སྟག་ལུང་ཤེས་རབ་རྒྱ་མཚོ།

   ༄༅།། ཡངས་པའི་འཇིག་རྟེན་འདིར་འབར་གས་ཆེན་པོ་བྱུང་བ་ནས་རིམ་གྱིས་དགུ་ཚིགས་དང་ཉི་མའི་ཁྱིམ་རྒྱུད་སོགས་བྱུང་སྟེ་ཡུན་གྱིས་ས་ཡི་གོ་ལའི་སྟེང་རྩི་ཤིང་སོགས་སྐྱེ་དངོས་སྣ་ཚོགས་དང།  སྲོག་ཆགས་སེམས་ཅན་གྲངས་ལས་འདས་པ་ཞིག་བྱུང་ལ།  སྤྱི་ལོའི་སྔོན་གྱི་མི་ལོ་ཁྲི་ཕྲག་བརྒྱ་དང་དགུ་བཅུ་ལྷག་གི་ཡར་སྔོན་གནམ་གཤིས་ཀྱི་འགྱུར་ལྡོག་དང།  རླུང་ཁམས་ཚ་དྲོད་སོགས་ཀྱི་འགྱུར་འགྲོས་ལས་འགྲོ་བ་མིའི་རིགས་འདི་ཆགས་ཚུལ་བཤད་ཅིང་།དུས་དེར་འགྲོ་བ་མི་རྣམས་ཀྱིས་གཙོ་བོ་ཕྱི་ལུས་ཀྱི་བདེ་སྡུག་ལས་ནང་སེམས་དང་འབྲེལ་བའི་བདེ་སྡུག་ལ་དེ་ཙམ་མནོ་བསམ་གཏོང་ཐུབ་ཀྱི་མེད་ལ།  མི་ལོ་སྟོང་ཕྲག་འགའི་རྗེས་སུ་དཔྱོད་ལྡན་དག་གིས་ཆོས་ལུགས་འདྲ་མིན་གསར་གཏོད་དང་དར་སྤེལ་གྱིས་བདེ་བ་སྒྲུབ་ཐབས་དང་སྡུག་བསྔལ་སེལ་ཐབས་མཛད་ཀྱང་།  མི་རྣམས་ཀྱི་སེམས་ཁམས་དང་འདོད་མོས་མི་གཅིག་པས་དབང་གིས་ཆོས་ལུགས་དག་གིས་ལྟ་སྤྱོད་ཀྱི་རྨང་གཞིའི་ཚད་ཐིག་ཀྱང་མི་འདྲ་བ་བྱུང་ནའང།  གཞི་རྩའི་འགྲོ་བ་མིའི་རིགས་ལ་ཕན་བདེ་བསྐྲུན་པ་ནི་ཐུན་མོང་གི་ཁྱད་ཆོས་བླ་ན་མེད་པ་ཞིག་རེད་སྙམ།

 

     དུས་རབས་བཅུ་དྲུག་པ་ནས་དངོས་པོའི་གནས་ལུགས་ལ་དཔྱོད་ཐབས་ཞིབ་འཇུག་གི་རིག་གསར་ནུབ་གླིང་དུ་མྱུ་གུ་འབུས་པ་ནས་ཆོས་དང་ཆོས་པའི་མགོ་འཕང་དམའ་རུ་བཅུག་ཡོད་པ་ནི་མངོན་སུམ་རེད་ལ།  རིམ་གྱིས་ཨང་རྩིས་དང་དབྱིབས་རྩིས་སོགས་རིག་གསར་གྱི་དཔྱད་ཐབས་ལ་བརྟེན་ནས་ཆེ་ས་འཇིག་རྟེན་གྱི་ཁམས་དང་ཆུང་ས་ཕྲ་རྡུལ་བར།  སྲོག་ལྡན་འབུ་སྲིན་ཕྲ་མོ་ནས་སྐྱེ་ཁམས་ཀྱི་གོ་ལའི་བར།  ཀླད་པ་དང་དབང་རྩར་བརྟེན་པའི་མྱོང་ཚོར་སོགས་ལ་ལེགས་པར་དཔྱད་ཞིབ་ཀྱིས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་མིའི་རིགས་ཀྱི་འཚོ་བར་བསམ་ཡུལ་ལས་འདས་པའི་དཔལ་ཡོན་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད་པས་ཚན་རིག་ནི་མིའི་རིགས་ལ་དགོས་མཁོ་སྐོང་མཁན་ཁོ་ནར་ཡིན་པར་བཤད་ཚོད་དུ་སླེབས་ཡོད།

