ཀ དཀོན་མཆོག་ཟླ་བ།

༄༅།། དུས་རབས་བཅུ་གསུམ་པའི་ནང་བོད་ཀྱི་མཁས་པ་ཤོང་ལོ་ཆེན་པོས་རྒྱ་གར་འཕགས་པའི་ཡུལ་ན་སྙན་པར་གྲགས་པ་སློབ་དཔོན་པཎྜི་ཏས་མཛད་པའི་སྙན་ངག་མེ་ལོང་མའི་རྩ་བ་བོད་རང་སྐད་དུ་རྫོགས་པར་བསྒྱུར་བ་ནི། སྐབས་དེར་བོད་དུ་སྙན་ངག་གི་གཞུང་ལུགས་འཐུས་ཚང་ཞིག་བྱུང་བའི་ཐོག་མ་ཡིན་ལ། དེའི་ཕྱིས་ཐུགས་ཀྱི་སྲས་པོ་དཔང་ལོ་ཙཱ་བས་འགྱུར་བཅོས་དང་འཆད་སྤེལ་གྱི་བརྒྱུད་རིམ་དབུ་ཚུགས་པ་ནས་བོད་ཀྱི་སྙན་ངག་དང་ཚིག་རྒྱན་རིག་པའི་འབྲེལ་བ་གོང་འཕེལ་བྱུང་ཞིང༌། སྒྱུ་རྩལ་གྱི་གསོན་ཤུགས་ཐེབས་པའི་སྙན་ངག་དང༌། སྙན་ངག་སྨྲ་བའི་དཔུང་སྡེ་ཁག་ཆར་རྗེས་ཀྱི་མྱུ་གུ་བཞིན་གཅིག་འཕྲོར་གཅིག་མཐུད་ཀྱིས་འཚར་ལོངས་བྱུང་བ་རྣམས་བརྗོད་ཀྱིས་མི་ལངས། དེ་ནས་བརྒྱུད་དེ་བོད་འགྱུར་སྙན་ངག་མེ་ལོང་མའི་རྩ་བར་འགྲེལ་བཤད་དང་དེ་མཐུན་གྱི་དཔེ་བརྗོད་འབྲི་སྲོལ་དར་ཁྱབ་སོང་སྟེ། རྒྱ་གཞུང་གིས་ཤན་ཞུགས་ཐེབས་པའི་སྙན་གཞུང་མང་པོ་ལད་བཟློས་པའི་ཚུལ་གྱིས་བྲིས་ཤིང༌། རིགས་པས་རྟོག་ཞིབ་ལ་གོམས་སྟོབས་ཆེ་བའི་མཁས་པ་འགས་སྙན་ངག་ལས་འཕྲོས་པའི་དཔྱད་བརྗོད་ཅི་རིགས་སྤེལ་ཡོད་ཀྱང༌། དེ་དག་ནི་དོན་སྤྱི་བམ་པ་ཞིག་གི་སྟེང་དུ་ཁ་ཕྱོགས་བསྒྱུར་པ་ཙམ་ལས་ནང་གསེས་རྒྱན་སོ་སོའི་ཁྱད་ཆོས་རྩལ་འདོན་གྱིས་དགག་སྒྲུབ་ཀྱི་ལམ་ནས་གཏན་འབེབས་བྱས་པ་ནི། བོད་མཁས་པས་མཛད་པའི་<<སྙན་ངག་མེ་ལོང་གི་རྒྱན་ལ་དཔྱོད་པའི་འབེལ་གཏམ་ལེགས་བཤད་རོལ་མཚོ་>>འདྲ་བ་འགའ་ཞིག་མ་གཏོགས་ཆེས་ཉུང་ཉུང་རེད། ཡིན་ནའང་ཕྲན་གྱིས་སྔ་འགྲེལ་ཚད་ལྡན་རྣམས་ཀྱི་བཞེད་སྲོལ་གཞིར་བཟུང་ཐོག་མཁས་པ་གཞན་གྱི་ལེགས་བཤད་གང་མཁོས་ཟུར་བརྒྱན་ཏེ། དོན་རྒྱན་སོ་ལྔ་ལས་གསལ་བྱེད་ཀྱི་རྒྱན་གྱི་སྐོར་རགས་ཙམ་གླེང་བར་བྱའོ། །

 

དང་པོ། གསལ་བྱེད་ཀྱི་རྒྱན་སྤྱིའི་ངོ་བོ་འཚོལ་ཞིབ་བྱེད་པ།

 

དོན་རྒྱན་སོ་ལྔའི་ནང་ཚན་གསལ་བྱེད་ཀྱི་རྒྱན་ཞེས་པ་ནི། སྙན་ངག་མེ་ལོང་བོད་སྐད་དུ་བསྒྱུར་ཕྱིན་བརྡ་ཆད་བྱས་པའི་སྙན་ངག་གི་རོ་ཉམས་ཕུན་སུམ་ཚོགས་ཤིང་ཚིག་མཛེས་པར་བྱེད་པའི་རྒྱན་གྱི་རྣམ་གྲངས་ཤིག་ཡིན་ལ། འདི་ནི་དངོས་པོའི་གནས་སྐབས་སྣ་ཚོགས་པར་སྦྱོར་བདེ་ཞིང་སྐྱེ་བོ་ཀུན་གྱི་ངག་རྒྱུན་དུ་རང་ཆས་སུ་གྲུབ་པའི་གོ་སླ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན། འོ་ན། ཁྱོད་ཀྱིས་རྟོགས་དཀའ་ཞིང་རྙོག་འཛིང་ཆེ་བའི་རྒྱན་རྣམས་བསྐྱུར་ནས། གང་ཞིག་གོ་བདེ་ཞིང་སྦྱོར་སླ་བའི་རྒྱན་འདི་ཆེད་དམིགས་ཀྱིས་བརྗོད་པར་དགོས་པ་མེད་དོ་ཟེར་ན། དེ་ལྟ་ག་ལ་ཡིན། གསལ་བྱེད་ཀྱི་རྒྱན་འདིའི་སྦྱོར་ཚུལ་ནི་རང་བཞིན་བརྗོད་པ་དང༌། དཔེ་གཟུགས་སོགས་སྙན་ངག་གི་རྒྱན་གཞན་གྱི་ཉམས་འདོན་ཚུལ་ལ་མཁོ་གལ་ཆེ་ཞིང༌། ཁ་ཟས་ཀྱི་བྲོ་རྫས་ལྟར་སྡེབ་ལེགས་པའི་ཚིགས་བཅད་ལྷུག་གང་རུང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་སྙན་ངག་གི་རིག་རྩལ་ཞིག་ཡིན་པས་སོ། དེས་ན་རྒྱན་འདིའི་ངོ་བོའམ་མཚན་ཉིད་ཅི་ཞིག་ཡིན་ནམ་ཞེ་ན། འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་སློབ་དཔོན་དབྱུག་པ་ཅན་གྱིས། “རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་དུ་བརྗོད་དཔེར།” ཞེས་གསུངས་པ་ལྟར། རིགས་དང༌། བྱ་བ། ཡོན་ཏན། རྫས་རྣམས་ལས་གང་རུང་ཞིག་ཚིགས་བཅད་གཅིག་གི་ཐོག་མཐའ་བར་གསུམ་གང་འོས་ཤིག་ཏུ་སྦྱར་བའམ་གནས་པ་དེ་ཡིས། གལ་ཏེ་ཚིག་གོང་འོག་གི་ངག་རྒྱུན་རྣམས་ལ་ཕན་ཞིང་གསལ་བར་བྱེད་ན་གསལ་བྱེད་ཀྱི་ཚིག་དང༌། དེ་ལ་སྙན་པའི་རོ་དང་མཛེས་པའི་ཉམས་འགྱུར་ཕུན་སུམ་ཚོགས་པར་ལྡན་པའི་སྒོ་ནས་ཚིག་སྦྱོར་ལྷུ་འགྲིགས་ཤིང་གཞན་ཡིད་འགུག་ནུས་པའི་སྙན་ངག་ཅིག་ལ་གསལ་བྱེད་ཀྱི་རྒྱན་ཞེས་ཟེར་རོ། རྒྱན་འདིའི་ངོ་བོ་ངོས་འཛིན་ཐད་རྩ་བའི་བཞེད་སྲོལ་ལྟར་མཁས་པ་ཕལ་ཆེའི་འགྲེལ་སྟངས་ཕྱོགས་མཚུངས་ཡིན་ཡང༌། རྒྱལ་དབང་ལྔ་པའི་སྙན་འགྲེལ་ལས། “སྔར་རང་བཞིན་བརྗོད་པའི་སྐབས་དང་འདྲ་བའི་རིགས་དང༌། བྱ་བ། ཡོན་ཏན། རྫས་རྣམས་ལ་ཚིག་གཅིག་ཐོག་མཐའ་བར་གསུམ་གང་ལ་གནས་པ་ཡིས། གལ་ཏེ་ཚིག་སྦྱོར་གྱི་ངག་ཀུན་གསལ་བ་ལ་ཕན་ན། དེ་ནི་གསལ་བྱེད་དུ་བརྗོད་དེ།”༡ ཞེས་གསུངས་པ་འདི་ལ་བརྟག་པར་བྱ་བ་ཅུང་ཟད་ཡོད་དེ།


