སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད།

༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་ཕྱི་ལོ་༢༠༠༩ ལོར་གནས་མཆོག་རྡོ་རྗེ་གདན་ནས་སློབ་བརྒྱུད་ཞིང་འབྲོག་མི་མང་གི་ཆེད་དུ་མཛད་པའི་བསླབ་བྱ། ༼ཉམས་མྱོང་རྒན་པོའི་སྙིང་གཏམ་དམར་རྗེན་དུ་གསལ་བའི་ལུགས་ཟུང་གི་བསླབ་བྱ་དོན་ཚན་སོ་གཉིས་ཅན་༽ཞེས་བྱ་བ་འདིའི་ནང་དོན་ནི། གཙོ་བོར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཉམས་སུ་བླངས་ཏེ་བོད་མི་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་བྱེད་དགོས་པའི་སྐོར་ཡིན་ལ། འདི་མཛད་པའི་དགོས་པ་རྒྱུ་མཚན་ནི། བསླབ་བྱ་རང་གི་མཛད་བྱང་དུ་གསལ་བ་ལྟར། རྗེ་ཉིད་ཕ་ཡུལ་དུ་ཕྱིར་ཕེབས་ཐུབ་པའི་ཐབས་ཤེས་རིམ་པར་གནང་ཡང་རེ་ཞིག་ཕེབས་མ་ཐུབ་པས།

 

ཞལ་མཇལ་གསུང་ཐོས་ལ་རིང་ནས་སྒུག་པའི་སློབ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་རེ་འདོད་གང་ཐུབ་སྐོང་ཐུབ་པའི་

photo1470622233973ཆེད་རྗེ་ཉིད་དངོས་སུ་ཕེབས་པའི་ཚབ་ལྟ་བུར་བསླབ་བྱ་འདི་མཛད་ནས་བསྩལ་པ་ཞིག་ཡིན། རྒྱབ་ལྗོངས་དམིགས་བསལ་བ་དེ་འདྲའི་འོག་ནས་གསུངས་པ་འདི་ལ་དེ་དང་མཐུན་པའི་ཁྱད་ཆོས་ཀྱང་མི་ཉུང་བ་ཞིག་ཡོད་པ་རེ་རེ་བཞིན་མདོ་ཙམ་རེ་སྨོས་ན།

 

༡༽ རྗོད་ཚིག་གོ་སླ་བ།

བསླབ་བྱའི་དབུར། "གཞུང་ཆེན་མོའི་ཐ་སྙད་མ་བཀོལ་བར་གོ་བདེ་བའི་ཕལ་སྐད་ཀྱི་མིང་ཚིག་བེད་སྤྱོད་ཀྱིས་་་།" ཞེས་དང་། མཇུག་ཏུའང་། "རྗོད་བྱེད་ཀྱི་མིང་ཚིག་ཀྱང་ཆོས་ཚིག་མིན་པར་འཇིག་རྟེན་པའི་ཁ་སྐད་དམ་ཕལ་སྐད་ཀྱིས་ངོ་སྤྲོད་བྱས།" ཞེས་གསུངས་པ་ལྟར། མི་མང་བྱིངས་ཀྱི་རྒྱུན་སྤྱོད་སྐད་ཆའམ་ཕལ་སྐད་ཀྱི་ལམ་ནས་གསུངས་ཡོད་པས་ཚིག་རྣམས་ཤིན་ཏུ་གོ་སླ།

 

༢༽ ནང་དོན་རྟོགས་སླ་བ།

བསླབ་བྱའི་མཇུག་ཏུ། "འདིར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དོན་རོབ་ཙམ་པ་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་ཕལ་པ་གང་དང་གང་ལ་འབྲེལ་ཆེ་བ་སོ་སོར་སྦྱར་གང་ཐུབ་ཀྱིས། ངོ་འཕྲོད་སླ་བ་དང། གོ་གང་བདེ་བ་དེ་གལ་ཆེ་ཤོས་སུ་བརྩིས་ནས་བཤད་ཡོད།" ཅེས་གསུངས་པ་ལྟར། ནང་དོན་ངོ་འཕྲོད་སླ་བ་དང་གོ་བདེ་བ་གཙོར་འདོན་གྱིས་གསུངས་ཡོད་པས་རྟོགས་སླ།

 

༣༽ ཚིག་སྦྱོར་བརྗོད་བདེ་བ།

བསླབ་བྱའི་དབུར། "བསླབ་བྱ་དོན་ཚན་སོ་གཉིས་ཅན་གྱི་ཁ་བརྡ་ཞིག་འདིར་ཞུ་འདོད་བྱུང་།" ཞེས་གསུངས་པ་ལྟར། བསླབ་བྱ་འདི་ནི་གདམས་ངག་གླེང་མོའི་ཚུལ་དུའམ་ཁ་བརྡའི་ཚུལ་དུ་གསུངས་པ་ཞིག་ཡིན་པས། ཚིག་གི་གོ་རིམ་དང་། གཅོད་མཚམས། དམ་ལྷོད་སོགས་སྤྱིར་བཏང་གི་སྐད་ཆའི་འགྲོས་ལྟར་ངག་ནས་བརྗོད་བདེ།