 

     འོན་ཏེ་དེང་རབས་ཚན་རིག་སྨྲ་བས་མིའི་རིགས་ཀྱི་དགོས་འདུན་ལ་དམིགས་ཏེ་མངོན་སུམ་གྱི་བརྟག་ཐབས་སྣ་ཚོགས་ལ་བརྟེན་ཏེ་ཕྱི་དངོས་པོའི་དཔལ་ཡོན་ཆེས་མཐོ་བའི་ཚད་དུ་སླེབས་ན་ཡང་།  མིའི་རིགས་ལ་ནང་བསམ་པའི་དཔལ་ཡོན་གྱིས་མ་འདང་བས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཉིན་རེ་བཞིན་སེམས་ནད་ཅན་གྱི་གྲངས་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་པ་ནི་ཆེས་ཉེན་ཚབས་ཅན་གྱི་གནས་སྟངས་ཤིག་རེད་དེ།  དཔེར་ན།  ཕྱི་ལོ་ ༢༠༡༠ ལོར་དབྱིན་ཇིའི་རྒྱལ་ཁབ་གཅིག་པུར་ལུས་སེམས་སྙོམས་འཇུག་མ་ཐུབ་པའི་སེམས་ནད་ཅན་གྱི་གྲངས་ས་ཡ་ཞེ་ལྔ་ལྷག་ཡོད་པར་བཤད་པ་དང།  ཡང་ཨ་རིའི་རྒྱལ་ཡོངས་སྤྱི་ཚོགས་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་ཨ་རི་ན་སེམས་ནད་ཀྱིས་འདས་གྲོངས་སུ་གྱུར་པ་དང་རང་ཤི་བརྒྱབ་པ།  ཕ་མ་སྤུན་མཆེད་ཀྱིས་ནང་དམེ་བྱེད་པ། འཕྲོག་བཅོམ་བཙན་གཡེམ་སོགས་ཀྱི་གནས་ཚུལ་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པར།  འདིའི་འགག་རྩ་ནི་མི་རྣམས་ཆོག་ཤེས་ཀྱིས་དབུལ་ཞིང་འདོད་རྔམས་ཀྱིས་ལོག་ལམ་དུ་ཁྲིད་ཀྱི་ཡོད་པར་གཞི་ནས་ཤེས་རྟོགས་བྱུང་སྟེ།  བསམ་བློའི་འཛིན་སྣེ་མཐའ་དག་སྙོམས་སྒྲིག་འདུལ་སྦྱོང་གི་དོན་དམ་ཞི་ལྷོད་བག་ཕེབས་ཀྱི་བདེ་སྐྱིད་ཐོབ་པའི་གནས་ལུགས་ལ་ཁ་ཕྱོགས་གཞུང་སྒེར་གཉིས་ནས་སེམས་ཁམས་དང་འབྲེལ་བར་ཐག་གཅོད་དང་ལྟ་སྟངས་གསར་བས་དོ་སྣང་བྱེད་དགོས་བྱུང་ཡོད།  དབྱིན་ཡུལ་ལྟ་བུར་ལོ་རེ་རེར་ཨ་སྒོར་ཐེར་འབུམ་བརྒྱ་དང་བདུན་ཅུ་ལྷག་གིས་སེམས་ཁམས་ནད་བཅོས་ཀྱི་ཞིབ་འཇུག་བྱེད་ཀྱི་ཡོད་ལ།  ལོ་གསུམ་གྱི་གོང་ལ་ཡོ་རོབ་གླིང་ཆེན་དུ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ལྷག་སེམས་ཁམས་ནད་བཅོས་ཆེད་དུ་བཏང་བ་དང། ༢༠༡༤ ལོར་ཨ་རིའི་གཞུང་ངོས་ནས་ཀྱང་ཨ་སྒོར་ས་ཡ་བརྒྱ་ལྷག་མ་རྐང་དུ་བཞག་སྟེ་སེམས་ནད་བཅོས་ཐབས་ཀྱི་ཀླད་ཁམས་དབང་རྩའི་ཞིབ་འཇུག་ལས་གཞི་གཏིང་ཟབ་འགོ་འཛུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་པ་སོགས་མིའི་རིགས་ཀྱི་བསམ་བློའི་དཀའ་ངལ་གདོང་ལེན་ཐག་གཅོད་ཞིབ་འཇུག་གི་ཞབས་འདེགས་ཞུ་བཞིན་ཡོད་པར་གྲགས།