ཀ༽ སྐབས་འདིའི་རིགས་དང་བྱ་བ་སོགས་རང་བཞིན་བརྗོད་པའི་སྐབས་ཀྱི་རིགས་སོགས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བདེན་ཡང༌། དེ་གཉིས་ཆ་ཐམས་ཅད་ནས་མཚུངས་པར་བསྒྲུབ་མི་རིགས་ཏེ། རང་བཞིན་བརྗོད་པའི་ཐད་ཀྱི་རིགས་ནི། རང་དང་ཆོས་མཐུན་པའི་རིགས་ཅན་གྱི་དངོས་པོ་གཞན་བསྡུ་ནུས་པའི་ཁྱབ་ཁོངས་ཡངས་པའི་རང་བཞིན་ལྡན་ཞིང༌། སྤྱི་མིང་སྟོན་པའི་རིགས་ཤིག་ཡིན་ལ། འདི་ནི་རིགས་བྱེ་བྲག་པ་ཞིག་བརྗོད་པས་རང་གི་བྱེད་ལས་སམ་རིགས་གཞན་ལྡན་པའི་དངོས་པོའི་ཁྱད་ཆོས་གསལ་བར་བྱེད་པ་ཙམ་ལས། ཚིག་ལྷག་མ་རྣམས་རང་གི་རིགས་གཏོགས་སུ་གནས་དགོས་པའི་ངེས་པ་མེད་དེ། དཔེར་ན། སྙན་ངག་མེ་ལོང་གི་རྩ་བར། “ལྷོ་ཡི་རླུང་གིས་འཁྲི་ཤིང་ནི། །འདབ་མ་རྙིང་པ་ལྷུང་བར་བྱེད། །དུད་པའི་ལུས་ཅན་རྣམས་ཀྱི་ཡང༌། །ཁེངས་པ་གསར་དུ་འཇོམས་པར་ནུས། །” ཞེས་པ་འདིས་རྟོགས་ཐུབ་སྟེ། རིགས་བྱེ་བྲག་པ་ལྷོ་ཡི་རླུང་དེ་ཉིད་ཚིག་རྐང་བཞི་ཡི་ཐོག་མར་བཀོད་དེ། དེ་ཡི་ནུས་པས་འཁྲི་ཤིང་གི་འདབ་མ་རྙིང་པ་རྣམས་སར་ལྷུང་བར་བྱེད་པ་དང༌། ལང་ཚོས་དུད་པའི་ལུས་ཅན་མ་སྟེ་མཛེས་མ་རྣམས་རླུང་གིས་ལུས་བསིལ་བར་བྱས་པས། རང་གི་བདག་པོ་ལ་མི་འདུད་པའི་ཁེངས་པ་གསར་པ་དག་འཇོམས་པར་ནུས་སོ། ཞེས་ལྷོའི་རླུང་ནི་རླུང་གི་རིགས་ཤིག་ཡིན་པ་དང༌། འོག་གི་ཚིག་རྣམས་དེའི་བྱེད་ལས་ཀྱིས་འབྱུང་བ་མ་གཏོགས་གལ་ཏེ་(འཁྲི་ཤིང་དང༌། དུད་པའི་ལུས་ཅན་རྣམས)རིགས་ཅན་དུ་འགྲེལ་ཚེ་ངོ་བོ་གང་ཞིག་མཚོན་བྱེད་དུ་མི་འགྱུར་རོ། དེ་ལྟར་རང་བཞིན་བརྗོད་པ་དང་གསལ་བྱེད་ཀྱི་རྒྱན་གྱི་སྐབས་རིགས་ཞེས་པ་གཉིས་ཀར་སྒྲ་འདྲ་ཡང་དོན་གྱི་ངོ་བོ་ཐ་དད་དུ་སྣང་བ་འདི་འགག་རྩའི་འབྱེད་ཆོས་ཡིན་ཞིང༌། རྒྱལ་དབང་ལྔ་པ་རང་ཉིད་ཀྱི་<<དབྱངས་ཅན་དགྱེས་གླུ་>>ལས། “རང་བཞིན་བརྗོད་པའི་སྐབས་ཡལ་འདབ་སོགས་དང་ལྡན་པའི་ཤིང་གི་རིགས་བརྗོད་པས། མཚན་ཉིད་དེ་ལྡན་གྱི་རིགས་མཐའ་དག་གོ་ནུས་པ་ཡིན་ལ། འདིར་ནི་རིགས་སོགས་གང་བརྗོད་པའི་གསལ་བྱེད་ཀྱི་ཚིག་ཐོག་མཐའ་བར་གསུམ་གང་ན་ཡོད་པ་དེས། ཚིག་གཞན་གསལ་ནུས་པ་ཞིག་དགོས་པས་མི་འདྲ་བའི་ཁྱད་པར་རོ།” ཞེས་གསུངས་པ་འདིས་“སྔར་རང་བཞིན་བརྗོད་པའི་སྐབས་དང་འདྲ་བའི་རིགས་དང༌།” སོགས་ཅི་ལྟར་བརྗོད། ཀློག་མཁན་རྣམས་ཀྱི་མགོ་བོ་ཇེ་རྨོངས་སུ་བཏང་ངོ། །དེ་བཞིན་བྱ་བ་དང་ཡོན་ཏན་གཉིས་ཀྱང་བརྗོད་ཚུལ་དྲང་འཁྱོག་གི་རྣམ་དབྱེ་ཡོད་པ་བཤད་མ་དགོས་པར། མཚོན་སྟངས་ཀྱི་ཁྱད་པར་ཡང་དཔེར་བརྗོད་རེ་རེའི་གདོང་ན་མ་འདྲེས་པར་གསལ་འདུག་པས་ཡི་གེ་མང་བར་འཇིགས་ནས་མ་བྲིས། སྐབས་འདིའི་རྫས་སུ་ཁྱབ་འཇུག་འདོད་པ་དང་ཁྱབ་འཇུག་གི་ནུས་པ་འདོད་པའི་ལུགས་གཉིས་ཡོད་ཀྱང༌། ལེགས་པར་དཔྱད་ཚེ་དེ་གཉིས་སོ་སོར་འབྱེད་པའི་དགོས་པ་མ་མཐོང་སྟེ། ཁྱབ་འཇུག་དང་དེའི་ནུས་པ་གཉིས་རྒྱུད་གཅིག་གིས་རྫས་སུ་བྱས་ཏེ་འོག་མའི་ཚིག་རྣམས་གསལ་བར་བྱེད་པ་ཡིན་ལ། དེ་མིན་ཁྱབ་འཇུག་གམ་ཡང་ན་རྣམ་གནོན་ལ་གནས་པ་གང་རུང་རྫས་ཀྱི་ངོ་བོར་བཏགས་ཚེ། སྐབས་དོན་སྟོན་མི་ནུས་པའམ་ཚིག་སྔ་ཕྱི་འབྲེལ་མེད་དུ་འགྱུར་འགྲོ་བས། རྩ་བར། ཁྱབ་འཇུག་རྣམ་གནོན་ལ་གནས་པས། །ཞེས་པའི་ཚིག་རྐང་རིལ་བོ་འདིར་བསྟན་གྱི་རྫས་སུ་བྱས་ཏེ། ཚིག་ལྷག་མ་དཱ་ནུའི་བུའི་འབྱོར་བ་མིང་མེད་དུ་བཏང་བ་དང༌། ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་གཞན་གང་ན་གནས་པ་ཀུན་བླངས་ཏེ་དར་བར་བྱས་པ་དེའི་ནུས་པ་ཡིན་པར་གོ་རིགས་ཏེ། རྒྱལ་དབང་ལྔ་པ་ཆེན་པོས། “གང་གིས་ན་གང་ཟག་གཅིག་གིས་རང་མཚན་དུ་བཟུང་བའི་རྫས་གཞན་སྡེ་རྣམ་པར་གནོན་པའི་མཐུ་ལ་གནས་པའི་ཁྱབ་འཇུག་གིས་སོ།” ཞེས་གསུངས་པ་ལས་ལྷག་པའི་གཏན་ཚིགས་གཞན་འདྲེན་པའི་ངལ་བ་བསྟེན་མི་དགོས་སྙམ་མོ། །


