཇུག་ལྡོག་གི་རྣམ་གཞག་ཤིན་ཏུ་གསལ་བའི་ཟབ་རྒྱས་ཀྱི་ཆོས་ཚུལ་ཇི་སྙེད་ཅིག་བཀའ་སྩལ་བ་ཐམས་ཅད་དང་། རང་སྡེ་གྲུབ་མཐའ་གོང་འོག་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་རྟེན་འབྲེལ་ལམ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ལ་འདི་ཉིད་ལ་གཙོ་བོར་བསྟེན་ནས་གསུངས་པ་འབའ་ཞིག་ཏུ་ངེས་ཏེ། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །ཅེས་གསུངས་པ་ལྟར་རོ། །

 

དེ་ལྟ་བུའི་རྒྱལ་བའི་གསུང་རབ་ཀུན་ཀྱི་གཞུང་ལམ་དུ་གྱུར་པའི་རྟེན་འབྲེལ་གྱི་དོན་འཆད་ཚུལ་ལ་མདོ་དང་བསྟན་བཅོས་ལས་གསུངས་པའི་དོན་དང་། རང་སྡེ་གྲུབ་མཐའ་སྨྲ་བས་རྟེན་འབྲེལ་གྱི་བཞེད་ཚུལ་སྒོས་སུ་འགོད་པའོ། དང་པོ་ནི། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་བྱས་ཏེ། །མཐར་ལྟ་བ་ལ་གནས་པར་མི་བྱེད་དེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཆོས་ནི་རྒྱུ་བཅས་རྐྱེན་བཅས་རབ་ཏུ་ཤེས། །ཞེས་རྒྱུ་རྐྱེན་རྟེན་འབྲེལ་རྟོགས་པ་ལ་བརྟེན་ནས་མཐར་ལྟ་འགོག་དགོས་པར་གསུངས་ཤིང་། ཡང་དེ་ཉིད་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་ཆོས་གང་ཞིག་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་སྐྱེས་པ་གང་ཡིན་པ་དེ་ལ་ངོ་བོ་རང་བཞིན་གྱིས་གྲུབ་པའི་སྐྱེ་བས་སྟོང་པར་གསུངས་པ་དང་། །གླང་པོའ་རྩལ་གྱི་མདོ་ལས་ཀྱང་། ཆོས་རྣམས་བརྟེན་ཏེ་བྱུང་བས་ན། །འདི་ལ་བདག་ནི་ཡོད་མ་ཡིན། །བསྐལ་པ་བྱེ་བ་སྟོང་དག་ཏུ། །སྙོམ་ལས་མེད་པར་སྦྱིན་པར་བྱིན། །ཞེས་གོང་གི་མདོ་དང་མཐུན་པར་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་སྐྱེས་པས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་སྟོང་པར་བསྟན་ཏོ། །ཡང་ས་ལུ་ལྗང་བའི་མདོ་ལས། སྨྲས་པ། ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཞེས་སོགས་དང་།

 

བསྟན་བཅོས་ཀྱི་དབང་དུ་བྱས་ན། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རིན་ཆེན་འཕྲེང་བ་ལས། འདི་ཡོད་པས་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ནི་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་དང་། བཞི་བརྒྱ་པར། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་ཏེ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་ཕྱི་ནང་གི་ཆོས་ཇི་ལྟ་བུ་ཞིག་ཡིན་རུང་བརྟེན་ནས་འབྱུང་བའམ་བརྟེན་ནས་གྲུབ་པ་དེ་ལ་ནི་རང་དབང་མེད་པ་སྟེ་རང་བཞིན་གྱིས་གྲུབ་པ་མེད་པ་དེའི་ཕྱིར། ཡུལ་རང་ངོས་ནས་གྲུབ་པའི་བདག་ནི་གཏན་ཡོད་མ་ཡིན་པར་བརྟེན་ནས་བཏགས་པ་ཙམ་དུ་གསལ་བར་བསྟན་ཏོ། །ཞེས་གྲུབ་མཐའ་འོག་མ་བྱེ་བྲག་ཏུ་སྨྲ་བའི་ས་སྟོན་སྡེ་བ་མ་གཏོགས་པ་དང་མདོ་སྡེ་བ་དང་སེམས་ཙམ་པ་བཅས་ཀྱིས་འདོད་པའི་རྟེན་འབྲེལ་ནི་རྒྱུ་རྐྱེན་རྟེན་འབྲེལ་འབའ་ཞིག་ཏུ་ངོས་འཛིན་མཛད་འདུག་པས་འདུས་བྱས་ཀྱི་ཆོས་མ་ཡིན་པ་ལ་རྟེན་འབྲེལ་གྱི་རྣམ་གཞག་ཁས་མི་ལེན་པ་ཡིན་ཏེ། གོང་དུ་དྲངས་པའི་མདོ་དེ་དག་དང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཀུན་བཏུས་དང་རྟེན་འབྲེལ་མདོ་འགྲེལ་རྣམས་སུ་ཤིན་ཏུ་གསལ་བར་འབྱུང་སྙམ་མོ། །དབུ་མ་ཐལ་རང་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་དོན་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་ལ་དོན་དམ་པར་ནི་འབྱུང་བའམ། འགག་པའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། བདག་པོ་མེད། བྱེད་པ་པོ་མེད་པ། རྒྱུ་དང་རྐྱེན་ལས་འབྱུང་བའོ། །ཞེས་དང་། རྟོག་གེ་འབར་བ་ལས། འདི་ནི་ཁ་བ་ལ་སོགས་པ་གྲང་བ་དག་ལ་ལྟོས་ནས་མེ་ལ་སོགས་པ་ཚ་བ་ཉིད་དུ་འགྲུབ་ལ། མེ་ལ་སོགས་པ་ཚ་བ་ཉིད་ལ་ལྟོས་ནས་ཁ་བ་ལ་སོགས་པ་དག་གྲང་བ་ཉིད་དུ་བཏགས་ཏེ། དེ་ལྟར་རྣམ་པར་དཔྱད་ན་གྲང་བ་དང་ཚ་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་སྔ་མ་ནས་མ་གྲུབ་པའི་ཚེ་ན། ཕྱི་མ་ཡང་མི་འགྲུབ་པའི་ཕྱིར་གང་ལ་ལྟོས་ནས་གཅིག་ཤོས་འགྲུབ་པར་བྱ་བ་གང་ཡིན་མ་གྲུབ་པའི་ཚེ་ན། དེ་ལ་ལྟོས་ནས་འགྲུབ་པར་འགྱུར་བ་གང་ཡིན་པ་ཡང་མི་འགྲུབ་པས། དེ་དག་ནི་ཡིད་ལ་བསམ་པ་ཙམ་དུ་ཟད་པའི་ཕྱིར་ན་གཉིས་ཀའི་བདག་ཉིད་ཅེས་བྱ་བ་དེ་ཡང་ཀུན་རྫོབ་པ་ཡིན་ནོ། ། དེ་དག་ནི་རིང་པོ་དང་ཐུང་ངུར་རྟོག་པ་བཞིན་ཏེ། དཔེར་ན་རིང་པོ་ཡོད་ན་ཐུང་ངུ་ཡོད་པར་འགྱུར་ལ། ཐུང་ངུ་ཡོད་ན་རིང་པོ་ཡོད་པར་འགྱུར་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་མེད་ན་མི་འགྲུབ་པ་བཞིན་ནོ། །ཞེས་ཆོས་ཐམས་ཅད་ཆ་ཤས་དང་གདགས་གཞི་ལ་བརྟེན་ནས་བཏགས་པའམ་མིང་རྐྱང་བཏགས་ཡོད་ཙམ་གྱིས་ཆོས་ཐམས་ཅད་རྟེན་འབྲེལ་གྱི་ཚུལ་ཤིན་ཏུ་གསལ་བར་གསུངས་པ་སོགས་མདོ་དང་བསྟན་བཅོས་ཀྱི་ལུང་ཆེས་མང་པོ་ཞིག་འདུག་མོད་མང་བར་འགྱུར་བས་མ་བྲིས་ལ།