 

     སྤྱིར་ནུབ་ཕྱོགས་རིག་གསར་སྨྲ་བའམ་དེང་རབས་ཚན་རིག་པ་ཚོས་སེམས་ཁམས་དང་འབྲེལ་བའི་ཞིབ་འཇུག་གི་གལ་གནད་ཀླད་པ་དང་དབང་རྩའི་གཡོ་འགུལ་ལ་བརྩིས་ཏེ།  གང་ཟག་བྱེ་བྲག་པའི་དགའ་སྐྱོ་ཆགས་སྡང་མཐའ་དག་ཀླད་པ་དང་དབང་རྩ་གཡོ་འགུལ་མི་འདྲ་བས་བྱུང་བར་ཁ་ཚོད་བཅད་ནས་ཀླད་པ་གཤག་བཅོས་ཀྱིས་ཀླད་རྩ་མི་འདྲ་བ་དུང་ཕྱིར་བརྒྱ་ལྷག་ཡོད་པ་ལས་ཆ་ཤས་མི་འདྲ་བར་འགུལ་སྤྱོད་བྱེད་དུ་བཅུག་ཚེ་བདེ་སྡུག་དགའ་སྐྱོ་སོགས་འབྱུང་ཚུལ་བཤད་ལ།  དཔེར་ན།  ཀླད་པའི་མདུན་ངོས་ཀྱི་ཡ་མའི་འདབ་མ་གཉིས་གཡོ་འགུལ་བྱས་པས་ན་སེམས་ཁྲལ་མངོན་དུ་གྱུར་ཚུལ་དང།  ཀླད་པའི་མདུན་ངོས་ཀྱི་འདབ་མའི་ཆ་ཤས་ཤིག་གཡོ་འགུལ་བྱུང་ཚེ་ཁོང་ཁྲོ་མངོན་དུ་བྱེད་ཚུལ།  ཀླད་རྩའི་འགུལ་སྐྱོད་ལ་ཚོད་འཛིན་བྱས་ཚེ་ལུས་ངག་གི་རྣམ་པ་དང་འབྲེལ་བའི་ཀུན་སྤྱོད་འགྱུར་བ་གཏོང་ཐུབ་པ་སོགས་བཤད།  དབང་རྩའི་ཚོད་འཛིན་བཅོས་ཐབས་ཀྱི་སྨན་དང་སྨན་བཅོས་གསར་གཏོད་ཀྱི་སྒོ་ལྔའི་དབང་པོ་དང་འབྲེལ་བའི་ལུས་ཚོར་རགས་པར་ཚོད་འཛིན་ཅུང་ཙམ་རེ་བྱེད་ཐུབ་ནའང་སེམས་ཚོར་དང་འབྲེལ་བའི་ཡིད་ཀྱི་ཤེས་པ་ཕྲ་མོ་རྣམས་ཞིབ་འཇུག་གི་བར་སྟོང་དུ་ལྷག་ཡོད་པས་དོན་དམ་པའི་བདེ་སྐྱིད་ཅིག་ད་དུང་ཐོབ་ཀྱི་མེད་པར་བརྟེན།  དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་ནས་དེང་རབས་ཚན་རིག་སྨྲ་བ་དག་གིས་སེམས་ཁམས་དང་འབྲེལ་བའི་གནད་དོན་སྐོར་ལ་གང་ཟག་གསུམ་པ་ནས་ཞིབ་འཇུག་བྱེད་མགོ་བརྩམས་ཏེ།  ༸གོང་ས་མཆོག་དང་འཛམ་གླིང་ཤར་ནུབ་ཀྱི་གྲགས་ཅན་ཚན་རིག་པ།  མཁས་དབང།  ཚོང་ལས་པ་སོགས་ཀྱི་རླབས་ཆེན་རབ་འདེགས་ལ་བརྟེན་ནས་ཕྱི་ལོ་ ༡༩༨༧ ལོ་ནས་ནུབ་ཕྱོགས་དེང་རབས་ཚན་རིག་དང་ཤར་ཕྱོགས་གནའ་བོའི་ནང་བསྟན་ཚན་རིག་གཉིས་མཉམ་འབྲེལ་གྱིས་སེམས་དང་སྲོག་གི་བརྗོད་གཞིའི་ཐོག་ཐེངས་མང་པོར་སེམས་སམ་ཤེས་པ་དང་འབྲེལ་བའི་ཚོད་ལྟའི་དཔྱད་ཞིབ་བརྒལ་བརྟག་རིམ་པར་བརྒྱུད་དེ་ཕན་ཚུན་གྱི་དཔྱོད་འབྲས་ར་འཕྲོད་ཀྱིས་བློ་སྤོབས་གོང་མཐོར་བཏེགས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོར་བསྐྲུན་ཡོད།  ཚན་རིག་པ་མང་པོས་ཤེས་པའམ་སེམས་ཀྱི་གསང་བའི་འཇིག་རྟེན་ལ་ནང་བསྟན་རིག་པས་འགྲེལ་བརྗོད་ཞིབ་མོར་དོན་དམ་གྱིས་དཔྱད་ཡུལ་དུ་བཟུང་སྟེ་ཚན་རིག་དང་མཉམ་སྐྱོད་ཀྱི་ཆོས་ལུགས་ལ་ནང་བསྟན་རིགས་པ་ལས་འོས་མེད་ཚུལ་བཤད་པའང་ཡོད་སྐད།

 

     འོན་ཀྱང་རྫས་རྡུལ་དང་དབང་པོའི་ཡུལ་ལ་བརྟེན་པའི་མཐོང་བ་མངོན་སུམ་ཀྱི་སྐྱེ་ཚུལ་ཙམ་ལས།  ཡིད་ཤེས་དང་དབང་ཤེས། སེམས་སེམས་བྱུང་གི་འབྲེལ་བ།  ཉོན་མོངས་དང་ཉོན་མོངས་མིན་པའི་ཤེས་པ།  དགེ་མི་དགེའི་ལས་ལ་སོགས་པ་ནི་ཚན་རིག་པའི་དཔྱོད་ཡུལ་དུ་མ་གྱུར་པའམ་དཔེ་འཇལ་རགས་འགྲེལ་ལས་བརྟག་འབྲས་ཚད་འཕེལ་ཞིག་ཐོན་མེད་པ་གསལ་པོ་རེད།  དེས་ཕྱིར་དེང་རབས་སྤྱི་ཚོགས་གང་སར་མིའི་རིགས་ཀྱི་ལུས་ངག་གི་ཀུན་སྤྱོད་ལ་ཁྲིམས་གནོན་རྟིང་འཛིན་གྱིས་སྤྱི་སྒེར་ཀུན་ལ་ཞི་བདེའི་ཁེ་ཕན་སྲུང་སྐྱོབ་ཚན་རིག་དང་མཐུན་པ་བྱེད་བཞིན་ཡོད་ནའང་མཇུག་འབྲས་དེ་ལས་ལྡོག་སྟེ།