 

༤༽ འགྲེལ་བརྗོད་ཁ་གསལ་བ།

བསླབ་བྱའི་མཚན་ལ། ཉམས་མྱོང་རྒན་པོའི་སྙིང་གཏམ་དམར་རྗེན་དུ་གསལ་བ། ཞེས་གསུངས་པ་ལྟར། ཚིག་རྒྱན་གྱིས་སྤྲས་ཏེ་དོན་ཐད་ཀར་མ་གསུངས་པའམ་ཡང་ན་ཤུགས་ནས་གོ་དགོས་པ་ལྟ་བུ་སོགས་མེད་པར། དོན་ཐམས་ཅད་རེ་རེ་བཞིན་ཁ་གསལ་དམར་རྗེན་དུ་གསུངས་པས་འགྲེལ་བཤད་རྣམས་ཤིན་ཏུ་ཁ་གསལ།

 

༥༽ བརྗོད་བྱ་གནད་འདུས་པ།

བསླབ་བྱའི་དབུར། "ལྷ་ཆོས་དང་མི་ཆོས་ཏེ་ལུགས་ཟུང་གི་བསླབ་བྱ།" ཞེས་སོགས་གསུངས་པ་ལྟར། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དངོས་དང་ཤུགས་ལ་ཐོན་པའི་བསླབ་བྱ་གཙོ་ཆེ་བ་རྣམས་དང་། གཞན་ཡང་། ཆང་རག་དུག་རྫས་སོགས་སྤོང་ཐབས་དང་། ཚོགས་གསག་དགེ་སྒྲུབ་བྱེད་སྟངས། སྐད་ཡིག་དང་གོམས་གཤིས་སོགས་སྲུང་སྐྱོབ། ཡ་རབས་སྤྱོད་བཟང་དང་མི་འགལ་བའི་དཔལ་འབྱོར་རྒྱས་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་ཆོས་སྲིད་རིག་གནས་བཅས་ཀྱི་འགྲོ་ལུགས་དང་བྱེད་སྟངས་ཀྱི་གནད་གལ་ཆེ་བ་རྣམས་བསླབ་བྱ་འདིར་མ་ཚང་བ་མེད་པར་འདུས།

 

དུས་རབས་དང་མཐུན་པ།

མི་ཆོས་གཙང་མ་བཅུ་དྲུག་གི་མཇུག་ཏུ། "དོན་ཚན་རེ་ཟུང་གི་ཟུར་ཙམ་རེ་མ་གཏོགས་དེང་དུས་ཀྱི་སྤྱི་ཚོགས་འཁྲུག་ཆ་དོད་པོའི་ཟང་ཟིང་འདིའི་ནང་དུ་ལག་ལེན་བསྟར་ཐུབ་ན་ཕན་ཐོགས་ཡོད་པ་ཞིག་དང་། ལྷག་པར་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་མཐུན་པས་ཡུལ་གྱི་བདེ་སྐྱིད་དང་མཐུན་ལམ་ལ་ཕན།" ཞེས་གསུངས་པ་ལྟར། བསླབ་བྱ་འདིའི་ནང་དོན་རྣམས་དེང་དུས་ཀྱི་སྤྱི་ཚོགས་འདིའི་ནང་དགོས་མཁོ་ཆེ་ཞིང་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པས་དུས་རབས་དང་ཡོངས་སུ་མཐུན།

 

འཚོ་བ་དང་མཐུན་པ།

གོང་དུ་དྲངས་པ། "འདིར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དོན་རོབ་ཙམ་པ་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་ཕལ་པ་གང་དང་གང་ལ་འབྲེལ་ཆེ་བ་སོ་སོར་སྦྱར་གང་ཐུབ་ཀྱིས།" ཞེས་སོགས་གསུངས་པ་ལྟར། ཉིན་རེའི་འཚོ་བ་དང་སྦྱར་ནས་གསུངས་ཡོད་པས་བསླབ་བྱའི་ནང་དོན་ཁག་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་མཐུན།

 