 

མདོར་ན་རང་སྡེ་གྲུབ་མཐའ་གོང་འོག་ཐམས་ཅད་ཀྱིས་ཕྲ་རགས་ཙམ་ལས་སྤྱིར་རྟེན་འབྲེལ་གྱི་རྣམ་གཞག་ཁས་མི་ལེན་པ་མེད་མོད། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ་བཅས་ཀྱིས་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་ཕྲ་བའི་རྟེན་འབྲེལ་གྱི་རྣམ་གཞག་ནི་འཇོག་མི་ནུས་ལ། དབུ་མ་རང་རྒྱུད་པས་ཡན་ལག་དང་ཆ་ཤས་ལ་བརྟེན་ནས་བཏགས་པའི་རྟེན་འབྲེལ་དང་གོང་དུ་དྲངས་པའི་རྟོག་གེ་འབར་བར་གསལ་བ་ལྟར་ཚ་གྲང་དང་རྒྱུ་འབྲས་སོགས་ཐ་སྙད་ཕན་ཚུན་ལྟོས་གྲུབ་ཏུ་འདོད། དེའི་སྟེང་དུ་དཔལ་ལྡན་ཐལ་འགྱུར་པས་ནི་ཤིན་ཏུ་ཕྲ་བ་མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་རྒྱུ་འབྲས་ཀྱི་རྣམ་གཞག་འཐད་ལྡན་དུ་བཞག་ཏུ་རུང་ཞིང་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཕན་ཚུན་ལྟོས་ནས་གྲུབ་པའི་རྟེན་འབྲེལ་གྱི་ཚུལ་བཞེད་པར་མཛད་པ་ཡིན་ནོ། །

 

སྨྲས་པ། རྟོག་བཏགས་སྒྱུ་མའི་རྟེན་འབྲེལ་མ་མཐོང་བར། །

བདེན་འཛིན་བློ་ངན་བུ་མོར་བློ་བཅོལ་བའི། །

གྲོགས་དག་རྟེན་འབྱུང་མཛའ་བོ་འཚོལ་ཅིག་དང་། །

ངེས་དོན་གཏན་བདེའི་རྒྱལ་ཐབས་ཟིན་ངེས་སོ། །

 

གཉིས་པ་སྟོང་དང་རྟེན་འབྱུང་ཕན་ཚུན་གྲོགས་སུ་སོང་ཚུལ་ནི།

 

རྟེན་འབྱུང་སྟོང་པའི་དོན་དང་སྟོང་པ་རྟེན་འབྱུང་གི་དོན་དུ་སོང་བ་འདི་དང་འོག་ནས་འཆད་རྒྱུའི་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་འདི། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་སྤྱི་དང་ལྷག་པར་འཁོར་ལོ་བར་པའི་དགོངས་པ་འགྲེལ་ཚུལ་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་འཕགས་ཡུལ་གྱི་རིགས་པའི་ཤིང་རྟ་པ་དག་གི་ལེགས་བཤད་ལ་བརྟེན་ནས་ཐལ་འགྱུར་པའི་ལུགས་སུ་རྗེ་བདག་ཉིད་ཆེན་པོས་ཐུན་མོང་མ་ཡིན་པར་འགྲེལ་པར་མཛད་ཅིང་། བོད་གངས་ཅན་ལྗོངས་སུ་སྔར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་སུས་ཀྱང་འདི་ལྟ་བུའི་ཞིབ་ཅིང་གསལ་བར་མ་བསྟན་པའི་དབུ་མའི་ལམ་གྱི་བཤད་སྲོལ་ཕས་ཀྱི་རྒོལ་བ་གཞན་གང་གིས་སུན་དབྱུང་བར་མི་ནུས་པ་ཞིགརྗེ་བཙུན་འཇམ་དབྱངས་ཀྱི་མན་ངག་ལ་བརྟེན་ནས་གསར་དུ་སྲོལ་འབྱེད་པར་མཛད་པ་ཡིན་ནོ། །

 

དེ་ཡང་འདིའི་དོན་ཤིན་ཏུ་གསལ་བ་རྩ་ཤེས་ཊཱིཀ་ཆེན་ལས། གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན་དེའི་དོན་གང་ཡིན། ཇི་ལྟར་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུའི་དོན་ཡིན་ན་ནི། འབྲས་བུ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་ངེས་པར་འགྱུར་བའི་མི་རིགས་སོ། །འོན་ཏེ་རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དོན་ཉིད་སྟོང་པའི་དོན་དུ་འདོད་ནའང་གནོད་པ་དེ་ཉིད་ཡོད་དོ། །ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤགས་ཀྱི་དོན་ལ་འདོད་ནའང་སྔར་ལྟར་མི་འཐད་པས་འདིའི་དོན་གང་ཡིན་སྙམ་ན་དེ་ལྟར་ནི་མི་འདོད་དོ། །འོ་ན་ཇི་ལྟར་འཇོག་སྙམ་ན། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ། །དེ་འདྲ་བའི་དབུ་མ་པ་རྣམས་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ། །ཞེས་སྣང་ལ་རང་བཞིན་མེད་པའི་དོན་རྟེན་འབྱུང་གི་དོན་དུ་སོང་བ་དང་བརྟེན་ནས་འབྱུང་བའི་དོན་རང་བཞིན་གྱིས་མ་གྲུབ་པའི་དོན་དུ་ཇི་ལྟར་སོང་བའི་ཚུལ་ཆེས་གསལ་བར་གསུངས་སོ། །

 

