དཔེ་མཛོད་ངོ་སྤྲོད།

༄༅།། འདི་གའི་དཔེ་མཛོད་ཁང་འདི་ཕྱི་ལོ་༡༩༩༣ ལོར་འདི་གར་གྲྭ་ཚང་དུ་བོད་ནས་གྲྭ་གཞོན་མང་དུ་འབྱོར་བས་དེ་དག་གི་སློབ་གཉེར་ཆེད། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་བཀའ་སློབ་ལམ་སྟོན་འོག་འདི་གའི་གྲྭ་ལྷུན་འགྲུབ་ཀྱིས་འབད་བརྩོན་དུ་མས་བོད་ནས་དཔེ་ཆ་མང་པོ་བསྡུ་ལེན་གནང་སྟེ་ཐོག་མར་བཙུགས། དེ་རྗེས་གྲྭ་དཀོན་མཆོག་སྨོན་ལམ་དཔེ་མཛོད་འགན་འཛིན་དུ་བསྐོས་ནས་ད་བར་འགན་འཛིན་རིམ་པ་དཀོན་མཆོག་འཇིགས་མེད། དཀོན་མཆོག་ཉི་མ། བློ་བཟང་བློ་གསལ། ཁ་ཤུལ་བརྩོན་འགྲུས། རྭ་ཆུང་ཐོགས་མེད། དཀོན་མཆོག་རྒྱ་མཚོ། མ་སངས་བརྩོན་འགྲུས། སླར་ཡང་དཀོན་མཆོག་རྒྱ་མཚོ་དང་ལས་བྱེད་རིམ་པས་དོ་དམ་འཛིན་སྐྱོང་བྱས་ནས་གནས་པ་ཞིག་ཡིན།

༡༽ དཔེ་མཛོད་དོ་དམ་བྱེད་སྟངས།

                འདི་གའི་དཔེ་མཛོད་དོ་དམ་བྱེད་སྟངས་ལ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་ལམ་སྟོན་བཀའ་སློབ་གནང་དོན། 

དང་པོ། དཔེ་མཛོད་དོ་དམ་པས་དཔེ་དེབ་འབྱོར་རིམ་བཞིན་ཆད་ལུས་མེད་པར་ཐོ་འགོད་ཀྱིས་མ་དེབ་གསལ་བོ་ཁམས་དྭངས་བཟོ་དགོས། མ་དེབ་ཀྱི་ཨང་གྲངས་དང་དཔེ་ཐེལ་བཅས་ཆད་ལུས་མེད་པར་དཔེ་དེབ་སོ་སོར་རྒྱག་དགོས།

                གཉིས་པ། དཔེ་དེབ་ཡོངས་རྫོགས་སྡེ་ཚན་དུ་ཕྱེས་ནས་དཀར་ཆག་བཟོ་བ་དང་སྒྲིག་གཤོམ་བྱེད་ཚུལ་ནི། དཔེར་ན། རྒྱལ་རབས། ཆོས་འབྱུང། སུམ་རྟགས། སྙན་ངག མངོན་བརྗོད། ཚིག་མཛོད། རྩིས། སྨན། སྒྲ། མཛོད། འདུལ་བ། དབུ་མ། ཕར་ཕྱིན། ཚད་མ། སྔགས་ཕྱོགས། རྩོམ་བྲིས། དུས་དེབ་སོགས་སྡེ་ཚན་སྡེ་ཚན་དུ་དབྱེ་ནས་དཀར་ཆག་མ་དེབ་གཞན་ཞིག་བཟོ་བ་དང་སྒྲིག་གཤོམ་བྱེད་དགོས།

                གསུམ་པ། སློབ་གཉེར་པའི་དགོས་མཁོ་དང་བསྟུན་པའི་དཔེ་དེབ་གཡར་སྤྲོད་བྱེད་སྟངས་སྐོར་གྱི་སྒྲིག་གཞི་གསར་བཟོ། ལོ་གཅིག་གི་ནང་དཔེ་དེབ་ཚུར་བསྡུ་བ་དང་ཕར་གཡར་པ་སོགས་ཐེངས་འགའ་ཤས་སྒྲིག་གཞི་བཞིན་བྱེད་དགོས། བདུན་རེའི་ནང་དཔེ་དེབ་ཀློག་པ་དང་གཡར་པོ་བྱེད་པའི་དུས་ཚོད་གཏན་འབེབས་ཀྱིས་དུས་ཚོད་དེའི་ཐོག་དཔེ་མཛོད་འགན་འཛིན་པས་འགན་ཆ་ཚང་འཁྱེར་ནས་དུས་ཚོད་དེར་ངེས་པར་འདུག་དགོས།