༨༽ དངོས་ཡོད་དང་མཐུན་པ།

དཔེར་ན། བསླབ་བྱའི་ནང་དུ། "འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་མི་མཐུན་པའི་བླ་རྫུན་དང། གྲྭ་རྫུན། གྲུབ་རྫུན་དང་། སྔགས་རྫུན། མངོན་ཤེས་རྫུན་མ་ཤོད་མཁན་དང་། སྐུ་རྟེན་རྫུན་མ། མོ་པ་དང་རྩིས་པ་རྫུན་མ་སོགས་ནི་མི་ཆོས་བླ་མའི་རྫུན་ཏེ་རྫུན་ཆེ་ཤོས་ཤོད་མཁན་ཡིན། གཞུང་སྒེར་གྱི་ལས་བྱེད་རྫུན་མ་དང་། འགོ་འདྲེན་རྫུན་མ། ཚོང་རྫས་རྫུན་མ་དང་ལད་པོ། དུག་རྫས་སྣ་ཚོགས་ཀྱིས་ཚོང་བྱེད་མཁན། དངུལ་ལོར་རྫུན་མ་དང་།་ཡིག་ཆ་རྫུན་མ་བཟོ་མཁན་སོགས་ནི་དངུལ་ཁོོ་ནའི་ཆེད་སྤྱི་སྒེར་གཉིས་ལ་རྫུན་ཆེན་པོས་གནོད་པ་སྐྱེལ་བ་དང་མགོ་སྐོར་གཏོང་མཁན་གྱི་ཁྲིམས་འགལ་ནག་ཉེས་ཅན་ཡིན་པས་འདི་ཚོར་དོགས་ཟོན་བྱེད་དགོས།" ཞེས་སོགས་གསུངས་པ་ལྟར། བསླབ་བྱའི་དོན་ཚན་སོ་སོའི་ཐད་དུ་འདི་འདྲའི་དངོས་ཡོད་གནས་ཚུལ་ཤ་སྟག་གསུངས།

 

༩༽ ཆོས་དང་མཐུན་པ།

བསླབ་བྱའི་མཇུག་ཏུ། "ཁ་ཏ་བསླབ་བྱ་འདིའི་ནང་དོན་རྣམས་མི་མང་ནང་ཕན་ཚུན་ཤོད་རེས་ཀྱི་ལམ་ནས་ཆོས་ཕྱོགས་ཀྱི་གོ་རྟོགས་ཕྲན་བུ་རེ་ཨེ་ཡོང་དང་ཨེ་ཤེས་བལྟ་དགོས། གང་ཤེས་པ་དེ་ལག་ལེན་དུ་བསྟར་ན་ཆོས་ཉམས་ལེན་བྱས་པ་ཡིན།" ཞེས་སོགས་གསུངས་པ་ལྟར། ལག་ལེན་ཚུལ་བཞིན་དུ་བསྟར་ཚེ་དམ་པ་ལྷ་ཆོས་ཀྱི་བསླབ་བྱ་རྣམས་མ་ཟད་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་རྣམས་ཀྱང་ཆོས་སུ་འགྲོ་བས། བསླབ་བྱ་འདིའི་ནང་གསུངས་པ་ཀུན་ཆོས་དང་མཐུན།

 

༡༠༽ འཇིག་རྟེན་དང་མཐུན་པ།

བསླབ་བྱའི་ནང། "མི་ཡི་ཆོས་གཙང་མ་སྟེ་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་མི་ཡི་ཆོས་སམ་ཉིན་རེའི་བྱ་སྤྱོད་གཙང་མ་སྟེ་ཡ་རབས་སྤྱོད་བཟང་ཇི་ལྟར་བྱེད་དགོས་པའི་ལམ་སྟོན།" ཞེས་སོགས་གསུངས་པ་ལྟར། འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་ཉིན་རེའི་བྱ་སྤྱོད་ཡ་རབས་བྱེད་ཐབས་དང། དེའང་འཇིག་རྟེན་གྱི་འགྲོ་ལུགས་གཞིར་བཟུང་ནས་གསུངས་པས་འཇིག་རྟེན་དང་མཐུན།

 

༡༡༽ ཚན་རིག་དང་མཐུན་པ།

བསླབ་བྱའི་ནང་དུ། "ཚན་རིག་པས་དུ་བ་འཐེན་པས་སེལ་མི་ཐུབ་པའི་ནད་ངན་མང་པོ་སྐྱེད་ཀྱི་ཡོད་པ་ཤེས་ཏེ་དུ་བས་འཕྲོད་བསྟེན་ལ་གནོད་པའི་རྒྱུ་མཚན་གསལ་བསྒྲགས་བྱེད་ཀྱི་ཡོད།" ཅེས་དང། "བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང། དེང་དུས་ཀྱི་ཚན་རིག་ལག་རྩལ་སོགས་ཤེས་བྱ་གསར་པའི་རིགས་ཏེ་གནའ་དེང་གཉིས་ཀའི་ཤེས་ཡོན་གྱི་གཤོག་པ་གཉིས་ལྡན་ཞིག་ཡོང་བའི་ཐབས་ལ་འབད་དགོས།" ཞེས་སོགས་གསུངས་པ་ལྟར། བསླབ་བྱ་མང་པོའི་རྒྱུ་མཚན་དུ་དེང་དུས་ཀྱི་ཚན་རིག་གི་འགྲེལ་བཤད་བཀོད་པར་མ་ཟད། ཚན་རིག་ལ་སློབ་སྦྱོང་བྱེད་དགོས་པར་གསུངས་པས་ཚན་རིག་དང་མཐུན།