དེ་དང་མཐུན་པར་མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་དེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་ཏུ་སོང་བའི་ཚུལ་ལ། འདི་ལྟར་དོགས་ཏེ། ལྟ་བ་ཐོག་མར་འཚོལ་བའི་གང་ཟག་གིས་དང་པོ་རྟེན་འབྲེལ་ལ་བརྟེན་ནས་སྟོང་པ་ཉིད་རྟོགས་ཤིང་། དེའི་འོག་ཏུ་སྟོང་ཉིད་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་འཆར་བ་དེ་ཉིད་ཡིན་ནོ། །ཞེས་ཟེར། དེ་ནི་མི་འཐད་དེ། དེ་ལ་མཐའ་གཉིས་ལས་རྟག་མཐའ་བཀག་ནས་སྟོང་ཕྱོགས་ལ་ངེས་པ་འདྲེན་ཚུལ་ཙམ་ལས་དགག་བྱ་བཀག་ནས་སྣང་ཕྱོགས་ལ་ངེས་པ་འདྲེན་ཚུལ་ལམ་ཆད་མཐའ་སེལ་བའི་གནད་ཚང་བར་མི་འདུག་ལ། འདི་ཙམ་ཞིག་ནི་རང་རྒྱུད་པས་ཀྱང་འདོད་པས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཞེད་པར་མ་ཡང་ངེས་སོ། །

 

ཡང་། རྟེན་འབྱུང་སྟོང་པའི་དོན་དང་སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་བའི་གང་ཟག་ཡིན་ན། སྟོང་ཉིད་རྟོགས་པ་སྔོན་དུ་སོང་བས་ཁྱབ་སྟེ། ཀུན་རྫོབ་ཕྲ་མོ་རྟོགས་པ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་པས་དེ་དང་འདི་གཉིས་གནད་གཅིག་པའི་ཕྱིར་ཟེར་ན། དེ་ནི་མི་འཐད་དེ། སྟོང་པ་རྟེན་འབྱུང་གི་དོན་དུ་མ་རྟོགས་པའི་གང་ཟག་ཡིན་ན། བདེན་གྲུབ་ཀྱི་ལྷག་མ་ཡོད་པ་དང་། རྟེན་འབྲེལ་གྱི་དོན་ལ་ངེས་པ་རྣལ་མ་མ་དྲངས་བར་རྟག་ཆད་ཀྱི་མཐའ་གང་རུང་དུ་ལྟུང་བས་ཁྱབ་པ་རྩ་ཤེས་རྣམ་བཤད་ལས་གསུངས་པས། སྟོང་ཉིད་རྟོགས་ནས་བདེན་འཛིན་གྱི་དམིགས་གཏད་ཀྱི་ལྷག་མ་ཡོད་པ། སྟོང་ཉིད་རྟོགས་ནས་རྟེན་འབྲེལ་མ་རྟོགས་པ་དང་། སྟོང་ཉིད་རྟོགས་ནས་མཐའ་གཉིས་གང་རུང་ལས་མ་འདས་པ་བཅས་ནི་ནམ་ཡང་མི་རུང་བའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེས་ཊཱིཀ་ཆེན་རབ་བྱེད་བརྒྱད་པ་ལས། དེ་ལྟར་རྒྱུ་འབྲས་ཀྱི་ངེས་པ་དྲངས་པ་ཉིད་ལ་བརྟེན་ནས་མཚན་མར་འཛིན་པའི་དམིགས་གཏད་ཐམས་ཅད་འཇིག་པར་བྱེད་པས། ཡང་དག་པའི་ལྟ་བའི་གོལ་ས་རྟག་ཆད་དང་སྒྲོ་སྐུར་གྱི་མཐའ་ཐམས་ཅད་དེ་ནས་ཆོད་པ་ཡིན་ནོ། དེ་ལྟ་བུའི་རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་མ་རྟོགས་བར་དུ་ཡང་ན་བདེན་འཛིན་གྱི་དམིགས་གཏད་ཀྱི་ལྷག་མ་ལུས། ཡང་ན་རྒྱུ་འདི་ལས་འདི་འབྱུང་གི་རྟེན་འབྱུང་རང་ལུགས་ལ་མི་བདེ་བར་རྟེན་འབྲེལ་གྱི་ངེས་པ་རྣལ་མ་དྲང་ས་མེད་པས་རྟག་ཆད་གང་རུང་གཅིག་གི་མཐར་ལྟུང་བ་ལས་མི་འདའ་འོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །

 

ཡང་། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་སོང་ཚུལ་མེད་དེ། རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། དེའི་སྐབས་ཀྱི་ཚིག་གསལ་དུ། གང་ཞིག་དངོས་པོ་གང་གི་བདག་གིི་བའི་དངོས་པོ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །ཞེས་དང་། གང་ཞིག་བཅོས་མ་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་ཆུའི་ཚ་བ་བཞིན་ནོ། །ཞེས་དང་། གང་ཞིག་གཞན་ལ་རག་ལས་པ་གང་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་རེ་ཞིག་པའི་བརྙན་པོ་རང་དབང་མེད་པ་ལྟ་བུའོ། །ཞེས་སོགས་གསུངས་པའི་རང་བཞིན་ནི་ཆོས་ཉིད་ལ་བྱ་དགོས་པས་ཆོས་ཉིད་རྟེན་འབྲེལ་ཡིན་པ་འགལ་བའི་ཕྱིར་རོ། །ཞེས་དོགས། དེ་ནི་མ་ཡིན་ཏེ། རང་བཞིན་བཅོས་མིན་ལྟོས་མིན་དང་། ། ཞེས་དང་། ཚིག་གསལ་ལས། གང་གཞན་ལ་རག་ལས་པ་དེ་ནི་ཞེས་སོགས་ཀྱིས་མ་བཅོས་པ་དང་མ་ལྟོས་པ་དང་གཞན་ལ་རག་མ་ལས་པར་གསུངས་པ་དང་། ཆོས་ཐམས་ཅད་ལྟོས་ནས་གྲུབ་པ་དང་བརྟེན་ནས་བཏགས་པའི་ཚུལ་གཉིས་དོན་གཅིག་ཡིན་ན་དེ་ལྟར་དུ་འགྱུར་བ་བདེན་མོད། དེ་ནི་མིན་ཏེ། མཁས་གྲུབ་ཪིན་པོ་ཆེའི་དབུ་མའི་སྟོང་ཐུན་ལས། མེའི་ཚ་བ་ནི་ཆུའི་ཚ་བ་ལྟོས་ནས་མེའི་རང་བཞིན་དུ་བཞག་ཀྱང་།བདེན་མེད་མེའི་རང་བཞིན་དུ་ཚད་མས་རྙེད་པ་ན་ཚ་བ་མེའི་རང་བཞིན་དུ་འཛིན་པར་འདོར་ལ། ཞེས་གསུངས་པར་ལྟར། ཚ་བ་ལྟ་བུ་ཆུའི་ཚ་བ་ལ་ལྟོས་ནས་མེའི་རང་བཞིན་དང་། དེ་ཉིད་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་གསུངས་པ་ཙམ་ཡིན་པའི་ཕྱིར་རོ། །

 