                བཞི་པ། དེང་དུས་ཀྱི་ལུགས་ལྟར་དཔེ་དེབ་རེ་རེ་བཞིན་ནང་དོན་དང་རྩོམ་པ་པོ་བཅས་གསལ་པོར་ཕྱེས་ནས་གཟིགས་བདེའི་དཀར་ཆག་བཟོ་དགོས།

                ལྔ་པ། དཔེ་དེབ་རྣམས་འབུ་དང་ཆུ། ཙི་ཙི་སོགས་ཀྱིས་གནོད་པ་མི་འབྱུང་བའི་བདག་གཅེས་བྱེད་དགོས་པ་དང་དེབ་འཐུག་པོ་ཚོར་རྒྱབ་ཤ་རྒྱག་དགོས་པ། དེབ་བརླག་གཏོར་དུ་མི་འགྲོ་བའི་ཐབས་ལམ་བསྟེན་པ། དཔེ་དེབ་བརླག་གཏོར་དང་ཆུད་ཟོས་སོང་རིགས་ལ་ཉེས་ཆད་སྒྲུབ་སྟངས་བཅས་གཏན་འབེབས་བྱེད་དགོས་པ་སོགས་འཆར་གཞི་གསར་པོ་ཞིག་བཟོས་ནས་འབུལ་དགོས་ཞེས་ལམ་སྟོན་སྤྱི་ཕེབས་ལྟར་བྱེད་མུས་ཡིན།

 ༢༽ དཔེ་དེབ་གཡར་སྤྲོད་བྱེད་སྟངས།

                དང་པོ། འདི་གར་དཔེ་དེབ་སྣ་གཅིག་རེ་དེབ་གྲངས་ཧ་ཅང་མང་པོ་མེད་སྟབས་གྲྭ་ཚང་འདིའི་ཁོངས་མ་ཡིན་པའི་ཕྱི་མི་སུ་ལའང་དངོས་ཤུགས་བརྒྱུད་གསུམ་ནས་དཔེ་དེབ་གཡར་སྤྲོད་མི་ཆོག

                གཉིས་པ། གྲྭ་ཚང་རང་ཁོངས་ལ་སྐབས་བབས་ཀྱི་སློབ་ཚན་ཁོ་ན་ལས་གཞན་གཡར་སྤྲོད་མི་ཆོག འོན་ཀྱང་དགེ་རྒན་ཚོར་སློབ་ཚན་མ་ཡིན་པའི་རིགས་དགོས་ཚེ་ཐེངས་རེེར་དེབ་མང་ཉུང་ལ་གཞིགས་ནས་དུས་བཀག་ལྟར་གཡར་ཆོག་རྒྱུ།

                གསུམ་པ། དཔེ་དེབ་གཡར་སྤྲོད་སྐབས་དཔེ་མཛོད་ལས་བྱེད་པའི་སར་དོ་བདག་གི་མིང་དང་མཚན་རྟགས། འཛིན་གྲྭ། དཔེ་དེབ་ཀྱི་མཚན་བྱང་དང་ཨང་གྲངས། སྤུས་ཚད་བཟང་ཞན། ཟླ་ཚེས་བཅས་ཁ་གསལ་འགོད་དགོས།

                བཞི་པ། དཔེ་དེབ་གང་གཡར་བ་རྣམས་ཟླ་གསུམ་རེའི་མཚམས་སམ་ལོ་འཁོར་རྒྱུགས་སྤྲོད་ཟིན་པ་དང་དཔེ་མཛོད་ལས་བྱེད་པས་ཕྱིར་བསྡུ་རྩིས་ལེན་རེ་ངེས་པར་བྱེད་དགོས་པ་དང་ཡང་བསྐྱར་དགོས་རིགས་ལ་གཡར་ཐོ་གསར་བ་འགོད་དགོས།