 

༡༢༽ བློ་དང་འཚམ་པ།

བསླབ་བྱའི་མཇུག་ཏུ། "དགག་དགོས་ཀྱི་དབང་གིས་ཞིང་འབྲོག་མི་མང་གིས་གང་ཤེས་བདེ་བ་དང་གོ་བདེ་བ་དགོས་པའི་གཙོ་བོར་བཟུང་ཡོད།" ཅེས་གསུངས་པ་ལྟར། ཞིང་འབྲོག་མི་མང་གིས་གོ་བདེ་བའི་ཆེད་གསུངས་པས། མང་ཚོགས་སྤྱི་དང་། ལྷག་པར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་མི་མང་དཀྱུས་མ་རྣམས་ཀྱི་བློ་དང་འཚམས།

 

༡༣༽ མོས་པ་དང་འཚམ་པ།

བསླབ་བྱའི་ནང། "མི་ཆོས་གཙང་མ་བཅུ་དྲུག་པོ་འདི་དག་ནི་ཆོས་ཁས་ལེན་དང་མི་ལེན་གྱི་ཁྱད་པར་མེད་པར་བོད་མི་རྩམ་ཟན་ཞིག་ཡིན་ཕྱིན་ཆད་ཉིན་རེའི་འཚོ་བའི་ནང་ཡ་རབས་སྤྱོད་བཟང་གི་བྱ་བ་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་དོན་ཚན་དུ་བགོས་ནས་བསྟན་པ་ཞིག་ཡིན།" ཞེས་དང་། "སྤྱིར་ནང་ཆོས་དང་ལྷག་པར་བོད་པའི་ནང་ཆོས་ཀྱི་མཚན་ཉིད་རིག་པའི་སློབ་སྦྱོང་ནི་ཆོས་ཁས་ལེན་མི་ལེན་ཚང་མས་སློབ་དགོས་པའི་སློབ་སྦྱོང་གི་སྡེ་ཚན་གལ་ཆེན་ཞིག་ཡིན།" ཞེས་ཡ་རབས་སྤྱོད་བཟང་དང་ནང་ཆོས་བསླབ་རྒྱུ་ལྟ་བུ་ནི་ཆོས་ཁས་ལེན་མི་ལེན་གྱི་བློ་མོས་གང་ཡིན་ལ་ཁྱད་མེད་པར་འབད་དགོས་ཚུལ་དང་། གཞན་ཡང་། "དེས་ན་རྫུན་དང། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་པོ་འདི་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་རྒྱུན་དུ་བཤད་མི་དགོས་པའི་འཛེམས་ཟོན་བྱས་ན་ངག་བཙུན་པར་འགྱུར་བས་མང་ཚོགས་ཀྱི་དཀྱིལ་དུ་མི་མཐོང་ཆ་འཇོག་བྱེད་མཁན་མང་བར་འགྱུར་བས་སོ་སོར་ཁེ་བཟང་ཡོད། ཆོས་ཁས་ལེན་མཁན་ཞིག་ཡིན་ན་ངག་གི་མི་དགེ་བའི་ཉེས་དམིགས་ལ་བསམས་ནས་རྫུན་དང་ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་བཤད་མི་དགོས་པའི་ཐབས་ལ་རྒྱུན་དུ་འབད་དགོས།" ཞེས་གསུངས་པ་ལྟར། དགེ་སྡིག་གི་སྤང་བླང་གསུང་སྐབས་ཆོས་ཁས་མི་ལེན་མཁན་ལ་ཚེ་འདི་སྣང་གི་མཐོང་ཆོས་ཅི་འགྱུར་དང་། ཆོས་ཁས་ལེན་མཁན་ལ་དེ་ཙམ་དུ་མ་ཟད་ཚེ་ཕྱི་མའི་རྣམ་སྨིན་སོགས་ལ་བསམ་དགོས་ཚུལ་བཅས་མི་སོ་སོའི་མོས་པ་དང་འཚམས་པར་གསུངས།

 