ཡང་རྗེའི་རྟེན་འབྲེལ་བསྟོད་པར། རང་བཞིན་བཅོས་མིན་ལྟོས་མེད་དང་། །རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཇི་ལྟར་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། །ཞེས་རྒྱུ་རྐྱེན་གཞན་གྱིས་མ་བཅོས་ཤིང་རྒྱུ་རྐྱེན་གཞན་ལ་མ་ལྟོས་པ་དང་རྟེན་འབྲེལ་གཉིས་འགལ་བར་བསྟན་འདུག་པས་ཟབ་མོ་སྟོང་པ་ཉིད་དམ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི་གཞན་གྱིས་མ་བཅོས་ཤིང་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་འཕགས་བོད་ཀྱི་དབུ་མའི་གཞུང་ལུགས་སྤྱི་དང་ལྷག་པར་རྗེ་བདག་ཉིད་ཆེན་པོ་རང་གིས་མཛད་པའི་རྩ་འཇུག་གི་རྣམ་བཤད་སོགས་སུ་ཡང་ཡང་གསུངས་པས་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་ཇི་ལྟར་འཐད་དེ་མི་འཐད་དོ་ཟེར། འདི་ལ་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་རྟེན་འབྲེལ་བསྟོད་འགྲེལ་ལས། སྤྱིར་ཆོས་དེའི་རང་བཞིན་ཡིན་པ་ལ་ཁྱད་ཆོས་གཉིས་སམ་གསུམ་ལྡན་དགོས་པར་གསུངས་པ་བཞིན་རང་བཞིན་གྱིས་གྲུབ་པ་ལ་ཆུའི་ཚ་བ་ལྟར་གསར་དུ་བཅོས་པ་མ་ཡིན་པ་དང། ཇོ་བོའ་བྲན་ལྟར་གཞན་ལ་ལྟོས་པ་མ་ཡིན་པ་ཕྱིན་ཆད་ངོ་བོ་གཞན་དུ་མི་འགྱུར་བ་སྟེ། ཁྱད་ཆོས་གསུམ་ལྡན་པ་དགོས་ལ། དེའི་ཕྱིར་བུམ་བ་ལྟ་བུའི་ཆོས་གཅིག་གི་སྟེང་དུ་གསར་དུ་བཅོས་མ་མིན་པར་གདོད་མ་ནས་དེའི་གཤིས་སུ་གྲུབ་པ་དང་། དེའི་རྒྱུ་རྐྱེན་གཞན་ལ་གཏན་ནས་མ་ལྟོས་པར་གྲུབ་པ་དང་། གསར་དུ་བཅོས་པ་དང་། ལྟོས་ནས་གྲུབ་པའི་རྟེན་འབྲེལ་རྣམས་གཞི་མཐུན་དུ་འདུ་མི་རུང་བའི་དོན་ནོ། །བུམ་པའི་ཆོས་ཉིད་ལྟ་བུ་ནི་ཐ་སྙད་ཙམ་དུ་གོང་གི་ཁྱད་ཆོས་གསུམ་པོ་དེར་ཁས་བླངས་ཀྱང་འགལ་བ་མེད་དོ་ཞེས་བདག་གི་བླ་མ་སྔ་མ་དག་གསུང་ངོ་། །ཞེས་འདིར་བསྟན་པའི་བཅོས་མིན་ལྟོས་མིན་གྱི་དོན་རྩ་ཤེས་ལས་འབྱུང་བ་ལྟར་བཤད་ནས་བུམ་པའི་ཆོས་ཉིད་ཀྱང་བཅོས་མིན་ལྟོས་མིན་དུ་ཁས་ལེན་རུང་བ་ལྟ་བུར་གསུངས་མོད་དེ་ཉིད་རྟེན་འབྲེལ་དུ་ཁས་བླངས་པ་ན་གོང་གི་རྟེན་འབྲེལ་བསྟོད་པའི་ལུང་དང་ཇི་ལྟར་མི་འགལ་བའི་ཚུལ་གསལ་བར་མ་མཛད་དོ། །

 

ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་བསྟོད་འགྲེལ་དུ། བཅོས་མིན་ལྟོས་མིན་གྱི་དོན་ནི། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་དོན་བཤད་པ་ལས་ཤེས་པར་བྱ་སྟེ། དེ་ཡང་འདི་ལྟར། ཚིག་འདི་གཉིས་རང་ལུགས་ཀྱི་རང་སྤྱིའི་མཚན་ཉིད་སྟོན་བྱེད་ཡིན་པས། དོན་དགག་བྱ་བདེན་པ་འགོག་པ་དང་། ཆོས་ཉིད་བདེན་མེད་དེ་ཆོས་རྣམས་ཀྱི་རང་བཞིན་དུ་སྟོན་པར་བྱེད་པ་གཉིས་ཀ་ལ་སྦྱར་དུ་རུང་ཞིང་། མ་བཅོས་པ་ནི། རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་པར་ཆོས་དེ་ལ་དུས་ནམ་ཡང་མི་འཁྲུལ་བའི་རང་བཞིན་དུ་གྲུབ་པའོ། །ལྟོས་པ་མེད་པ་ནི། ཆོས་དེའི་རང་བཞིན་དུ་འཇོག་པ་ཆོས་གཞན་ལ་ལྟོས་ནས་འཇོག་མི་དགོས་པའོ། །ཞེས་སོགས་དང་། ཡང་དེ་ཉིད་ལས། ལྟོས་མིན་གྱི་དོན་དེ་ལྟར་ཡིན་གྱི་གཞན་དུ་ན་རྒྱུ་རྐྱེན་ལ་མ་ལྟོས་པ་ལ་བཤད་ན་བཅོས་མིན་དང་ཟློས་པའི་སྐྱོན་དུ་འགྱུར་ལ། ཆོས་གཞན་ལ་བལྟོས་ནས་བཞག་མི་དགོས་པ་ཙམ་ལ་བྱས་ན། ཆོས་ཉིད་རྟེན་འབྲེལ་མ་ཡིན་པར་འགྱུར་རོ། ། ཞེས་རྩ་ཤེས་ལས་གསུངས་པའི་བཅོས་མིན་ལྟོས་མིན་གཉིས་དང་འདིར་འབྱུང་བའི་བཅོས་མིན་ལྟོས་མིན་དོན་གཅིག་ཏུ་མཛད་ནས་ཆོས་ཉིད་སྐབས་འདིའི་བཅོས་མིན་ཡིན་ཀྱང་ལྟོས་མིན་མ་ཡིན་པར་གསུངས་པ་དང་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལ་བྱས་ན་བཅོས་མིན་དང་ལྟོས་མིན་གཉིས་ཟློས་པའི་སྐྱོན་དུ་འགྱུར་བར་གསུངས།

 