                ལྔ་པ། དོ་བདག་སོ་སོས་དཔེ་དེབ་ནང་ཤོག་གུ་ལྟེབ་རྩེག་རྒྱག་པའམ་བཀོག་གཤག་བྱེད་པ། མཆན་འབྲི་བ། རྟགས་འདེབས་པ་སོགས་དཔེ་དེབ་ལ་གནོན་སྐྱོན་འགྲོ་གཞིའི་རིགས་གཏན་འགོག་གིས་བདག་གཅེས་ཀྱི་འགན་ཆ་ཚང་འཁུར་དགོས། གལ་སྲིད་དེ་ལྟའི་སྐྱོན་བྱུང་ཚེ་ཉེས་འཇལ་གང་འོས་སྤྲོད་ལེན་དགོས་རྒྱུ།

                དྲུག་པ། དཔེ་དེབ་བོར་བརླག་སོང་ཚེ་དོ་བདག་སོ་སོས་དེབ་རེར་མ་གནས་བཅུ་འགྱུར་གྱིས་འཇལ་དགོས་པ་བཅས་ཡིན།

༣༽ དཔེ་མཛོད་ནང་དུ་དཔེ་དེབ་འདྲ་མིན་ཇི་འདྲ་ཡོད་མེད་སྐོར།

                འདི་གའི་དཔེ་མཛོད་ནང་དུ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་དང། བོད་ཀྱི་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཁག དབུ་ཕར་མཛོད་འདུལ་དང།  བྱང་ཆུབ་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་སོགས་ནང་ཆོས་སྐོར།  གཞན་ཡང་ཆོས་འབྱུང་དང་གདན་རབས། རྒྱལ་རབས་དང་ལོ་རྒྱུས། སྨན་དང་རྩིས། རྩོམ་རིག། བརྡ་དག དཔྱད་རྩོམ། སྙན་གཞུང་དང་སྙན་ངག དུས་དེབ་དང་འཛིན་དེབ། བོད་ཀྱི་ལྷ་མོའི་འཁྲབ་གཞུང་དང་། འཇིགས་མེད་གླིང་པའི་གཏམ་ཚོགས་སོགས་དཔེ་དེབ་འདྲ་མིན་སྣ་ཚོགས་ཀྱི་སྐོར་དང། དེ་མིན་ཤེས་བྱ་དང་། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་། ནོར་སྡེ། ཚན་རིག ཕ་ཡུལ་སོགས་བཙན་བྱོལ་ནང་གི་ཚགས་པར་གང་མང་ཕྱོགས་བསྒྲིགས་བྱ་མུས་བཞིན། ཁྱོན་བསྡོམས་དཔེ་དེབ་མི་འདྲ་བ་ ༦༧༠༠  ལྷག་ཡོད།

སྒྲ་ཐག་དང་འོད་སྡེར་སོགས།

                འདི་གའི་གྲྭ་ཚང་གི་དཔེ་མཛོད་ནང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཡིད་བཞིན་ནོར་བུས་ནང་ཆོས་ངོ་སྤྲོད་ལ་སོགས་པའི་བཀའ་སློབ་ཁག་ཅིག་དང། མཁས་དབང་ཟམ་གདོང་རིན་པོ་ཆེའི་ཆབ་དཔལ་རིག་གསུམ་ཐོག་གནང་བའི་བཀའ་སློབ་། གཞན་མཁས་དབང་དམུ་དགེ་བསམ་གཏན་ཚང་གིིས་བཀའ་ཁྲིད་གནང་བའི་བློ་གསལ་འཇུག་ངོགས། རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ལྟག་ཆོས་ཚང་གིས་བཀའ་ཁྲིད་གནང་བ། དྲང་ངེས་ལེགས་བཤད་སྙིང་པོ་དང། དབུ་མ། ཚད་མ་རྣམ་འགྲེལ། འབྲས་བློ་གླིང་གི་དགེ་དཔལ་ལྡན་གྲགས་པའི་དཀའ་ཁྲིད་གནང་བ་ཕར་ཕྱིན་སྤྱི་དོན་དང་ཚད་མ་རྣམ་འགྲེལ། འདི་གར་གྲྭ་ཚང་རང་གི་སློབ་དཔོན་ཆེན་མོ་དགེ་བློ་བཟང་རྒྱ་མཚོ་དང་དགེ་འཇིགས་མེད་རྣམ་གཉིས་ཀྱིས་བཀའ་ཁྲིད་གནང་བ་སྙན་ངག་དབྱངས་ཅན་དགྱེས་གླུ་དང་སི་ཏུའི་སུམ་འགྲེལ་དང་། རྟགས་འཇུག་དཀའ་གནད་གསལ་མེ། ལེགས་བཤད་ལྗོན་དབང་སོགས་ཀྱི་སྒྲ་ཐག་དང་འོད་སྡེར་ཡང་གང་མང་ཡོད།