༡༤༽ རྒྱས་བསྡུས་འཚམ་པ།

བསླབ་བྱའི་མཇུག་ཏུ། "ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ནི་ཚིག་ཉུང་ནའང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པས་ཞིབ་པར་ཤེས་འདོད་མཁན་རྣམས་ཀྱིས་དགེ་རྒན་ཞིག་གདན་དྲངས་ནས་དྲི་བ་དང་དྲིས་ལན་གྱི་སྒོ་ནས་སྦྱངས་ཏེ་ཤེས་པར་བྱེད་རྒྱུ་གལ་ཆེ། འདིར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དོན་རོབ་ཙམ་པ་༌༌༌༌།" ཞེས་སོགས་གསུངས་པ་ལྟར། ཞིང་འབྲོག་མི་མང་དཀྱུས་མ་ཞིག་ལ་མཚོན་ན་དགེ་སྡིག་བླང་དོར་གྱི་ཚུལ་དང་ཡ་རབས་སྤྱོད་བཟང་ལ་ཇི་ལྟར་འབད་དགོས་པའི་ཚུལ་ནི་ཧ་ཅང་རྒྱས་ན་བློས་མི་འཆུན་ལ། ཧ་ཅང་བསྡུས་ན་གོ་རྟོགས་མི་འབྱུང་བས། དོན་ཚན་སོ་གཉིསཅན་གྱི་བསླབ་བྱ་འདི་ནི་རྒྱས་བསྡུས་ཤིན་ཏུ་འཚམས།

 

༡༥༽ ཉམས་མྱོང་དང་སྦྱར་བ།

བསླབ་བྱའི་མཚན་ལ། ཉམས་མྱོང་རྒན་པོའི་སྙིང་གཏམ། ཞེས་སོགས་དང་། བསླབ་བྱའི་དབུར། "རང་ཉིད་ལོ་རྒན་བདུན་ཅུ་ལོན་ལ་ཉེ་བའི་ཉམས་མྱོང་རྒན་པོའི་བསླབ་བྱ།" ཞེས་གསུངས་པ་ལྟར། རྗེ་ཉིད་དགུང་གྲངས་བདུན་ཅུར་ཉེ་བའི་རིང་ཆོས་སྲིད་ལུགས་གཉིས་སམ། ལྷ་ཆོས་མི་ཆོས་གཉིས་ཀའི་འགྲོ་ལུགས་མང་པོ་ཞིག་ཐུགས་ཉམས་སུ་བསྟར་བ་དང་། ཡང་ན་དངོས་སུ་གསན་གཟིགས་ཡང་ཡང་བྱུང་བའི་ཉམས་མྱོང་དང་འབྲེལ་ནས་གསུངས་པས་ཉམས་མྱོང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན།

 

༡༦༽ ཤ་ཚ་ལ་སྦྱར་བ།

བསླབ་བྱའི་དབུར། "ལུས་ཕྱི་རྒྱལ་དུ་ཡོད་ནའང་བརྩེ་སེམས་དང་ཕན་པ་སྒྲུབ་འདོད་ཀྱི་བསམ་པ་ནི་ཉིན་མཚན་དུས་དྲུག་ཏུ་ཁྱེད་རྣམས་དང་ཁ་བྲལ་མ་མྱོང་།" ཞེས་དང་། བསླབ་བྱའི་མཇུག་ཏུ། "འཇིག་རྟེན་ཡ་རབས་ཀྱི་ཁྲིམས་ལུགས་ལ་མཐུན་པའི་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་བསམ་པའི་ལྷག་བསམ་རྣམ་དག་གིས་བཤད་པའི་ཁ་ཏ་བསླབ་བྱ་ཞིག་ཡིན།" ཞེས་དང་། བསླབ་བྱའི་མཚན་ལའང། ཉམས་མྱོང་རྒན་པོའི་སྙིང་གཏམ། ཞེས་སོགས་གསུངས་པ་ལྟར། སློབ་བརྒྱུད་མང་ཚོགས་ལ་ཐུགས་བརྩེ་བའི་ཤ་ཚ་དང་ཕན་འདོད་ཁོ་ནའི་ལྷག་བསམ་རྣམ་དག་གིས་གསུངས་པ་སྟེ། ཕ་མས་བུ་ཕྲུག་ལ་སྙིང་གཏམ་བཤད་པ་ལྟ་བུའི་བརྩེ་བའི་བསླབ་བྱ་དང་ཤ་ཚའི་སྙིང་གཏམ་རང་དུ་གནང་བས་སློབ་བརྒྱུད་མང་ཚོགས་ཀྱི་སེམས་ལ་རང་བཞིན་གྱིས་འཇུག་ཆེ་ཞིང་ཕན་ཆེ།

 