ཁ༽ གོང་འཁོད་རྒྱལ་དབང་ལྔ་པའི་གསུང་ལས་རིགས་དང། བྱ་བ། ཡོན་ཏན། རྫས་རྣམས་ལ་ཚིག་གཅིག་ཐོག་མཐའ་བར་གསུམ་གང་ལ་གནས་པ་ཡིས། ཞེས་གསུངས་པ་ནི་པར་ཡིག་མི་འདྲ་བ་ཁ་ཤས་ལ་བལྟས་ཀྱང་དེ་གར་འཁོད་འདུག་པས་ཡིག་སྐྱོན་མིན་པར་ངེས། དེ་ལྟ་ན་གསལ་བྱེད་ཀྱི་ཚིག་རིགས་དང་བྱ་བ་སོགས་ཡིན་དགོས་པར་མ་ཟད། གསལ་བྱའང་དེ་མཐུན་གྱི་རིགས་སོགས་ཀྱི་དངོས་པོ་ཞིག་ཡིན་དགོས་ཏེ། རིགས་དང༌། བྱ་བ། ཡོན་ཏན། རྫས་རྣམས་ལ་ཞེས་པས་གསལ་བྱ་བསྟན་ལ། དེ་ལ་ཡང་བསྐྱར་རིགས་སོགས་ལས་ཚིག་གཅིག་ཐོག་མཐའ་བར་གསུམ་གང་རུང་ལ་ཞུགས་པས། མིང་གི་བརྗོད་ཚུལ་མི་འདྲ་བ་ཙམ་མ་གཏོགས་དོན་གྱིས་ཁྱད་ཆོས་དེ་ལྡན་གྱི་དཔེར་བརྗོད་རྣམས་རང་བཞིན་བརྗོད་པའི་རིགས་སོགས་ལས་མ་འདས་ཤིང༌། གསལ་བྱ་དང་གསལ་བྱེད་གཉིས་ཆ་རིགས་སམ་ཡང་ན་རྫས་ལས་གུད་དུ་མེད་ན། རིགས་ཐོག་གསལ་དང༌། བྱ་བ་མཐའ་གསལ། རྫས་ཐོག་གསལ་སོགས་རྐང་པའི་གནས་གསུམ་དུ་དམིགས་ཀྱིས་བཀོད་པར་དོན་མ་མཆིས་ཏེ། ཚིགས་བཅད་རིལ་བོ་རྫས་སོགས་སུ་ངེས་པའི་ཕྱིར། དེ་ལྟ་བུ་འདོད་མཁན་རིགས་ཧ་ཅང་ཧམ་པ་ཆེ་བའི་རྟགས་ཡིན་པས་ཁོང་གི་དགོངས་ཕུགས་དེ་འདྲ་ག་ལ་ཡིན་སེམས་སོ། འདིའི་འབྱུང་རྐྱེན་གཙོ་བོ་ནི་གསལ་བྱེད་ཅེས་པའི་ཚིག་ལ་གོ་བ་གཏིང་ཆོད་པའི་སྒོ་ནས་འགྲེལ་པ་ཁ་གསལ་ཞིག་མ་མཛད་པའི་སྐྱོན་ཡིན་ཡང༌། མཁས་པའི་གྲགས་པ་གླིང་བཞིར་ཁྱབ་པ་ཁོང་གིས་དེ་ལྟར་བྱས་པ་རེད་ཅེ་ན། ཉི་འོད་ཀྱིས་མུན་པ་མི་སེལ་ཞེས་པའི་དཔེར་འགྲོ་བས་ཡིག་མཁན་གྱི་སྐྱོན་ནམ། ཡང་ན་ཐུགས་མཉམ་མ་མཛད་པའི་རྟགས་མིན་ནམ་སྙམ། འོ་ན་གསལ་བྱེད་ཅེས་པ་ཇི་འདྲ་ཡིན་དགོས་སྙམ་ན། འདི་ནི་སྒྲ་གཅིག་གིས་གོ་ཕྱོགས་མི་འདྲ་བ་དུ་མར་ཁྱེར་འགྲོ་བ་སྟེ། དཔེར་ན། བྱེད་པའི་ལས་མཚོན་པར་བྱེད་པ་ལ་བྱེད་ལས་གསལ་བྱེད་ཅེས་མཚོན་བྱེད་ལ་འཇུག་པ་དང༌། གོང་འཁོད་ཀྱི་རིགས་པས་འོག་མའི་ཚིག་རྣམས་གོ་བར་བྱེད་པ་ལ་ཚིག་རྣམས་གསལ་བར་བྱེད་ཅེས་གོ་རྟོགས་ཀྱི་ནུས་པར་འཇུག་པ་སོགས་ལས། སྐབས་འདིའི་གསལ་བྱེད་ཅེས་པ་ཕྱི་མའི་དོན་ལ་གོ་དགོས། དེ་འདྲའི་གོང་འོག་གི་དོན་གསལ་བྱེད་དམ་གོ་བྱེད་ཀྱི་ནུས་པ་ལྡན་པའི་ཚིག་ནི། རིགས་དང༌། བྱ་བ། ཡོན་ཏན། རྫས་རྣམས་ཡིན་ལ། གསལ་བྱ་ནི། གསལ་བྱེད་ཀྱི་གོང་འོག་གི་ཚིག་ལྷག་མ་རྣམས་ཡིན་ཞིང༌། འགའ་ཞིག་གིས་དེ་ནི་གསལ་བྱེད་ཀྱི་ཚིག་རིགས་སོགས་དང་མཐུན་པ་སྟེ། དེ་དག་ཀྱང་རིགས་སོགས་ཡིན་པར་སྨྲ་བ་ནི་མནོ་བསམ་ཞིབ་མོར་གཏོང་དགོས་པའི་གནད་ཅིག་རེད། གོང་དུ་ཅུང་ཟད་བརྗོད་པ་བཞིན། གསལ་བྱའི་ཚིག་དེ་རྣམས་རིགས་སོགས་གང་ཡིན་ལ་དོགས་པ་ཟ་མ་དགོས་པར། གཙོ་བོ་གསལ་བྱེད་ཀྱི་ནུས་པས་གྲུབ་པ་ཡིན་མིན་ལ་བལྟ་དགོས། ཁ་ཅིག་གིས་དེ་ལྟར་མ་བྱས་པའི་རྐྱེན་གྱིས་མེ་ལོང་མའི་རྩ་བའི་བྱ་བ་བར་གསལ་གྱི་དཔེའི་སྐབས། “དྲི་གཞོན་དལ་བུ་འགྱུར་བྱེད་དེ། །ཟླ་བ་དག་ཀྱང་མེ་རུ་འགྱུར། །” ཞེས་པའི་ཚིག་རྐང་གཉིས་ལས་གང་ཞིག་བྱ་བ་གསལ་བྱེད་ཡིན་ཁ་ཚོན་མ་ཆོད་པར་ཉེས་བཤད་ལྷུག་པོར་སྤེལ་དགོས་བྱུང་བ་རེད། དེ་བཞིན་གསལ་བྱའི་ཚིག་དེ་དག་ལ་བྱ་བ་སོགས་སྟོན་པའི་ནུས་པ་མེད་སྟབས། གསལ་བྱེད་ཅེས་པའི་ཚིག་འདི་གནས་གསུམ་དུ་བཀོད་པ་རེད། ཚུལ་ཇི་ལྟ་བའི་སྒོ་ནས་གསལ་ཞེ་ན། སྙན་ངག་མེ་ལོང་མའི་རྩ་བར་རིགས་བར་གསལ་གྱི་དཔེར། “གར་བྱེད་ནི་ཙུ་ལ་ཕང་དུ། །གླུ་དབྱངས་ལེན་ནོ་མཇུག་སྒྲོ་ཅན། །དགའ་བས་རྒྱས་པའི་མིག་དག་ཀྱང༌། །ཆུ་འཛིན་ལ་ནི་གཏོད་པར་བྱེད། །”ཅེས་པའི་དོན་རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས། “རྣམ་འགྱུར་ཡིད་དུ་འོང་བའི་གར་བྱེད་དོ། གང་དུ་ན་ཤིང་ནི་ཙུ་ལ་ལོ་འདབ་རྒྱས་པའི་ཕང་དུ་སྟེ་ཡལ་གའི་སྟེང་དུའོ། དེར་མ་ཟད་སྐད་གདངས་ཤིན་ཏུ་སྙན་པའི་གླུ་ཡང་ལེན་པར་བྱེད་པ་ཡིན་ནོ། སུ་ཞིག་གིས་ན། རྨ་བྱ་མཇུག་སྒྲོ་ཅན་གྱིས་སོ། དབྱར་གྱི་དུས་ལ་བབ་པ་ན། དགའ་བ་རྣམ་པར་རྒྱས་པའི་མིག་དག་ཀྱང༌། ཆུ་འཛིན་སྔོན་པོ་འབྲུག་གི་སྒྲ་དབྱངས་ཅན་ལ་ནི་ཅིག་ཆར་དུ་གཏོད་པར་བྱེད་དེ་ལྟའོ། འདིར་མཇུག་སྒྲོ་(ཅན)ཞེས་རྨ་བྱའི་རིགས་བརྗོད་པའི་བར་ན་ཡོད་པས་ན། རིགས་བརྗོད་བར་གྱི་གསལ་བྱེད་ཅེས་པའོ།”༣ ཞེས་གསུངས་པ་ལྟར་མཇུག་སྒྲོ་ཅན་གྱི་རྨ་བྱ་རིགས་སུ་བྱས་ཏེ། དེས་རང་གི་རིགས་ཅན་ཀུན་ལ་ཁྱབ་ནུས་པའི་ཁྱད་ཆོས་སྟོན་པ་མ་ཡིན་པར། གླུ་དབྱངས་ལེན་པ་དང༌། གར་བྱེད་པ། དགའ་བས་རྒྱས་པའི་མིག་གིས་ལྟ་བར་བྱེད་མཁན་ནི་རྨ་བྱ་ཡིན་པ་གསལ་བའམ་གོ་ནུས་པ་བསྟན་ཏོ། དེ་ལྟར་གསལ་བྱེད་ཅེས་པའི་ངེས་དོན་ལ་འགྲེལ་བཤད་བོགས་ཐོན་ཞིག་མ་བྱས་པར་སྨུག་ཁྲོད་དུ་འཁྱམས་པའི་ཁྭ་ཏའི་ཨག་སྐད་ཀྱིས་དཔྱིད་དཔལ་བཞད་མི་ཐུབ་པ་མཐོང་ཆོས་སུ་གྲུབ་པས། དེ་ལ་མཁས་པ་ཚད་ལྡན་གྱི་གསུང་ཞིག་རྒྱབ་ལྗོངས་སུ་མེད་མི་འོས་པས། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས། “རིགས་དང༌། བྱ་བ། ཡོན་ཏན། རྫས་བཞི་ཐོག་མ་བར་མཐའ་གང་ཡང་རུང་བའི་ཚིག་གཅིག་ན་གནས་པ་དེ་ཡིས། གལ་ཏེ་ཚིགས་སུ་བཅད་པ་དེའི་ངག་གི་རྒྱུན་ཀུན་ལ་ཕན་ཞིང་གསལ་བར་བྱེད་ན། དེ་ནི་གསལ་བྱེད་ཀྱི་རྒྱན་ཞེས་པར་བརྗོད་དེ་དཔེར་ན་ཞེས་སོ།།”༤ ཞེས་གསུངས་པ་དང༌། ཡང་སྒྲ་དབྱངས་རྒྱ་མཚཱུའི་འཇུག་ངོགས་ལས་རྫས་ཐོག་གསལ་གྱི་དཔེར་བརྗོད་དུ། “ཆུ་བོའི་གཏེར་འདི་རླབས་ཀྱི་ཕྲེང་བ་མང༌། །དུས་ལས་ཡོལ་བ་མེད་པར་འཕེན་ཞིང་དེ། །རིང་ནས་རྣ་བའི་གྲགས་འབར་དོན་མཐུན་ཚོགས། །རེ་བ་སྙིང་ལ་བཀོད་དེ་འཇུག་པའི་གནས།"༥ ཞེས་གསུངས་པ་ལྟར། གསལ་བྱེད་ཀྱི་རྒྱན་གྱི་ངོ་བོ་དང་དཔེར་བརྗོད་མ་ནོར་ཞིང་འབྲེལ་ཆགས་པའི་སྡོམ་ཚིག་འདི་འདྲ་ཞིག་འོང་བར་འབད་གལ་ཆེའོ། །