 

ལྐོག་ཟ་རུལ་སུངས་དང་མི་གསོད་ཁྲག་སྦྱོར་སོགས་འཁྲུག་རྩོད་སྣ་ཚོགས་འབྱུང་བཞིན་པས་གཞུང་སྒེར་གྱི་བདེ་འཇགས་ལ་གནོད་ཚབས་ཉེན་ཁ་ཅན་དུ་གྱུར་པར་ཕྱི་སྡོམ་གྱི་ཐབས་ལམ་ཡང་དག་པ་ཞིག་ཚན་རིག་པས་ད་དུང་རྙེད་མེད་ལ་ཕྱིན་ཆད་ཀྱད་རྙེད་དཀའ་བར་སྣང།  དེས་ན་སེམས་སམ་ཤེས་པའི་གསང་བ་ནང་བསྟན་ཞིབ་འཇུག་གི་རྣམ་བཤད་དང་མཐུན་པར་ཚན་རིག་པས་མྱོང་རྟགས་རིག་པས་བཙལ་ནས་སེམས་ཀྱི་འཇིག་རྟེན་ལ་དོ་གལ་གྱིས་དཔྱད་འབྲས་གཅིག་ཏུ་བབ་ཚེ།  རིག་གནས་འདི་གཉིས་ཀྱི་གཅིག་ཁོངས་གཅིག་སྡུད་ལྟ་བུའི་དབང་བསྒྱུར་གྱི་ཕྱོགས་ལྷུང་ཙམ་མ་ཡིན་པར།  འགྲོ་བ་མིའི་རིགས་ཀྱི་ཐག་གཅོད་དཀའ་བའི་མིག་སྔའི་དཀའ་ངལ་རྣམས་རིམ་པར་སེལ་ཏེ་འཕྲལ་ཕུགས་ཀྱི་ཕན་བདེ་བསྐྲུན་པའི་རེ་འབྲས་ཆེ་སྙམ།

 

     གལ་ཏེ་ཚན་རིག་གི་བརྟག་ཐབས་ཞིབ་མོས་ནང་བསྟན་རིག་པའི་འདོད་པའི་ཤེས་པའི་རྣམ་གཞག་ལ་འགལ་འདུ་མཐོང་བའི་གྲུབ་འབྲས་ཕུང་སུམ་པ་ཞིག་ར་སྤྲོད་བྱས་ཚེ་གླེན་པའི་ཨུ་ཚུགས་དང་མཁྲེགས་བཟུང་གི་ལྟ་བ་དོར་ཏེ་བླང་དོར་རྣམ་འབྱེད་ཀྱིས་རྒྱུ་མཚན་ཡང་དག་གི་རྗེས་སུ་འབྲང་ངེས་ཏེ།  སྤྱིར་ནང་པ་སངས་རྒྱས་པའི་ཁས་བླངས་འདོད་ཚུལ་ལ་རིག་པ་ཡང་དག་གཅིག་གིས་གནོད་པ་ཡོད་ཚེ་ཨུ་ཚུགས་དང་མཁྲེགས་འཛིན་མི་བྱེད་པར་རང་གི་འདོད་ཚུལ་དོར་གྱི་ཡོད།  ༸གོང་ས་མཆོག་གིས།  གལ་ཏེ་ཚན་རིག་གི་འཚོལ་ཞིབ་ཀྱིས་ནང་པའི་འདོད་ཚུལ་ཁག་གཅིག་ནོར་འཁྲུལ་ཡིན་པ་མཐའ་གཅིག་ཏུ་གསལ་སྟོན་བྱས་ཚེ་ང་ཚོས་ངེས་པར་དུ་ཚན་རིག་པས་ཞིབ་འཇུག་གི་འབྲས་བུ་ཁས་ལེན་བྱས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། ཞེས་གསུངས་ཡོད།