 ཡང་མཁས་པ་འགས། རྩ་ཤེས་དང་ཟླ་བའི་ཚིག་གསལ་སོགས་སུ་འབྱུང་བའི་ཆོས་ཉིད་བཅོས་མིན་ལྟོས་མིན་དུ་གསུངས་པ་དང་། སྐབས་འདིའི་བཅོས་མིན་ལྟོས་མིན་དུ་གསུངས་པ་གཉིས་ཀྱི་དོན་གཏན་མི་འདྲ་བའི་སྒོ་ནས་སྐྱོན་སྤོང་མཛད། ཡང་། འགའ་ཞིག་གིས་སྐབས་འདིའི་དངོས་བསྟན་གྱི་རྟེན་འབྲེལ་ནི་རྒྱུ་རྐྱེན་རྟེན་འབྲེལ་ཁོ་ན་ལ་བྱས་ནས་ཆོས་ཉིད་སྐབས་འདིའི་དངོས་བསྟན་གྱི་རྟེན་འབྲེལ་ཀྱང་མ་ཡིན་པས་འགལ་བའི་གནས་མེད་པར་བཤད་དོ་ཞེས་དོགས་སེལ་གནང་མཁན་ཡང་ཡོད་དོ། །གོང་དུ་ཇི་ལྟར་དྲངས་པ་རྣམས་ནི་མཁས་པའི་ཤེས་རབ་ལས་འཁྲུངས་པའི་གཞུང་དོན་ལ་ལེགས་པར་འཇུག་པའི་ཚུལ་མི་འདྲ་བའི་རྣམ་པར་དཔྱོད་པའི་སྒོ་མཆོག་ཏུ་གྱུར་པ་རེ་ཡིན་ངེས་པས་གང་ཞིག་འཐད་མིན་དང་གཞུང་ལུགས་སྤྱིའི་འགྲོས་དང་མཐུན་པར་ཡང་དག་པའི་དགོངས་པ་འགྲེལ་པའི་ཚུལ་ལ་སོང་ཡོད་མེད་ནི་མཁས་པ་རྣམས་ཀྱིས་དཔྱད་པར་བྱ་བའི་ཡུལ་འབའ་ཞིག་ཏུ་བསམ་མོ། །

 

རང་གི་རྨོངས་བློར་ཤར་བདེ་བའི་དོགས་པ་འདིའི་ལན་ནི་འདི་ལྟར་སེམས་ཏེ། རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཞེས་གསུངས་པས། ཆ་ཤས་དང་ཡན་ལག རྒྱུ་རྐྱེན་དང་གདགས་གཞི་སོགས་གང་ལ་ལྟོས་ནས་ཡོད་པའམ་གྲུབ་པ་མ་ཡིན་པ་སྐབས་འདིའི་ལྟོས་མིན་གྱི་དོན་དང་། ཡུལ་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་གྱིས་རང་བཞིན་མེད་པ་ལ་ཇི་ལྟར་ཡོད་པ་ལྟར་བཅོས་ནས་འཛིན་པ་བཞིན་མེད་པ་དེ་བཅོས་མིན་གྱི་དོན་དུ་མཁས་པས་གསུངས་པ་ལྟར་འདོད་དོ། །རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། །ཞེས་པའི་རང་བཞིན་ནི་དངོས་པོའ་གནས་ལུགས་སམ་ཆོས་ཉིད་ལ་བྱ་ཞིང་། འདིར་རང་བཞིན་བཅོས་མིན་ལྟོས་མེད་དང་། །ཞེས་པའི་རང་བཞིན་ནི་དགག་བྱའི་རང་བཞིན་ལ་བྱེད་པས་མི་འདྲ་ལ་དེ་བཞིན་སྐབས་གཉིས་ཀར་འབྱུང་བའི་བཅོས་མིན་དང་ལྟོས་མིན་གྱི་དོན་ཀྱང་གཏན་མི་མཚུངས་སོ། །

 

གཞན་ཡང་འདིར་གལ་ཆེ་བ་ཞིག་ལ་རྟེན་འབྱུང་སྟོང་པའི་དོན་དུ་སོང་ཚུལ་ལ་དགག་བྱའི་ཕྲ་རགས་ཙམ་ལས་ཐུན་མོང་དུ་བོད་སྔ་ཕྱིའི་མཁས་གྲུབ་དག་གིས་བཞེད་པ་མཚུངས་མོད། སྟོང་པ་རྟེན་འབྱུང་གི་དོན་དུ་སོང་ཚུལ་འདི་ཉིད་རབ་འབྱམས་རྒྱལ་བ་ཀུན་གྱི་དགོངས་པའི་སྙིང་ཁུ་ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱི་གསུང་གི་ཟབ་ཆོས་གཅིག་པུ་དེ་ཡིན་པར་གདོན་མི་ཟ་མོད། རྗེ་འཇམ་མགོན་གཉིས་པའི་ལེགས་བཤད་འབའ་ཞིག་ལས་བྱུང་བ་མ་གཏོགས་བོད་གངས་ཅན་ལྗོངས་ཀྱི་གྲུབ་པའི་སྐྱེས་བུ་གཞན་སུས་ཀྱང་གསལ་བར་མ་མཛད་པར་མ་ཟད་དེ་ལ་ཆོས་བརྒྱུད་གཞན་གྱི་མཁས་པ་མང་པོས་གཟུ་བོའ་ཤེས་རབ་ཀྱིས་དཔྱད་པ་དང། འགའ་ཞིག་འགྲན་སེམས་དང་ཕྲག་དོག་གིས་དབང་དུ་ཤོར་བ་སོགས་ཅི་རིགས་པའི་སྒོ་ནས་དགག་བཞག་མང་དུ་མཛད་པ་ཡང་བྱུང་ངོ་། །

 