༡༧༽ མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ།

བསླབ་བྱའི་ནང། "བོད་ཁ་བ་ཅན་གྱི་ཡུལ་མི་རྣམས་ཡ་རབས་སྤྱོད་བཟང་ཅན་གང་ཞིག་ལ་མི་རིགས་རང་ཉིད་ཀྱི་སྐད་དང་། ཡི་གེ ཆས་གོས། སྐྲ་ལུགས། གོམས་གཤིས། གླུ་གཞས་དང། ཞབས་བྲོ་སོགས་ཐུན་མོང་མ་ཡིན་པ་གཞན་ལ་ངོམ་ཆོག་པ་ཞིག་ཡོད།" ཅེས་དང། "བོད་ཀྱི་སྐད་ཡིག་གོམས་གཤིས་སོགས་རིག་གཞུང་གང་ཡིན་ཀྱང་རྒྱུན་སྤྱོད་ཀྱི་འཚོ་བའི་ནང་བེད་སྤྱོད་བྱེད་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་འདི་བོད་ཀྱི་སྐད་ཡིག་གོམས་གཤིས་དང་བཅས་པ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ལེགས་ཤོས་ཡིན།" ཞེས་གསུངས་པ་ལྟར། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་གོམས་གཤིས། སྤྱོད་ལམ་སོགས་ཉམས་མེད་སྲུང་སྐྱོབ་བྱེད་དགོས་ཤིང། བསླབ་བྱ་འདིའི་ནང་དུ་གསུངས་པའི་བསླབ་བྱ་ཁག་ཉམས་སུ་བླངས་ན་དེ་དག་སྲུང་སྐྱོབ་ཀྱི་ཐབས་དམ་པར་ཡང་འགྱུར་རོ།།

 

༡༨༽ རིག་གཞུང་གནའ་དེང་ཟུང་འབྲེལ།

བསླབ་བྱའི་ནང་། "སྤྱིར་བོད་མི་ཞིག་ཡིན་ཕྱིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ཆ་རྒྱུས་ཡོད་པ་དང་། དེ་ལ་དགའ་ཞེན་ཆེ་བའི་རྒྱུན་འཛིན་བྱ་མཁན་ཞིག་ཡིན་དགོས་པ་མ་གཏོགས། དེ་ལ་བརྙས་བཅོས་དང་གཏོར་བཅོམ་བྱེད་མཁན་ཞིག་ཡིན་མི་ཉན།" ཞེས་དང་། "སྲོལ་རྒྱུན་གྱི་རིག་གཞུང་ལས་དེང་དུས་སུ་ཉེ་བར་མཁོ་བ་རྣམས་སོ་སོའི་ངོ་བོ་མ་བརླགས་པའི་ཐོག་དེང་རབས་དང་མཐུན་པར་བསྒྱུར་ནས་རྒྱུན་ལྡན་གྱི་འཚོ་བའི་ནང་བེད་སྤྱོད་བྱེད་ཐུབ་པའི་ངོ་བོར་གསར་གཏོད་གནང་དགོས།" ཞེས་དང་། གོང་དུ་དྲངས་པ། "གནའ་དེང་གཉིས་ཀའི་ཤེས་ཡོན་གྱི་གཤོག་པ་གཉིས་ལྡན་ཞིག་ཡོང་བའི་ཐབས་ལ་འབད་དགོས།" ཞེས་སོགས་གསུངས་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་གཞིར་བཟུང་དེང་རབས་ཀྱིས་ཟུར་བརྒྱན་པའམ་དེང་རབས་དང་མཐུན་པར་བསྒྱུར་པའི་གསར་གཏོད་ཀྱིས་གནའ་དེང་ཟུང་འབྲེལ་འདབ་གཤོག་གཉིས་ལྡན་ཡོང་དགོས་པ་དང་། འདིར་གསུངས་པའི་བསླབ་བྱ་སྤྱི་དང་། ལྷག་པར་ཤེས་ཡོན་སློབ་སྦྱོང་སྐོར་དང་། དཔལ་འབྱོར་ཚོང་ལས་སྐོར་སོགས་ཇི་ལྟར་གསུངས་པ་བཞིན་ལག་ལེན་དུ་བསྟར་ན་གནའ་དེང་ཟུང་འབྲེལ་གྱི་ཐབས་སུ་འགྱུར།

 

༡༩༽ ས་གནས་ཀྱི་སྲིད་ཇུས་དང་མཐུན་པ།

ས་གནས་ཀྱི་སྲིད་ཇུས་གཙོ་བོ་ནི། ཞི་བདེ་བརྟན་ལྷིང་ངང་ཤེས་རིག་སློབ་གསོ་དང་དཔལ་འབྱོར་འཚོ་བ་ཡར་རྒྱས་ཡོང་ཐབས་ཀྱི་སྲིད་ཇུས་དེ་ཡིན་པ་ལྟར། བསླབ་བྱ་འདིའི་ནང་དུ་གསུངས་པའི་ལྷ་ཆོས་མི་ཆོས་ཀྱི་བསླབ་བྱ་འདི་དག་གིས་མང་ཚོགས་ཀྱི་སྤྱོད་པ་ཡ་རབས་སྤྱོད་བཟང་དུ་བསྒྱུར་ནས་ཡུལ་ཁམས་ལ་ཞི་བདེ་ལྷིང་འཇགས་འབྱུང་བར་མ་ཟད། མང་ཚོགས་ཀྱི་ཤེས་ཡོན་དང་འཚོ་བ་ཡར་རྒྱས་གཏོང་བའི་ཐབས་ལམ་དུ་མ་ལམ་སྟོན་གནང་ཡོད་པ་ལྟར་ས་གནས་ཀྱི་སྲིད་ཇུས་དང་མཐུན་པ་ཆར་པ་ཆུ་གྲོགས་ལྟ་བུར་གྱུར་ཡོད།