 

         ནང་བསྟན་རིག་པའི་ངོས་ནས་སེམས་སམ་ཤེས་པ་ཞེས་པའི་ངོ་བོ་དང་བྱེད་ནུས་སོགས་ཀྱི་འགྲེལ་བཤད་རགས་འགྲེལ་ཞིག་བྱས་ན།  གསར་ཞིང་རིག་པ་སེམས་སམ་ཤེས་པའི་གོ་དོན་དུ་ནང་པ་ཐུན་མོང་བས་འདོད་ཅིང་།  འདིར་གསལ་ཞེས་པའི་དོན་ནི་མངོན་པའམ་སྣང་བར་བྱེད་པའི་ཤེས་པའི་ནུས་པ་ཡིན།  དེ་ལས་ལྡོག་སྟེ།  རིག་པ་ནི་གང་མངོན་པ་དེ་ཤེས་པའམ་འཛིན་པའི་བློའི་ནུས་པ་ལ་གོ  ཁྱད་ཆོས་འདི་གཉིས་ལྡན་པའི་ཆོས་གང་ཡིན་ཡང་ནང་ཡུལ་ཅན་གྱི་ཆ་ཞིག་ལ་བརྩི་ཆོག  དཔེར་ན།  ཉི་ཟླ་སྒྲོོོན་མེ་སོགས་ལས་འཕྲོས་པའི་འོད་ཀྱི་རྩ་བའི་ཁྱད་ཆོས་ནི་གསལ་བར་བྱེད་པ་ཡིན་པ་ལྟར་ཤེས་པས་ཀྱང་རང་ཉིད་ཀྱི་ཡུལ་དེ་གསལ་བར་བྱེད།  འོད་ཀྱི་ནང་དུ་གསལ་བ་དང་གསལ་བར་བྱེད་མཁན་གཉིས་ལ་ཁྱད་པར་དབྱེ་འབྱེད་མི་ནུས་པ་བཞིན་ཤེས་པ་ལ་མཚོན་ནའང་བློའི་འཛིན་པའི་ནུས་རྩོལ་དང་བློ་གཉིས་ཀྱི་བར་ལ་ཁྱད་པར་གསལ་པོ་ཞིག་མེད་ཅིང༌།  མེ་གློག་སོགས་ཀྱི་འོད་ལྟར་ཤེས་པ་ལའང་གསལ་བའི་ཁྱད་ཆོས་ཤིག་རང་ཆས་སུ་གྲུབ།  ད་ལྟའི་ཀླད་པ་དང་དབང་རྩའི་ཚན་རིག་པས་ཤེས་པ་ལ་འགྲེལ་བཤད་ཡང་དག་ཅིག་རྒྱག་ཐུབ་ཀྱི་མེད་ལ།  ཁོང་ཚོས་ཀླད་རྩའི་ཆ་ཤས་ཤིག་གི་གཡོ་འགུལ་ལ་བརྟག་དཔྱད་བྱས་ཏེ་གང་ཟག་དེས་བློའི་འཛིན་པ་འདི་འདྲ་མྱོང་བཞིན་འདུག་ཅེས་བཤད་པ་ལས།  ཀླད་པ་དང་དབང་རྩ་གཡོ་འགུལ་བྱུང་སྐབས་དེ་འདྲ་འབྱུང་དགོས་པའི་རྒྱུ་མཚན་འགྲེལ་བཤད་ཡང་དག་ཅིག་དེང་རབས་ཚན་རིག་པ་སུས་ཀྱང་ད་དུང་བཤད་ཐུབ་ཀྱི་མེད།  དཔེར་ན།  གང་ཟག་ཅིག་ལ་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་སྣང་སྐབས་ཀླད་པ་དང་དབང་རྩ་རིག་པའི་འགྲེལ་བཤད་ཇི་ཙམ་བྱས་ཀྱང་མྱོང་བ་དེའི་མཐིལ་རྟོལ་མི་ཐུབ་པ་གསལ་པོ་ཡིན།  དེ་བས་ཚན་རིག་པས་ཤེས་པ་ཕྲ་མོའི་རིགས་ལ་དཔྱད་དཔོག་མ་ཐུབ་པར་རྣམ་པར་ཤེས་པའི་འཇུག་པའང་།  རྩ་རྡུལ་གཡོ་འགུལ་གྱི་བརྡ་ལན་སྤྲོད་སྐྱེལ་བྱེད་པའི་གཟུགས་ཅན་དུ་འདོད་པ་ལ།  