དེ་དག་ལ་རྗེ་བདག་ཉིད་ཆེན་པོའ་བརྩེ་བའི་ཞལ་གདམས་ཀྱིས་ཚུལ་དུ་འདི་ལྟར་གསུངས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཟབ་མོ་དབུ་མའི་གཞུང་ལ་སྦྱངས་པའི་གྲོགས། །ཁྱེད་ཀྱི་བློ་ངོར་རང་བཞིན་མེད་པ་ལ། །རྒྱུ་འབྲས་རྟེན་འབྲེལ་འཇོག་པར་དཀའ་མོད་ཀྱང་། །དེ་འདྲ་དབུ་མའི་ལུགས་ནི་ཡིན་ཞེས། །དེ་སྐད་སྨྲ་བའི་ཚུལ་འདི་བརྟེན་ན་མཛེས། །ཞེས་གསུངས་པ་དང། སྲས་མཆོག་དར་མ་རིན་ཆེན་གྱིས་ཀྱང་། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་ལས། སྔར་བཤད་པ་དེ་རྣམས་ཀྱི་དགོངས་པ་ནི། སྟོང་པ་རྟེན་འབྱུང་གི་དོན་དུ་རྟོགས་ནས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་ཤེས་རབ་ཀྱིས་མཚན་འཛིན་དམིགས་གཏད་ཐམས་ཅད་བཤིག་པ་དང་། བྱ་བྱེད་ཐམས་ཅད་དེ་ཁོ་ན་ཉིད་ལ་འཐད་པའི་གཉིས་ཚོགས་ལ་མཁས་པར་བྱའོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་དང་དོན་དམ་དཔྱོད་པའི་སྐབས་ཡིན་མིན་གྱི་ཁྱད་པར་དང་ཐམས་ཅད་གཞན་ངོ་འབའ་ཞིག་ཏུ་བསྐྱལ་བ་ལྟ་བུ་མིན་པར་ཐ་སྙད་དུ་བྱ་བྱེད་དང་རྒྱུ་འབྲས་བླང་དོར་སྐྱེ་འཇུག་སོགས་ཀྱི་རྣམ་གཞག་འཐད་ལྡན་དུ་ཚད་མས་གྲུབ་པར་ཁས་ལེན་ཆོག་པའི་ཐ་སྙད་ཚད་གྲུབ་དེ་ཉིད་འཕགས་པ་ཡབ་སྲས་ཀྱི་བཞེད་དགོངས་འཁྲུལ་མེད་དུ་ཇི་ལྟར་གཏན་ལ་ཕབ་པར་མཛད་པའི་སྐོར་ལ་ཅུང་རེ་གླེང་དགོས་པ་སྐབས་སུ་འབབ་པ་ལྟ་བུར་འདུག་མོད་འོན་ཀྱང་དེ་དག་འདིར་རེ་རེ་བཞིན་འགོད་པར་དགོས་པ་ཆུང་ལ་ཡི་གེ་མང་བས་མ་བྲིས། ཁོ་བོ་ལ་ནི་ཟབ་ཅིང་ཤིན་ཏུ་ཕྲ་བའི་དཀའ་བའི་གནས་འདི་ལྟ་བུར་དོགས་པའི་གནས་གསར་བའི་རིགས་ཞུ་རྒྱུའི་གདེང་སྤོབས་གང་ཡང་མེད་པར་མ་ཟད། སྔ་ཕྱིའི་བོད་ཀྱི་མཁས་གྲུབ་ཆེན་པོ་དག་ལ་འདི་ཡིན་དང་འདི་མིན་གྱི་དགག་བཞག་གི་རིགས་རང་ཉིད་བློ་གྲོས་ཅན་ཡིན་མདོག་གི་ལད་ཟློས་ཀྱི་བྲོ་གར་འཁྲབ་པའི་འདུན་པ་དེ་བས་ཀྱང་མེད་དོ། །

 

འོ་ན་ཁྱོད་ཀྱིས་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་སོང་བའི་ཚུལ་ཇི་ལྟར་གོའམ་ཞེ་ན་ཞུ་བར་བྱ་སྟེ། རྒྱལ་ཚབ་དར་མ་རིན་ཆེན་གྱིས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་ཤེས་རབ་སྐྱེས་པའི་ཚེ་ན། ཆོས་རྣམས་ཡོད་པ་རང་ངོས་ནས་ཅུང་ཟད་ཀྱང་བཞག་ཏུ་མེད་པར་རྟོགས་ཤིང་། གཞན་ལ་ལྟོས་པའི་ཡོད་པ་ཁོ་ནར་མཐོང་བ་ན། ལྟོས་པ་ཞེས་པའི་སྒྲའི་དོན་དངོས་སུ་ངེས་པ་ན་རང་ངོས་ནས་མེད་པའི་སྟོང་པ་ཤགས་ལ་ངེས་ཤིང་། སྟོང་པ་དངོས་སུ་ངེས་པའི་བློ་དེ་མ་ཐག་ཏུ་འདྲེན་པར་བྱེད་པ་ལ། སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆོས་ཅན་མྱུ་གུ་ལྟ་བུ་དགག་བྱ་རང་བཞིན་གྱིས་གྲུབ་པར་བཀག་པ་ན། དེ་ཁེགས་པའི་རིགས་པས་ཆོས་ཅན་མྱུ་གུ་ཡོད་པ་ལ་མི་གནོད་པར་མ་ཟད་རིགས་པ་དེ་ཉིད་ཀྱིས་དགག་གཞི་སྨྱུ་གུ་ཐ་སྙད་དུ་ཇི་ལྟར་འཇོག་པའི་ཚུལ་ལ་རྟོགས་པ་ཆེས་ཆེར་དྲངས་ཤིང་ཆོས་ཅན་མྱུ་གུ་འཇོག་ལུགས་ལ་ཕན་ཐོགས་པ་ཞིག་བྱུང་ན་སྟོང་པ་རྟེན་འབྱུང་གི་དོན་དུ་སོང་བ་དང་། དེ་བཞིན་དུ་ཡུལ་མྱུ་གུ་ལྟ་བུ་དེ་ཉིད་ཐ་སྙད་དུ་བཞག་པ་ན། དེ་འཇོག་ནུས་པའི་རིགས་པ་དེ་ཉིད་ཀྱིས་ཆོས་ཅན་མྱུ་གུ་དེ་ཉིད་རྟོག་པས་ཕར་བཏགས་ཙམ་མ་ཡིན་པར་ཡུལ་གཞན་ལ་ལྟོས་མེད་རང་ངོས་ནས་གྲུབ་པས་སྟོང་པའི་ཚུལ་ལ་ངེས་པ་ཆེས་ཆེར་འདྲེན་ཐུབ་པ་ཞིག་ནམ་བྱུང་བ་ན་རྟེན་འབྱུང་སྟོང་པའི་དོན་དུ་སོང་བ་ཡིན་པར་མཁས་པས་བཞེད་པ་ལྟར་ཡིན་ནོ། །

 

འདི་ནི་རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བར། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་དང་། བུངྷ་པཱ་ལི་ཏ་ལས། འདི་ལྟར་གང་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འཐད་དེ། རང་བཞིན་ནི་མི་འགྱུར་བས་དེའི་ཕྱིར་ཡོད་པ་ཉིད་དུ་ལྟ་བ་ལས་རྟག་པར་ལྟ་བར་འགྱུར་རོ། །དངོས་པོ་སྔོན་བྱུང་བ་ལ་ད་ལྟ་མེད་དོ་ཞེས་དངོས་པོ་ཡོད་པ་ལ་འཇིག་པར་ལྟ་བ་དེས་ནི་ཆད་པར་ལྟ་བར་འགྱུར་རོ། །ཞེས་སོགས་ཀྱི་དགོངས་པ་ཇི་བཞིན་བླངས་པ་སྟེ། རྗེ་ཉིད་ཀྱིས། ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །རྟེན་འབྱུང་དོན་དུ་མཐོང་བ་ན། །རང་བཞིན་གྱིས་ནི་སྟོང་པ་དང་། །བྱ་བྱེད་འཐད་པའང་མི་འགལ་ཞིང་། །དེ་ལས་ལྡོག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང་། །བྱ་དང་བཅས་ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྷུང་བར་བཞེད། །ཅེས་སྟོང་དང་རྟེན་འབྱུང་གཉིས་དོན་གཅིག་པ་ཙམ་དུ་མ་ཟད་ཕན་ཚུན་གྲོགས་སུ་འབྱུང་བའི་ཚུལ་ཤེས་པ་ཤིན་ཏུ་གལ་ཆེ་བར་གསུངས་སོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། །ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡི། །ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །

 

འདིར་སྨྲས་པ། སྣང་སྟོང་མི་འགལ་ཕན་ཚུན་ལྟོས་གྲུབ་ཀྱིས་གནས་ལུགས། །

འཕགས་པ་ཡབ་སྲས་ཀུན་གྱི་བཞེད་དགོངས་དུ་བཀྲལ་ནས། །

སྔོན་མེད་མཐའ་བྲལ་དབུ་མའི་ལམ་བཟང་གི་ལྟ་བ། །

སྲོལ་འབྱེད་བློ་བཟང་གྲགས་པས་ཚེ་རབས་ཀུན་སྲུངས་ཤིག།།

 

གསུམ་པ་དེ་ལས་འཕྲོས་པའི་སྣང་སྟོང་གིས་མཐའ་གཉིས་སེལ་ཚུལ་ནི།

 

སྤྱིར་རྒྱང་ཕན་པ་ནས་དབུ་མ་པ་ལ་ཐུག་གི་བར་གྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་གྱིས་རང་རང་གིས་འདོད་པའི་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་དང་དེ་ལ་བརྟེན་ནས་མཐའ་གཉིས་དང་བྲལ་བའི་ཚུལ་རེ་རེ་བཞེད་དེ། དཔེར་ན། རྒྱང་ཕན་གྱིས་མངོན་སུམ་ཚད་མ་སྣང་བའི་ཡུལ་ལ་མེད་དོ་ཞེས་སྐུར་བ་མི་འདེབས་པས་སྣང་བས་མེད་མཐའ་སེལ་བ་དང་། སྤྱི་དང་འཇིག་རྟེན་ཕ་རོལ་སོགས་མངོན་སུམ་ཚད་མ་ལ་མི་སྣང་བའི་དངོས་པོ་དག་རྒྱུ་མཚན་དེ་ཉིད་ལ་བརྟེན་ནས་འགོག་པ་སྟོང་པས་ཡོད་མཐའ་སེལ་ཚུལ་དུ་འདོད་ལ། དེ་བཞིན་དུ་ཕྱི་རོལ་པའི་སྡེ་བ་གཞན་དག་གི་ལུགས་ལ་ཡང་མཐའ་གཉིས་སེལ་ཚུལ་རེ་རེ་ཡོད། རང་སྡེ་བྱེ་བྲག་ཏུ་སྨྲ་བས་ནི་དུས་གསུམ་རྫས་གྲུབ་ཏུ་འདོད་པས་ཆད་འཐའ་སེལ་ཞིང་། དངོས་པོ་རྣམས་རྒྱུན་གྱི་མཐཪ་འཇུག་ཅིང་གསུམ་ལྡན་གྱི་བདག་མེད་པས་རྟག་མཐའ་སེལ་བར་འདོད། མདོ་སྡེ་པས་དངོས་པོ་སྐད་ཅིག་གིས་འཇིག་པ་དང་རང་རྐྱ་བའི་བདག་མེད་པས་རྟག་མཐའ་སེལ་ལ། ཕྱི་དོན་དང་རང་རིག་སོགས་ཡོད་པས་ཆད་མཐའ་སེལ་བར་འདོད། སེམས་ཙམ་པས་ཕྱི་དོན་བཀག་པས་རྟག་མཐའ་སེལ་བ་དང་། ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པས་ཆད་མཐའ་སེལ་བར་འདོད། རང་རྒྱུད་པས་ནི་ཆོས་རྣམས་བདེན་པར་མེད་པས་རྟག་མཐའ་དང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་ཡོད་པས་ཆད་མཐའ་སེལ་བར་འདོད་པ་བཅས་རྗེ་གུང་ཐང་བའི་བསྟོད་པ་དོན་ལྡན་མའི་རང་འགྲེལ་ལས་འབྱུང་བ་བཞིན་ནོ། །

 

ཐལ་འགྱུར་བའི་ལུགས་ལ་ནི་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་ལ། ཆོས་ཐམས་ཅད་བློའ་སྣང་ཆ་ཙམ་ཞེས་པའི་ཙམ་སྒྲས་རང་བཞིན་གྱིས་ཡོད་པར་གཅོད་པ་དེ་སྣང་བས་ཡོད་མཐའ་སེལ་ཚུལ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞེས་རང་བཞིན་གྱིས་ཁྱད་པར་དུ་བྱས་ནས་སྟོང་ཞེས་པའི་རང་བཞིན་གྱིས་སྟོང་ཡང་ཡོད་པས་མི་སྟོང་པ་ཤགས་ཀྱིས་རྟོགས་པ་དེ་སྟོང་པས་མེད་མཐའ་སེལ་ཚུལ་དུ་གསུངས། འོ་ན་སྣང་བས་ཡོད་མཐའ་སེལ་བའི་བློ་དང་སྟོང་པས་མེད་མཐའ་སེལ་བའི་བློ་གཉིས་ཀྱི་སྔ་མས་སྣང་བ་དངོས་སུ་རྟོགས་ནས་སྟོང་པ་ཤགས་ལ་རྟོགས་པ་དང་། ཕྱི་མས་སྟོང་པ་དངོས་སུ་རྟོགས་ནས་སྣང་བ་ཤགས་ལ་རྟོགས་པ་ཡིན་པར་འགྱུར་ལ་དེ་ནི་མི་རུང་སྟེ། འཇུག་པའི་རྣམ་བཤད་ལས། མཁས་པ་དག་ནི་མ་རིག་པས་རྐྱེན་གྱིས་འདུ་བྱེད་དོ་གསུངས་པ་མཐོང་བ་ན། འདུ་བྱེད་རྣམས་རང་བཞིན་མེད་པའི་སྟོང་ཉིད་ཁོང་དུ་ཆུད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟེན་འབྱུང་གི་དེ་ཉིད་རྟོགས་པའི་བློ་བཟང་པོའ་ཉི་མས་མུན་པ་སྟུག་པོ་དང་འདྲ་བས་མ་རིག་པ་རྣམས་བསལ་བ་སྟེ་སྤོང་ཞིང་། ལས་འདུ་བྱེད་དག་ཉེ་བར་མི་ལེན་ཏེ། ལས་དེ་ཉེ་བར་ལེན་པའི་རྒྱུ་མ་རིག་པ་བསལ་བ་དེ་སྤོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་རྩ་ཤེས་ཊཱིཀ་ཆེན་ལས་ཀྱང་། དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ། །ཞེས་འབྱུང་བ་དང་འགལ་བར་འགྱུར་བའི་ཕྱིར་རོ་སྙམ་མོ། །

 