 

གཉིས་པ། རང་བཞིན་བརྗོད་པ་དང་གསལ་བྱེད་ཀྱི་རྒྱན་གཉིས་བར་ཐོག་མའི་འབྲེལ་བ་བྱུང་སྟངས་སྐོར་རགས་ཙམ་བཤད་པ།


སྙན་ངག་ལེའུ་གཉིས་པའི་ནང་ཚན་རང་བཞིན་བརྗོད་པ་དང༌། གསལ་བྱེད་ཀྱི་རྒྱན། སྐོར་བའི་རྒྱན། ཁྱད་པར་བརྗོད་པའི་རྒྱན། ལྷན་ཅིག་བརྗོད་པའི་རྒྱན་ལྔ་རིགས་སོགས་བཞིའི་སྒོ་ནས་བརྗོད་ཡོད་པར་བསམ་ན། འདི་དག་གི་བར་མི་མངོན་པའི་གསང་ཐག་ཅིག་གིས་སྦྲེལ་ཡོད་པ་གོ་ནུས་ཀྱང༌། རྒྱན་སོ་སོའི་ངོ་བོ་ངེས་བསྟན་སྐབས་ཐུན་མིན་གྱི་ཁྱད་ཆོས་རེ་ཟུར་འདོན་བྱས་པ་དེ། རྒྱན་གཅིག་གི་དབྱེ་ཆོས་མིན་པའི་དཔང་རྟགས་སུ་གཞག་ཆོག འོན་ཀྱང་རང་བཞིན་བརྗོད་པ་དང་གསལ་བྱེད་ཀྱི་རྒྱན་གཉིས་ངོ་བོའི་ཆ་ནས་ཚིག་གཅིག་གིས་ཚིག་གཞན་གསལ་ནུས་མིན་དང༌། བརྗོད་ཚུལ་གྱི་ཆ་ནས་དྲང་འཁྱོག་གི་དབྱེ་བ་ཙམ་མ་གཏོགས་བརྗོད་བྱ་དང་རྗོད་བྱེད་གང་རུང་རིགས་སོགས་ལ་བརྟེན་ནས་གྲུབ་པ་འདི། ཐོག་མའི་ནོར་འདྲེས་འབྱུང་བའམ་འབྲེལ་བ་གྲུབ་པའི་རྒྱུ་རྐྱེན་གྱི་ས་བོན་ཙམ་ཡིན། ས་བོན་དེས་བསྐྱེད་པའི་འབྲས་བུ་ནང་གསེས་དཔེར་བརྗོད་ཁག་ལ་དབྱེ་བསལ་མེད་པར་རྗེས་བཟློས་སུ་བྲིས་པ་སྟེ། དཔེར་ན། རྒྱལ་དབང་ལྔ་པ་ཆེན་པོས་རིགས་ཐོག་གསལ་གྱི་དཔེར། "ནེ་ཙོ་སྨྲ་བའི་མཆུ་ལྡན་ཅན། །མརྒད་མདངས་ཀྱི་སྒྲོ་གཤོག་ངོམ། །དཀར་ནག་དམར་བའི་མགྲིན་པ་ཅན། །སྐྱེ་བོ་འགའ་ཡི་ཡིད་དུ་འོང༌།”༦ ཞེས་པ་འདི་ལྟ་བུ་མང་དུ་འབྱུང་ཞིང་འབྲི་སྤེལ་བྱེད་དགོས་པའི་དུས་ལ་བབས་པ་ཡིན་མོད། འདི་འདྲའི་རིགས་རྒྱན་གང་དུ་གཏོགས་མིན་གཤམ་དུ་ལེ་ཚན་གཅིག་བྱས་ནས་བརྗོད་ཆོག གཉིས་ཀ་རིགས་དང༌། བྱ་བ། ཡོན་ཏན། རྫས་བཞིས་བརྗོད་དགོས་པའི་རྐྱེན་གྱིས་དེ་གཉིས་ལ་ཕྱོགས་གཅིག་གི་འབྲེལ་བ་གྲུབ་པ་དང༌། ཕྱོགས་གཅིག་གི་འབྲེལ་བ་དེ་ཡང་མ་བརྟག་ཉམས་དགའི་ངོར་བཏང་སྙོམས་སུ་བཞག་ན། ལུས་དང་ཡན་ལག་ཐམས་ཅད་ལ་ཁྱབ་པའི་བྱེད་ནུས་ཅན་ཞིག་ཏུ་འགྱུར་མོད། དངོས་སུ་དཔྱད་ན་འབྲེལ་བ་དེ་ཤིན་ཏུ་ཕྲ་བའམ་ལྐོག་གྱུར་གྱི་གསང་བ་ཞིག་ཡིན་ཡང་སྲིད་དེ། “ཚིག་གི་སྒྲ་ཙམ་འདྲ་ན་ཡང༌། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །” ཞེས་དང༌། ཡང་“སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །” ཞེས་གསུངས་པ་ལྟར་རིགས་དང་བྱ་བ་སོགས་ལ་ནང་གསེས་ཀྱི་འཇུག་དོན་རེ་རེ་ཡོད་པ་མ་མཁྱེན་པའི་ཚུལ་བསྟན་མཛད་པའི་ཞད་ཅིག་མེད་དམ་སྙམ། དེ་ལྟར་རང་བཞིན་བརྗོད་པའི་རིགས་དང༌། གསལ་བྱེད་ཀྱི་རིགས་གཉིས་གང་ཟག་དང་དངོས་པོ་གང་ཞིག་གི་རིགས་ཡིན་པ་འདྲ་འདྲ་རེད། ཡིན་ནའང་དེ་ལ་རང་གི་རིགས་ཅན་ཀུན་ལ་ཁྱབ་ནུས་པའི་གཞན་གཅོད་ཀྱི་རིགས་དང༌། རང་གི་བྱེད་ནུས་ཙམ་གྱིས་ཚིག་གཞན་གསལ་བའམ་གོ་ཐུབ་པའི་རིགས་གཉིས་ཀྱིས་བརྗོད་དོན་མི་འདྲ་བ་སྟོན་པའི་ནུས་པ་རང་ཆས་སུ་གྲུབ་པ་ནི། སོ་སོའི་ཁྱད་ཆོས་ཡིན་པ་དང༌། དེ་བཞིན་བྱ་བ་དང༌། ཡོན་ཏན། རྫས་སོགས་ལའང་དེ་འདྲའི་ཁྱད་པར་གྱི་རང་བཞིན་ཞིག་ངེས་པར་ལྡན་དགོས་ཏེ། ཨ་ལགས་ཞབས་དྲུང་ཚང་གི་<<སྙན་ངག་སྤྱི་དོན།>>ལས། “དེ་ཡང་རིགས་བྱ་བ་ཡོན་ཏན་རྫས་བཞི་པོ་གང་ཡིན་རང་རང་བརྗོད་བྱའི་གཙོ་བོར་བྱས་པའི་ཆ་ནས་དེ་དང་དེའི་དཔེར་བརྗོད་དུ་འགྲོ་བ་ཡིན་གྱི། གལ་ཏེ་རིགས་བརྗོད་པའི་སྐབས་སུ་བྱ་བ་སོགས་གསུམ་པོ་གང་ཡང་འདྲེ་མི་རུང་བ་དང༌། རྫས་བརྗོད་པའི་སྐབས་སུ་རིགས་སོགས་གསུམ་པོ་གང་ཡང་འདྲེ་མི་རུང་བ་ཞིག་ཡིན་དགོས་ན་དེ་འདྲའི་བརྗོད་བྱ་ཞིག་སུས་ཀྱང་རྙེད་དཀའ་ལ། དེའི་ཕྱིར་རིགས་སོགས་སྐབས་སུ་གང་བརྗོད་བྱའི་གཙོ་བོར་བྱས་པ་དེའི་ཐད་ནས་རང་བཞིན་བརྗོད་པའི་རྒྱན་བཞི་པོའི་ཁྱད་པར་མ་འཛིངས་ཤིང་མ་འདྲེས་པར་ཤེས་པར་མཛོད་ཅིག”༧ ཅེས་གསལ་བོར་གསུངས་པ་བཞིན། རྒྱན་གང་ཞིག་ཡིན་ན་དེའི་ཁྱད་ཆོས་ཐུན་མོང་མིན་པ་དག་རྩལ་འདོན་གྱིས་བཤད་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་བས། འོག་ཏུ་རིགས་སོགས་ཀྱི་སྐོར་ཡང་བསྐྱར་ཅུང་ཟད་བརྗོད་དོ། །


ཀ༽ སྤྱིར་ན་རིགས་ཞེས་པའི་ཐ་སྙད་ཀྱི་གོ་ཕྱོགས་ནི། མཁས་དབང་དོན་འགྲུབ་རྒྱལ་གྱིས། “འོ་ན། རིགས་ཞེས་པ་དེ་ཡིན་གཅིག་མིན་གཉིས་རིགས་མཐུན་གྱི་དངོས་པོ་སྤྱི་ལ་ཁྱབ་དགོས་སམ་ཞེ་ན། དེ་ཡང་མ་ངེས་ཏེ། རིགས་ཞེས་པ་ལ་དགར་ཚུལ་སྣ་ཚོགས་ཤིང་གཏན་ཚིགས་མི་འདྲ་བ་དུ་མས་སྒྲུབ་ཏུ་ཡོད་ཀྱང༌། སྤྱིར་བཏང་དུ་སེམས་ལྡན་དང་སེམས་མེད་གཉིས་སུ་དབྱེ་ཆོག དབྱེ་བ་ཆེན་པོའི་ནང་དུ་འབྲིང་ཆུང་ཅི་རིགས་པ་འབྱུང་སྟེ།”༨ ཞེས་གསུངས་པ་ལྟར། རིགས་ཞེས་པ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་གྱི་སྟེང་ནས་དབྱེར་འོས་པ་ཡིན་མོད། དེ་ལ་ནང་གསེས་སྤྱི་ཁྱབ་སྟོན་པའི་རིགས་(མི་ལྟ་བུ)དང༌། དངོས་པོ་བྱེ་བྲག་པ་སྟོན་པའི་རིགས་(གསེར་བུམ་ལྟ་བུ)དང༌། རུས་རྒྱུད་ཀྱི་ངེས་པ་སྟོན་པའི་རིགས་(ལྷའི་བུ་མོ་ལྟ་བུ)སོགས་དུ་མ་ཡོད་པ་ལས། རང་བཞིན་བརྗོད་པའི་སྐབས་ཀྱི་རིགས་ནི། རང་དང་ཆོས་མཚུངས་པའི་རིགས་ཅན་གྱི་དངོས་པོ་སྤྱིའི་མིང་སྟོན་པ་ཤས་ཆེ་ཞིང༌། བརྗོད་བྱའང་རིགས་དེ་ཉིད་ཡིན་དགོས་པར་མ་ཟད་ཁྱབ་ཁོངས་ཡངས་པའི་རང་བཞིན་ལྡན་པ་ཞིག་དགོས། མཁས་པ་འགའ་ཞིག་གིས་བྱ་བ་དང་ཡོན་ཏན་རྫས་གསུམ་པོ་ཡང་རིགས་རང་བཞིན་བརྗོད་པའི་ཁྱབ་ཁོངས་སུ་བསྡུས་ཏེ། དེ་རེ་རེའི་སྟེང་ན་རིགས་ཀྱི་རྣམ་པ་ངོས་འཛིན་བྱེད་པ་ནི་བསམ་བློ་ཐལ་དྲགས་པའི་ཞད་ཅིག་མེད་དམ་སྙམ་སྟེ། གལ་ཏེ་འདི་དག་རིགས་ཀྱི་རང་བཞིན་བརྗོད་པར་འདོད་ཚེ། སྐབས་དོན་གྱི་ངོ་བོ་རབ་རིབ་སབ་སུབ་ཏུ་འགྱུར་རོ། །