སེམས་སམ་ཤེས་པ་འབྱུང་གཟུགས་ཕྲ་རགས་ཁ་ཚོད་ཆོད་པོས་མཐའ་བཟུང་གིས་བརྟག་པར་དགག་སྒྲུབ་མཛད་ནས་གཟུགས་ཅན་མ་ཡིན་པར་བསྟན་ཏེ།  རང་གི་ངོ་བོ་སྐྱེས་ཙམ་ནས་རང་གི་སྣང་བའམ་ཡུལ་སྣང་བ་ལ་བསྟན་མེད་ཐོགས་མེད་ཀྱི་གསལ་བ་དང།  རང་གི་ཡུལ་ལམ་སྣང་བར་སྤུ་རིས་དང་ངེས་ཤེས་འདྲེན་པར་བྱེད་པར་རིག་པ་ཞེས་སེམས་ཀྱི་མིང་དོན་གྲུབ་པ་ཡིན།  གསལ་རིག་གི་ཤེས་པ་ལའང་དབང་པོའི་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཆ་གཉིས་ལས་སྔ་མ་ཡུལ་དབང་འཕྲད་སྟོབས་ཀྱིས་འཕྲལ་འཕྲལ་དུ་སྐྱེ་འགག་གི་ཚུལ་དག་ཚན་རིག་པས་རྩ་ཕྲན་གྱི་ཐ་སྙད་སྦྱར་མིན་ཇི་ལྟར་ཡང་བྱེད་ལས་ལ་འགྲེལ་བཤད་མཐུན་ཚབས་ཆེ་བར་མཐོང།  ཡིད་ཀྱི་ཤེས་པ་ལའང་ཕན་གནོད་དང་འབྲེལ་བའི་ཤེས་པའི་རྣམ་གྲངས་མཐའ་ཡས་པར་བཤད་ལ།  ཤེས་པ་དེ་རང་གི་ངོ་བོ་དྭངས་གཙང་ཆུ་ཤེལ་ལྟ་བུར་གནས་པས་འཕྲལ་རྐྱེན་ཕན་གནོད་ཀྱི་ཤེས་པ་གཞན་དང་འབྲེལ་ཚེ་སེམས་རྒྱུད་ཞི་འཁྲུག་གི་འགལ་འདུ་སྣ་ཚོགས་འབྱུང་བ་ཡིན་ཏེ།  དཔེར་ན།  ཡིད་དུ་འོང་བའི་ཡུལ་ལ་ཤེས་པ་ཕྱོགས་ནས་འདོད་ཆགས་གྲོགས་སུ་འཇུག་ཚེ་འདོད་པའི་ཡུལ་ལ་ཡིད་འོང་གི་རྣམ་པར་སྒྲོ་བཏགས་ནས་འབྲལ་དཀའ་ཞིང་སྡུག་བསྔལ་འབྱུང་བར་བྱེད་པ་དང།  ཡིད་དུ་མི་འོང་བའི་དངོས་པོ་ཞིག་ལ་ཞེ་སྡང་གིས་སེམས་རྒྱུད་འཁྲུག་པས་རང་གཞན་སྡུག་བསྔལ་གྱི་གནས་ལ་དངོས་སུ་སྦྱོར་བར་བྱེད།  དེ་བཞིན་དུ་ཚོར་བ་དང་འདུ་ཤེས་ལ་སོགས་པའི་ཀུན་འགྲོ་དང།  འདོད་ཆགས་དང་ཁྲོ་བ་ལ་སོགས་པའི་རྩ་ཉོན་དང་ཉེ་བའི་ཉོན་མོངས་སོགས་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་ཤེས་པའི་རྣམ་གྲངས་མཐའ་ཡས་ཤིང།  དེ་དག་ནང་པའི་གཞུང་ལས་ཤེས་པའི་རང་བཞིན་དང་བྱེད་ལས་སོགས་མངོན་ཚུལ་འདྲ་མིན་ལ་བརྟག་དཔྱད་བྱས་པའི་རྒྱུད་རིམ་ཧ་ཅང་ཞིབ་ཚགས་ཤིང།  ནུབ་ཕྱོགས་དེང་རབས་ཚན་རིག་དང་གཏན་ནས་མི་འདྲ་བར་ནང་བསྟན་གནའ་བོའི་ཚན་རིག་གི་དཔྱད་ཐབས་ནི་རྩ་བའི་ཆ་ནས་གང་ཟག་དང་པོའི་མྱོང་བ་རྗེན་གཅེར་ལ་བརྟེན་ནས་གྲུབ་པར་ཕྲ་ཞིང་ཞིབ་པར་འགྲེལ་གྱི་ཡོད་དོ།།