 

༢༠༽ ཁྲིམས་དང་མཐུན་པ།

བསླབ་བྱའི་ནང་། "སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། ལོག་པར་གཡེམ་པ་འདི་གསུམ་བྱས་ཡོད་ཚེ་ཆོས་ཕྱོགས་ནས་སྡིག་པ་ཡོད་པར་མ་ཟད། འཇིག་རྟེན་མི་ལུགས་ཀྱི་ཁྲིམས་འགལ་ཡིན་པས་ནམ་ཡང་མི་རུང་།" ཞེས་དང་། "དུག་རྫས་ཉོ་ཚོང་གིས་མི་ཚེ་འཕྲོ་བརླག་ཏུ་གཏོང་བ་སོགས་མང་ཚོགས་ཀྱི་བདེ་རྩར་གནོད་པའི་ཁྲིམས་འགལ་འདི་དག་ནག་ཉེས་ཆེ་ཤོས་ཡིན།" ཞེས་སོགས་ལྷ་ཆོས་དང་མི་ཆོས་གཙང་མའི་ལྡོག་ཕྱོགས་མ་རབས་ཀྱི་བྱ་སྤྱོད་རྣམས་ཁྲིམས་འགལ་ཡིན་པས་མི་རུང་ཚུལ་ཡང་ཡང་གསུངས་པ་དང་། མི་ཆོས་གཙང་མའི་བསླབ་བྱ་འདི་དག་ནི་གོང་དུ་དྲངས་པ་ལྟར་རྒྱལ་སྤྱིའི་ཁྲིམས་དང་ས་གནས་ཀྱི་ཁྲིམས་ལུགས་བཅས་དང་ཡོངས་སུ་མཐུན།

 

༢༡༽ མི་རིགས་མཐུན་སྒྲིལ་ལ་ཕན་པ།

བསླབ་བྱའི་ནང་། "དེང་སང་ནང་རྐུ་དང་ཕྱི་རྐུ་ཟེར་བ་དང་། བོད་མི་རིགས་དང་རྒྱ་མི་རིགས་ལ་བརྐུས་པར་སྡིག་པ་ཆེ་ཆུང་གི་ཁྱད་པར་ཡོད་པ་ལྟ་བུའི་བསམ་ཚུལ་རེ་ཡོད་སྲིད་ནའང་། ལྷ་སྡེའི་ནང་གི་མིའི་ནོར་ལོངས་སྤྱོད་ལ་འཚེ་བ་དང་ལྷ་སྡེ་མ་ཡིན་པའི་མིའི་ནོར་དང་ལོངས་སྤྱོད་ལ་འཚེ་བ་གཉིས་ཀ་འཚེ་བའི་ལས་ཡིན་པ་གཅིག་མཚུངས་རེད། དེ་བཞིན་དུ་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀའི་ཟས་ནོར་ལོངས་སྤྱོད་གང་ལ་འཚེ་ནའང་འཚེ་བའི་ལས་ཡིན་པ་ཁྱད་མེད་ཡིན་པས་སུ་ཞིག་གི་ཟས་ནོར་ལོངས་སྤྱོད་བརྐུས་ན་སྡིག་པ་ཡོད་པ་གཅིག་མཚུངས་ཡིན།" ཞེས་སོགས་གསུངས་པ་ལྟར། དགེ་སྡིག་ལ་མི་རིགས་ཀྱི་ཁྱད་མེད་པས་མི་རིགས་གཞན་ལ་གནོད་འཚེ་བྱེད་མི་རུང་བར་གསུངས་པ་འདིས། རྒྱ་བོད་མི་རིགས་དབར་འཆམ་མཐུན་ཡོང་བ་སོགས་མི་རིགས་མཐུན་སྒྲིལ་ལ་ཕན་ནུས་ཆེན་པོ་ཐོན།

 