གསལ་བྱེད་ཐད་ཀྱི་རིགས་ནི། དངོས་པོ་བྱེ་བྲག་པ་སྟོན་པའི་མིང་ངམ་རུས་རྒྱུད་ཀྱི་ངེས་པ་སྟོན་པའི་མིང་གང་རུང་ཡིན་པས་འཐུས། འོན་ཀྱང་སྐབས་འདིའི་རིགས་ནི་རྗོད་བྱེད་ཀྱི་ཚིག་ཡིན་པ་ལས་བརྗོད་བྱའི་དོན་གཏན་ནས་ཡིན་མི་དགོས། དེ་མ་ཟད་རང་གི་བྱེད་ནུས་ཀྱི་ངོ་བོ་ཙམ་སྟོན་པས་ཆོག་གམ་སྐམ། རང་བཞིན་བརྗོད་པའི་སྐབས་དེ་ལས་ལྡོག་སྟེ་ཆོས་མཐུན་གྱི་དངོས་པོ་སྤྱི་ལ་ཁྱབ་པ་ཞིག་དགོས་ཏེ། མེ་ལོང།རྩ་བར། ནེ་ཙོ་བཀོད་པ་བཞིན་ནོ། གལ་ཏེ་དེ་ནི་ནེ་ཙོ་བྱེ་བྲག་པའི་རིགས་བརྗོད་པས་སྤྱི་ཁྱབ་སྟོན་བྱེད་ཀྱི་སྒྲར་མི་འགྱུར་རོ་ཟེར་ན། རྒྱུ་མཚན་གོང་དུ་སྨོས་པ་བཞིན། <<བོད་མཁས་སྙན་འགྲེལ་>>ལས། “ཞེས་ནེ་ཙོ་སྤྱིའི་རིགས་ལ་ཁྱབ་པའི་ཆོས་སྣ་ཚོགས་བརྗོད་པས་གསལ་བར་བྱས་པའོ།”༩ ཞེས་དང༌། ཡང་<<རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ།>> ལས། “འོ་ན་གང་ཡིན་ཞེ་ན། སློབ་དཔོན་རཏྣ་ཤྲཱིས་ཚིག་ནི་སྒྲའོ་ཞེས་གསུངས་པ་དེ་ཡིན་ནོ། ཞེས་འབྱུང་བའང༌། འདིར་ནེ་ཙོ་སྤྱི་ལ་ཁྱབ་པའི་རིགས་བརྗོད་པ་ཡིན་པས་ལེགས་པར་བཤད་པ་ཁོ་ནའོ།”༡༠ ཞེས་གསུངས་པ་ལྟར་ནེ་ཙོ་སྤྱི་ཞེས་པ་ཁྱད་ཆོས་དེ་ལྡན་གྱི་ནེ་ཙོའི་རིགས་མཐའ་དག་གོ་ནུས་པའི་རྟགས་ཀྱིས་སོ། །


ཁ༽ བྱ་བ་ཞེས་པའི་ཐ་སྙད་ཀྱི་གོ་ཕྱོགས་ནི། <<ཚངས་སྲས་བཞད་པའི་སྒྲ་དབྱངས་>>ལས། “བྱ་བ་བརྗོད་པ་ལའང༌། ཁྱད་གཞི་ཙམ་དང་འབྲེལ་བ་དང༌། ཁྱད་གཞི་ཁྱད་ཆོས་གཉིས་ཀ་དང་འབྲེལ་བ། དེ་དག་གང་ཡང་མ་འབྲེལ་བར་བྱ་ཚིག་ཙམ་བརྗོད་པ་དང་གསུམ་ལས། འདི་ནི། ཁྱད་གཞི་དང༌། ཁྱད་ཆོས། བྱ་ཚིག་སྟེ་གསུམ་མམ། བྱེད་པ་པོ་དང༌། བྱ་ཡུལ། བྱ་བ་གསུམ་དངོས་སུ་སྨྲས་པས། གཙོ་བོ་ཁྱད་གཞི་དེའི་བྱ་བའི་རང་བཞིན་དྲང་བོའི་ལམ་ནས་བརྗོད་པ་དང༌།”༡༡ ཞེས་གསུངས་པ་བཞིན། རང་བཞིན་བརྗོད་པའི་སྐབས་ཀྱི་བྱ་བ་ནི། ཁྱད་གཞི་ཁྱད་ཆོས་གཉིས་ཀ་བྱ་ཚིག་དང་དངོས་སུ་འབྲེལ་དགོས་ལ། བྱ་ཚིག་དེའང་སྤྱིར་བཏང་ཙམ་མ་ཡིན་པར་ཁྱད་གཞི་ཁྱད་ཆོས་གཉིས་ཀའི་ནུས་པའམ་རང་བཞིན་དང་ངོ་བོ་གཅིག་པའི་ཚུལ་གྱིས་ཡོད་དགོས་སོ། གསལ་བྱེད་ཐད་ཀྱི་བྱ་བ་ནི། ཁྱད་གཞི་ཙམ་དང་འབྲེལ་བསྟེ། བྱ་ཚིག་དེའི་ནུས་པས་ཁྱད་གཞི་གཅིག་གིས་ཁྱད་ཆོས་དུ་མ་སྟོན་པ་མ་ཡིན་པར། ཁྱད་གཞི་མི་འདྲ་བས་ཁྱད་ཆོས་སྣ་ཚོགས་པ་སྟོན་པ་གོ་ནུས་ཤིང༌། འདི་ལ་བྱེད་པོ་དང༌། བྱ་ཡུལ། བྱ་བ་གསུམ་དངོས་སུ་ཚོགས་མི་དགོས་པར་བྱ་ཚིག་བརྗོད་པས་འཐུས་སོ། །