 

     འདོད་སྡང་སོགས་སྐྱེས་སྟོབས་ཀྱིས་བག་མེད་འཁྲུག་རྩོད་སོགས་མིག་སྔར་འབྱུང་བཞིན་པ་འདི་འཛམ་གླིང་སྤྱི་སྒེར་ཀུན་གྱི་འཆམ་མཐུན་དང་འཚེ་མེད་ཞི་བདེ་ལ་གནོད་པའི་ལུས་ངག་གི་ཀུན་སྤྱོད་མཐའ་དག་གཟུགས་ཅན་གྱིས་བཀག་བསྡོམ་ཁོ་ནས་བཅོས་བསྒྱུར་དཀའ་བར་བཤད་ཟིན་མོད།   སླད་མར་ཡང་རང་གཞན་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་སེམས་གཤིས་ལ་གོམས་པར་འདྲིས་ཤིང་བྱམས་བརྩེའི་རིན་ཐང་གོང་མཐོར་འདེགས་པར།  དེང་རབས་ཚན་རིག་པས་ཀླད་པ་ལས་འདས་པའི་ཤེས་པའི་རྣམ་བཞག་ལ་རྟོག་དཔྱོད་ཞིབ་འཇུག་ལེགས་པར་བྱེད་རྒྱུ་གནད་དུ་མཐོང་།  འདི་ནི་ལྟ་གྲུབ་ལ་རྨོངས་ཞེན་གྱིས་དབང་དུ་སོང་བ་མ་ཡིན་པར་འཛམ་གླིང་འདིར་མིག་སྔར་འཕྲད་བཞིན་པའི་དཀའ་ངལ་སེལ་བྱེད་ཀྱི་འཇུག་སྒོ་གལ་ཆེན་ཞིག་ཏུ་མཐོང་ནས་བོད་ཀྱི་དགོན་སྡེའི་ཚན་རིག་ཤེས་ཡོན་ལས་རིམ་སྐབས་རང་གི་ལྟ་ཚུལ་ཙམ་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.