༥༽ བོད་གཞིས་བྱེས་གཉིས་ནས་དཔེ་དེབ་བསྡུ་ལེན་བྱེད་སྟངས།

                ལོ་རེ་བཞིན་འདི་གའི་ཕྱག་མཛོད་ཁང་གིས་མཐུན་སྦྱོར་འོག་གྲྭ་ཚང་རང་གིས་པར་བསྐྲུན་བྱས་པའི་དཔེ་དེབ་ཁག་གང་མང་ཉར་ཚགས་དང། དེ་མིན་བོད་གཞིས་བྱེས་གཉིས་ནས་གསུང་འབུམ་དང་དེབ་སྤུས་ལེགས་གསར་ཐོན་རིགས་མངགས་ཉོ། གཞུང་སྒེར་ཁག་ནས་ཕུལ་པའི་དཔེ་དེབ་ཁག་ཐོ་འགོད་བྱེད་བཞིན་ཡོད།

༦༽ འགྲེམ་སྤེལ་སྐོར།

                འདི་གར་གྲྭ་ཚང་རང་ནས་པར་བསྐྲུན་བྱས་པའི་དེབ་བརྒྱ་དང་བཞི་བཅུ་ཞེ་ལྔ་ཡོད་པ་དེ་དག་རྒྱ་གར་ནང་གི་གཞུང་སྒེར་གྱི་དཔེ་མཛོད་དང་ཚོགས་སྡེ། སློབ་གྲྭ་ཁག་བཅས་ལ་པར་ཕུད་རེ་འབུལ་རྒྱུ་དང་དེའི་རྗེས་སུ་འདི་ནས་པར་བསྐྲུན་བྱས་པའི་དེབ་རྣམས་གཞུང་སྒེར་སུ་ལ་དགོས་མཁོ་ཡོད་ཚེ་བརྒྱ་ཆའི་ཆག་ཡང་གིས་འཚོང་བཞིན་ཡོད།

འགན་འཛིན་དཀོན་མཆོག་རྒྱ་མཚོ། ཁ་པར་ཨང། ༩༤༡༨༡༣༠༢༨༦

ལས་རོགས་ཨ་རིག་བརྩོན་འགྲུས། ཁ་པར་ཨང། ༩༨༨༢༧༧༩༩༩༩ ཡང་ན། ༩༨༡༦༢༦༢༨༨༨

༧༽ དཔེ་མཛོད་སྒོ་ཕྱེ་བའི་དུས་ཚོད།

                ལོ་རེའི་ཕྱི་ཟླ་གཉིས་པ་དང་གསུམ་པ་བཞི་པའི་ཟླ་ཕྱེད་བར་དང། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར། ཞི་བདེའི་གཟེངས་རྟགས། བོད་མིས་སྒེར་ལང་སུམ་ཅུའི་དུས་དྲན། མང་གཙོའི་དུས་ཆེན། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་འཁྲུངས་ཚེས། གྲྭ་ཚང་རང་གི་ཚུགས་ལོ་དང་ཆོས་ཀྱི་དུས་ཆེན་ཁག། གཞན་ཡང་གཟའ་སྤེན་པ་གཉིས་པ་དང་ཉི་མ་མ་གཏོགས་ཉིན་རེའི་ཞོགས་པའི་ཆུ་ཚོད། ནས་ ༡༡ བར་དང། ཉིན་རྒྱབ་ཆུ་ཚོད་ ནས་ བར་སྒོ་ཕྱེ་བཞིན་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ཚེས་ ལ་དཔེ་མཛོད་ཁང་ནས།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.