ག༽ ཡོན་ཏན་ཞེས་པའི་ཐ་སྙད་ཀྱི་གོ་ཕྱོགས་ནི། མཁས་དབང་དོན་འགྲུབ་རྒྱལ་གྱིས། “ཡོན་ཏན་ཞེས་པ་འདི་ལ་སྒྲ་པ་རྣམས་ཀྱིས་ལུང་རིགས་ཀྱིས་སྒྲུབ་པ་ཇི་ལྟར་བྱས་ཀྱང༌། རང་རེའི་འཚོ་བའི་ནང་དུ་གོ་དོན་མི་འདྲ་བ་དུ་མ་མཆིས་པར་སྣང་སྟེ།”༡༢ ཞེས་གསུངས་ནས་རྣམ་གྲངས་མི་འདྲ་བ་ལྔ་བཀོད་པ་ལས། རང་བཞིན་བརྗོད་པའི་སྐབས་ཀྱི་ཡོན་ཏན་ནི། དབྱེ་ཚུལ་གཉིས་པ་མཐུ་དང་ནུས་པ་ལ་གོ་བ་ཡིན་ཏེ། <<སྙན་ངག་སྤྱི་དོན་>>ལས། “རང་གི་མཐུ་དང་ནུས་པ་བརྗོད་བྱར་བྱས་ཏེ་དྲང་བོར་བརྗོད་པའི་ཆ་ནས་ཡོན་ཏན་རང་བཞིན་བརྗོད་པ་སྟེ།”༡༣ ཞེས་གསུངས་པ་ལྟར། དངོས་པོ་གང་དང་གང་གི་མཐུ་དང་ནུས་པ་སྐབས་འདིའི་ཡོན་ཏན་དུ་འདོད་ན་ཤིན་ཏུ་འོས་འཚམ་ཆེ་སྟེ། འདིས་ཁྱབ་ཆེ་བའི་བརྗོད་དོན་ཕུན་སུམ་ཚོགས་པ་སྟོན་ཐུབ་ལ། རྒྱན་གཞན་དང་ནོར་འདྲེས་མི་འབྱུང་བའི་ཕན་རླབས་མངོན་མཚན་པ་ཞིག་སྟེར་ཐུབ། དེ་མིན་ཕྱི་རོལ་པས་འདོད་པ་ལྟར་གྱི་(རྡུལ་མུན་སྙིང་སྟོབས)ཡོན་ཏན་དང༌། སྐྱོན་ཡོན་གཉིས་སུ་ཕྱེ་བའི་ (བཟང་ཆ་དང་ཕན་པ་ལ་འཇུག་པ) ཡོན་ཏན། གཟུགས་སྒྲ་སོགས་འདོད་ཡོན་ལྔའི་ཡོན་ཏན་སོགས་ལ་གོ་ན་ཁྱབ་ཆུང་ཞིང༌། མཚན་ཉིད་རང་རྐང་ཐུབ་པ་ཞིག་གཞག་དཀའ་བའི་ཚད་དུ་སླེབས་ངེས་ཡིན་པས། གོང་བཞིན་བྱས་ན་སྐྱོན་དེ་དག་བཟློག་ནུས་པར་མ་ཟད། མཁས་པ་མང་པོས་འདིའི་ཐད་ལ་སྒྲུབ་བྱེད་ལྷུག་པོར་གསུངས་ཡོད་ཀྱང༌། ཧ་ཅང་རྒྱས་དོགས་ནས་མ་བཀོད་དོ། གསལ་བྱེད་ཐད་ཀྱི་ཡོན་ཏན་ནི། འདོད་ཡོན་ལྔའི་ཡོན་ཏན་ལ་གོ་བ་སྟེ། འདི་ནི་རང་བཞིན་བརྗོད་པའི་སྐབས་ཀྱི་ཡོན་ཏན་ལས་ཅུང་ཁྱབ་ཆུང་ཞིང་གུ་ཡངས་པའི་རྣམ་པ་ཅན་ཞིག་ཡིན། འོ་ན། ཁྱོད་ལ་འདིའི་སྐབས་ཀྱི་ཡོན་ཏན་ནི་འདོད་ཡོན་ལྔའི་ཡོན་ཏན་ཡིན་པའི་སྒྲུབ་བྱེད་ཅི་ཡོད་ཅེ་ན། དེ་ནི་གནའ་དེང་གི་མཁས་པ་རྣམས་ཀྱི་སྙན་ངག་དཔེར་བརྗོད་ཁག་ལ་ཞིབ་མོར་བལྟས་ན་ཤིན་ཏུ་གསལ་བོར་མཐོང་སྟེ། <<སྙན་ངག་མེ་ལོང་རྩ་བར།>> “སྔོ་བསངས་ཉིད་དོ་ཕྱོགས་རྣམས་ནི། །དབྱར་སྐྱེས་སྤྲིན་གྱི་ཕྲེང་བ་ཡིས། །ས་ཡང་རྩྭ་སྔོན་གསར་པ་ནི། །ཤིན་ཏུ་གཞོན་པའི་ཕྲེང་བས་སོ། །” ཞེས་དང༌། ཡང་ྋགོང་ས་ལྔ་པ་ཆེན་པོས། “དཀར་རོ་མཁའ་ལ་ཟླ་བའི་གཟུགས། །འདོད་ལྡན་ཁྲོད་ན་ན་ཆུང་གདོང༌། །མཁས་མང་ཚོགས་པའི་མདུན་ས་ན། །ཆོས་སྐྱོང་བཟང་པཱུའི་རྣམ་དཔྱོད་མཆོག །”༡༥ ཅེས་གསུངས་པ་གཉིས་ཀས་འདོད་ཡོན་ལྔ་ལས་གཟུགས་ཀྱི་ཡོན་ཏན་ཏེ། ནམ་མཁའ་སྔོ་བསངས་པའི་མདོག་དང༌། རྩྭ་སྔོན་གསར་པས་ཁྱབ་པའི་དཔྱིད་ཀྱི་ས་གཞིའི་མདོག དེ་བཞིན་ཤིན་ཏུ་དཀར་བའི་ཟླ་གཟུགས་དང༌། མཛེས་ཤིང་སྡུག་པའི་ན་ཆུང་མའི་གདོང༌། མཁས་པའི་སྙན་པ་གྲགས་པའི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་མཆོག་ཏུ་དཀར་བའི་རྣམ་དཔྱོད་སོགས་ཀྱི་ཁ་དོག་ཕུན་སུམ་ཚོགས་པར་བརྗོད་པའོ། སྤྱིར་ན་འདིའི་སྐབས་ཀྱི་ཡོན་ཏན་ལ་མཁས་པ་མང་ཆེ་བས་འདོད་ཡོན་ལྔ་ལས་གཟུགས་ཀྱི་ཡོན་ཏན་ཁོ་ན་བཀོད་པར་རྒྱུ་མཚན་ཞིག་ཅིས་ཀྱང་ཡོད་ངེས་མོད། འོན་ཀྱང་ཤིན་ཏུ་སྙན་ནོ་ལྟ་བུ་(སྒྲ)དང༌། བསིལ་ཞིང་འཇམ་མོ་ལྟ་བུ་(རེག་བྱ)དང༌། ཞིམ་མངར་ལྡན་ནོ་ལྟ་བུ་(རོ)དང་། དྲི་བཟང་ལྡང་ངོ་ལྟ་བུ་(དྲི)སོགས་འདོད་ཡོན་ལྔ་པོ་རེར་སྦྱར་ཆོག་གམ་སྙམ་པའི་སྣང་བ་ཞིག་དབང་མེད་དུ་འཆར་བས་དཔྱད་པར་འཚལ་ལོ། །