དེས་ན་རྗེའི་ལམ་གཙོ་ལས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མཐའ་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་སྣང་བས་ཡོད་མཐའ་འམ་རྟག་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་འམ་ཆད་མཐའ་སེལ་ཚུལ་འདི་ནི་ཐལ་འགྱུར་བའི་ལུགས་ཀྱི་མཐའ་གཉིས་སེལ་ཚུལ་ཐུན་མོང་མ་ཡིན་པ་ཡིན་ལ། དེ་ནི་གོང་དུ་བཤད་པའི་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་སོང་བའམ་སྣང་སྟོང་འགལ་མེད་གྲོགས་སུ་འཆར་ཚུལ་འདི་ཉིད་ཡིན་ཏེ། རིམ་པ་བཞིན་སྣང་བས་ཡོད་མཐའ་སེལ་བའི་བློ་ནི་རྟེན་འབྱུང་སྟོང་པའི་དོན་དུ་རྟོགས་པའི་བློ་དང་། སྟོང་པས་མེད་མཐའ་སེལ་བའི་བློ་ནི་སྟོང་པ་རྟེན་འབྱུང་དུ་རྟོགས་པའི་བློ་ལ་བྱ་དགོས་པར་འདྲའོ། །དེ་ལྟ་བུའི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་བཟང་ནམ་རང་རྒྱུད་ལ་འཁྲུངས་པ་ན་སྣང་ཞིང་སྲིད་པའི་ཕྱི་ནང་གི་ཆོས་ཐམས་ཅད་དེ། གཟུགས་ནས་རྣམ་མཁྱེན་བར་གྱི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཡོད་དོ་ཅོག་ལ་རང་ངོས་ནས་གྲུབ་པའི་ཆ་རྡུལ་ཙམ་ཡང་མ་མཆིས་ཀྱང་བརྟེན་ནས་བཏགས་པའི་རྟེན་འབྲེལ་ཙམ་ལ་ཐ་སྙད་དུ་ཡོད་པར་འཇོག་རུང་བས་སླུ་བ་མེད་པ་དང་། གདགས་གཞིའི་ཚོགས་པ་ལ་ལྟོས་ནས་རྟོག་པས་ཕར་བཏགས་ཙམ་མ་ཡིན་པར་ཡུལ་གྱི་ངོས་ནས་བདེན་གྲུབ་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་ཡུལ་ཅན་བདེན་འཛིན་གྱི་དམིགས་གཏད་ཐམས་ཅད་གཞོམ་ཞིག་ཏུ་སོང་ནས་རྒྱལ་བ་ཀུན་གྱིས་མགྲིན་གཅིག་ཏུ་དགྱེས་བཞིན་ཡང་ཡང་བསྔགས་པའི་ཡུལ་དམ་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་མཐའ་ཐམས་ཅད་དང་ཡོངས་སུ་བྲལ་བའི་དབུ་མའི་ལམ་དེ་ཉིད་ལ་བདེ་བླག་ཏུ་ཞུགས་པ་ཡིན་ནོ། །

 

བགྲང་བྱ་དྲུག་བརྒྱའི་ཁུག་པ་རེ་རེ་ན། ། ཟུང་འབྲེལ་རྒྱལ་བའི་ཐུབ་བསྟན་འོད་པོ་ཆེ། །

ཐོས་བསམ་བསྒོམ་པས་འགྲོ་ལ་བདུད་རྩིའི་དཔལ། །སྦྱིན་མཁས་དམ་པའི་མགོན་གྱི་བཀའ་དྲིན་དྲན།།

འདིར་འབད་རྣམ་དཀར་དགེ་བའི་འོ་མའི་རྒྱུན། །ཅི་མཆིས་ཐུབ་བསྟན་ལྗོན་པ་རབ་རྒྱས་ནས། །

འགྲོ་རྣམས་གཏན་བདེའི་གྲིབ་བསིལ་སྣུམ་པོ་རུ། །ལོངས་སུ་སྤྱོད་པའི་དགའ་སྟོན་འབར་གྱུར་ཅིག །

 

ཅེས་ཟབ་མོ་ལྟ་བའི་གནས་ལ་ཅུང་ཙམ་དཔྱད་པ་འཇམ་མགོན་བླ་མ་མཆོད་པའི་མེ་ཏོག་ཅེས་བྱ་བ་འདི་ནི་ལོ་འདིར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་ཆུ་འགོ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ༑ ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེས་འཁོར་བསྒྱུར། སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས་མཉམ་མེད་ཙོང་ཁ་པ་༸ཡབ་རྗེ་བློ་བཟང་གྲགས་པའི་དཔལ་དེ་ཉིད་ཀྱིས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་ནས་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་རྗེས་དྲན་དུ། རྗེ་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་པར་ཐར་བ་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཞིག་འཚོག་འཆར་གྱི་གཏམ་བཤད་པའི་ཁོངས་སུ་ཁོ་བོར་མཉམ་ཞུགས་ཀྱིས་ <<སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་དང་སྟོང་པ་རྟེན་འབྱུང་དུ་འགྲེལ་ཚུལ་གྱི་སྐོར།>> ཞེས་པའི་བརྗོད་གཞིའི་སྟེང་རྩོམ་ཡིག་ཅིག་ཀྱང་དགོས་པའི་བཀའ་གནང་དོན་བཞིན་བྲིས་པ་ལགས་ཤིང་མ་ཤེས་ལོག་པར་བཤད་པའི་ཉེས་ཚོགས་དཔྱོད་ལྡན་མཁས་པའི་སྤྱན་སྔར་སྙིང་ནས་མཐོལ་བཤགས་དང་། ལྷག་བསམ་དག་པས་འབད་པའི་དགེ་ཚོགས་ཅི་མཆིས་ཐུབ་བསྟན་དར་ཞིང་འགྲོ་ཀུན་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་། བདག་ཀྱང་སྐྱེ་བའི་འཕྲེང་བ་ཀུན་ཏུ་ཚང་ལ་མ་ནོར་བའི་མདོ་སྔགས་ཟུང་དུ་འབྲེལ་བའི་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་དང་དུས་ནམ་ཡང་མི་འབྲལ་བའི་རྒྱུ་རུ་འགྱུར་བར་ཤོག་ཅིག །ཅེས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་བློ་བཟང་ཡེ་ཤེས་ཀྱིས། ཕྱི་ལོ་ ༢༠༡༩ ལོའ་ ༡༡ ཚེས་ ༢༧ ཉིན་མཇུག་གྲུབ་པར་བྱས་པའོ། །

 

གསལ་བཤད།

རྩོམ་ཡིག་འདི་ནི་མཉམ་མེད་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་ ༦༠༠ ལོན་པའི་རྗེས་དྲན་དུ་དགའ་ལྡན་རྒྱལ་བའི་གླིང་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་སྐབས་ཀྱི་རྩོམ་ཡིག་ཡིན་པ་དགོངས་འཇགས་འཚལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.