༢༢༽ ཆབ་སྲིད་ཀྱི་འདྲེས་བསླད་མེད་པ།

བསླབ་བྱའི་མཇུག་ཏུ།འདིའི་ནང་ཕྱི་ནང་གི་ཆབ་སྲིད་ཟུར་ཙམ་ཡང་འདྲེས་བསླད་མེད་པས་བསླབ་བྱ་འདི་ལྟ་ཀློག་བྱེད་མཁན་ཚོར་དོན་མེད་ཀྱི་དཀའ་ངལ་ཡོང་གི་མ་རེད་བསམས་ཏེ་ཡིད་ཆེས་བྱས་ནས་བྲིས་པ་ཡིན།ཞེས་གསུངས་པ་ལྟར།བསླབ་བྱ་འདིའི་ནང་དུ་འབྲེལ་ཡོད་མི་མང་གི་ཉིན་རེའི་བྱ་སྤྱོད་ཡར་རྒྱས་ཡོང་བ་དང་། ཁོར་ཡུག་ལ་གནོད་སྐྱོན་མི་གཏོང་བ། མཐུན་ལམ་ཡར་རྒྱས་གཏོང་བ། རྐུ་ཇག་ཁྲམ་གསུམ་སོགས་སྤྱོད་ངན་གྱི་རིགས་མི་བྱེད་པ། ཕྲུ་གུ་སློབ་གྲྭར་གཏོང་དགོས་པ། སྤྱོད་ལམ་གང་དང་གང་འདྲ་བྱས་ན་ཁྲིམས་དང་འགལ་བར་མ་ཟད་དམ་པའི་ལྷ་ཆོས་དང་འགལ་བའི་ཚུལ་དང། སྐད་ཡིག་གོམས་གཤིས་སྲུང་སྐྱོབ་དགོས་པ་སོགས་ཡ་རབས་སྤྱོད་བཟང་ཇི་ལྟར་བྱེད་དགོས་པའི་སྐོར་གྱིི་ཁ་ཏ་བསླབ་བྱ་ཁོ་ན་འདིར་གསུངས་ཡོད་པ་ལས་ཕྱི་ནང་གི་ཆབ་སྲིད་གང་ཡང་འདྲེས་མེད།

 

༢༣༽ དུས་ལ་བབ་པ།

བསླབ་བྱའི་ནང་དུ། "འཇབས་ཏེ་ལྐོག་ནས་རྐུ་བ་དང། དངོས་སུ་འཕྲོག་པ། དབང་ཡོད་ཀྱིས་འཕྲོག་པ། ཡང་ན་གཡོ་ཐབས་ཀྱིས་རྐུ་བ་སྟེ། ལྐོག་ཟས་ལེན་པ་ཞེས་ལས་དོན་དང་བརྗེ་རེས་བྱེད་པ། གཞུང་ལ་དབང་བའི་ཚོང་ཁྲལ་དང་ལམ་ཁྲལ་སོགས་སྦས་སྐུང་བྱེད་པ། འཁོར་གླ་དང་ལས་གླ་སོགས་མི་སྤྲོད་པ། གཞུང་སྒེར་གང་ཡང་རུང་བར་རྩིས་གཙང་མི་བྱེད་པ། བུ་ལོན་སྒྲུབ་འཇལ་མི་བྱེད་པ། རྒྱ་ཁ་དང་བྲེ་ཁ་སོགས་ལ་གཡོ་སྒྱུ་བྱེད་པ། གཏའ་མ་ཕྱིར་སྤྲོད་མི་བྱེད་པ་སོགས་ཀྱི་བྱ་བ་ངན་པ་འདི་འདྲ་རང་གིས་བྱས་སམ་གཞན་ལ་བསྐུལ་ཀྱང་རུང་། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་དང་སེམས་ལ་གནོད་ཅིང་འཚེ་བའི་བྱ་བ་ཡིན་པས་དེ་ལ་སྡིག་པ་ཡོད།" ཅེས་སོགས་གསུངས་པ་འདིས་མཚོན། བསླབ་བྱའི་དོན་ཚན་སོ་སོའི་ཐད་དུ་གསུངས་པའི་སྤང་བྱའི་བྱ་སྤྱོད་ངན་པ་དག་ནི་དེང་སང་གི་དུས་འདིར་སྙིགས་མའི་རང་མཚང་བརྡོལ་བ་བཞིན་གང་སར་ཁྱབ་བཞིན་པ་དང་། དེ་དག་སྤངས་ནས་ཡ་རབས་ཀྱི་སྤྱོད་པ་དང་དགེ་བའི་བྱ་བ་ལ་ཇི་ལྟར་འབད་དགོས་ཚུལ་གསུངས་པ་རྣམས་ནི་ངན་སྤྱོད་དེ་དག་གི་གཉེན་པོ་སྟོབས་ལྡན་ནམ་དེ་དག་སྤོང་ཐབས་ལ་ཉེ་བར་མཁོ་ཞིང་དུས་ལ་བབ་པས། བསླབ་བྱ་སོ་གཉིས་མ་འདི་ནི་དུས་ཐོག་ཆར་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།

          ཞིབ་པར་བྱས་ན་ད་དུང་ཁྱད་ཆོས་དུ་མ་བགྲང་དུ་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་བྱས་སོ།།

             སྐད་འཕྲིན་ཚོགས་པ་ཞིག་གི་ཆེད་དུ་འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ཚེས་ ༣༡ ལ་བྲིས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.