ང༽ རྫས་ཞེས་པའི་ཐ་སྙད་ཀྱི་གོ་ཕྱོགས་ནི། མཁས་དབང་དོན་འགྲུབ་རྒྱལ་གྱི་<<སྙན་ངག་གི་གཞུང་ལས་རང་བཞིན་བརྗོད་པའི་རྒྱན་བཤད་པ་>>ཞེས་པ་ལས། “རྫས་ལ་དབྱེ་ན་ལྷན་སྐྱེས་ཀྱི་རྫས་དང་རྗེས་ཐོབ་ཀྱི་རྫས་གཉིས་ཡོད་དེ།”༡༦ ཞེས་པ་ནི་རྩ་བའི་དབྱེ་བ་ཆེན་པོ་གཉིས་ཡིན་ལ། དེ་ལ་ནང་གསེས་ཁྱད་གཞི་ཙམ་ལ་གོ་བ་(ཤིང་རྟ་དང་གླང་བོ) དང༌། ཁྱད་གཞི་ཁྱད་ཆོས་གཉིས་ཀར་གོ་བ་(ཁྱབ་འཇུག་རྣམ་གནོན་ལ་གནས་པ།) དང༌། ཁྱད་ཆོས་ཁོ་ནར་གོ་བ་(མགྲིན་སྔོན་ལག་ན་ཐོད་པ་ནི།) གསུམ་ལས། རང་བཞིན་བརྗོད་པའི་སྐབས་ཀྱི་རྫས་ནི། མཐའ་མ་སྟེ་ཁྱད་ཆོས་ཁོ་ནར་གོ་བ་འདི་ཡིན། དེའང་ཁྱད་གཞི་དང་འབྲེལ་ནས་བརྗོད་དགོས་ཀྱང༌། ཁྱད་གཞི་རྫས་ཡིན་གཏན་ནས་མི་དགོས་ཏེ། ཨ་ལགས་བསེ་ཚང་གིས། “རྫས་བརྗོད་ལ། ཁྱད་གཞི་དང་མ་འབྲེལ་བ་མེད་པས་ཁྱད་གཞི་གང་ལ་ཡོད་པའི་ཁྱད་ཆོས་རྫས་ཀྱི་བྱེ་བྲག་སྣ་ཚོགས་དྲང་བོར་བརྗོད་པ་ལ་བརྟེན་ནས། ཁྱད་གཞི་བྱེ་བྲག་པ་དེ་གཙོ་བོར་དེའི་རྫས་ཀྱི་ནུས་པས་གསལ་བོར་སྟོན་པ་ཞིག་ཡིན།”༡༦ ཞེས་གསུངས་པ་ལྟར། དངོས་པོ་གང་ལ་གཞན་དང་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་གྲུབ་པ་ནི་དེ་དང་དེའི་རྫས་སུ་འདོད་ལ། རྫས་དེའི་ནུས་པས་ཁྱད་གཞི་གང་ཡིན་རྟོགས་ཐུབ་པ་ནི་རྩ་བའི་ཆ་རྐྱེན་ཡིན། དེས་ན་རྫས་རང་བཞིན་བརྗོད་པའི་སྐབས་ཁྱད་གཞིའི་རང་བཞིན་བརྗོད་པ་མ་ཡིན་པར། གཙོ་བོ་ཁྱད་གཞི་གང་ལ་ལྡན་པའི་ཁྱད་ཆོས་སམ་རྫས་དེའི་རང་བཞིན་བརྗོད་དགོས་པ་ནི་ཐོག་མའི་གནད་དོན་རེད། ཡིན་ན་ཡང་མེ་ལོང་རྩ་བར། “མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པན་དང༌། །སྣུམ་ཞིང་དམར་བའི་རལ་བ་ཅན། ཁྱུ་མཆོག་རྒྱལ་མཚན་འཁྲུངས་(གསལ་)པར་གྱུར། །” ཅེས་གསུངས་པར་གཞིགས་ན། འདི་ནི་རྫས་རང་བཞིན་བརྗོད་པར་འགྲོ་མིན་དོགས་པ་ཟ་སྟེ། སྐབས་འདིར་དབང་ཕྱུག་གི་མགྲིན་པ་སྔོན་པོ་དང༌། ཚངས་པའི་སྟེང་གདོང་བཅད་པའི་ཐོད་པ། རྒྱ་མཚོ་ལས་བཏོན་པའི་ཟླ་བའི་ཅོད་པན། སྣུམ་ཞིང་དམར་བའི་རལ་བ་བཅས་ནི་ཁྱུ་མཆོག་གི་མགོ་བོས་ཏོག་བྱས་པའི་རྒྱལ་མཚན་ཅན་དབང་ཕྱུག་གི་རྫས་ཀྱང་ཡིན་ལ་ཁྱད་ཆོས་ཀྱང་ཡིན་པས། དེ་དག་གི་རང་བཞིན་ནམ་གཤིས་ལུགས་དྲང་བོར་བརྗོད་པ་ལྟ་བུ་དགོས་པ་ལ། དེ་ལས་ལྡོག་སྟེ་དབང་ཕྱུག་ལ་ཁྱད་ཆོས་དེ་དག་ལྡན་པའམ་དབང་ཕྱུག་གི་རང་བཞིན་བརྗོད་པ་ལྟ་བུ་མཐོང་བས། རྒྱ་གཞུང་རང་ནའང་འདི་བཞིན་བྱས་ཡོད་ཚེ་འགྲེལ་མཛད་དག་གིས་མཚན་ཉིད་བཀོད་པ་རྣམས་ཇི་འགྱུར་ཆ་མ་འཚལ་ཡང༌། ཨ་ལགས་བསེ་ཚང་གིས། “མཐོན་མཐིང་རལ་བའི་ལན་བུ་རླུང་གིས་སྐྱོད། །བཅུ་དྲུག་གཞོན་ནུའི་སྒེག་འཆང་ལུས་ཕྲའི་གཟུགས། །འཇམ་མཉེན་ཕྱག་སོར་རྩེ་ན་ཏམ་བུ་རས། །སྙན་པའི་དབྱངས་འཁྲོལ་ཚངས་སྲས་ངག་གི་ལྷ།”༡༧ ཞེས་གསུངས་པ་ཁྱད་ཆོས་ཀྱི་རང་བཞིན་དྲང་བོར་བརྗོད་པ་འདི་འདྲ་འབྱུང་ན་རྫས་རང་བཞིན་བརྗོད་པའི་རྒྱན་དུ་འགྱུར་བར་ཐེ་ཚོམ་མི་དགོས་སོ། གསལ་བྱེད་ཐད་ཀྱི་རྫས་ནི། ཁྱད་གཞི་དང་ཁྱད་ཆོས་གཉིས་ཀར་གོ་བ་སྟེ། དཔེར་ན། ྋགོང་ས་ལྔ་པ་ཆེན་པོས། “རི་དྭགས་ཀྱིས་མཚན་ཟླ་བ་ཡིས། །རྒྱ་མཚོ་ཆེན་པོ་རྣམ་པར་རྒྱས། །འདོད་ལྡན་རྣམས་ཀྱི་ཆགས་པ་འཕེལ། །གཉིས་སྐྱེས་དུ་མ་དགའ་བ་སྐྱེད།”༡༨ ཅེས་ཁྱད་གཞི་ཟླ་བ་དང་ཁྱད་ཆོས་རི་དྭགས་ཀྱི་མཚན་མ་གཉིས་རྫས་སུ་བྱས་ཏེ་འོག་མའི་ཚིག་ལྷག་མ་རྣམས་གོ་བའམ་གསལ་བར་བྱེད་པའོ། དེ་ལྟར་རིགས་དང༌། བྱ་བ། ཡོན་ཏན། རྫས་རྣམས་མིང་གི་སྒྲ་འདྲ་ཡང་སྦྱོར་ཚུལ་གྱི་དབང་གིས་གོ་ཕྱོགས་མི་གཅིག་པའི་ཁྱད་པར་འདི་ཙམ་མོ། །

 

གསུམ་པ། ནང་གསེས་ནོར་འདྲེས་ཆེ་བའི་རྒྱན་འགའི་སྐོར་ལ་དོགས་པ་སློང་བ།

 

གསལ་བྱེད་ཀྱི་རྒྱན་གྱི་སྦྱོར་ཚུལ་འདི་སྙན་ངག་གི་རྒྱན་མང་པོ་ཞིག་ཏུ་ཁྱབ་ཡོད་ཀྱང༌། རེ་རེ་ནས་དབྱེ་བསལ་བྱེད་དགོས་ན་ཧ་ཅང་རྙོག་འཛིང་ཆེ་བས་འགའ་ཞིག་ཙམ་བརྗོད་རྒྱུ།


༡༽ རིགས་ཐོག་གསལ་གྱི་དཔེར། རྒྱལ་དབང་ལྔ་པ་ཆེན་པོས། “ནེ་ཙོ་སྨྲ་བའི་མཆུ་ལྡན་ཅན། །མརྒད་མདངས་ཀྱི་སྒྲོ་གཤོག་ངོམ། །དཀར་ནག་དམར་བའི་མགྲིན་པ་ཅན། །སྐྱེ་བོ་འགའ་ཡི་ཡིད་དུ་འོང༌། །” ཞེས་པ་འདི་མཁས་པ་མང་པོས་དོགས་གཞིར་བཟུང་ཡོད་པ་ལྟར། རིགས་རང་བཞིན་བརྗོད་པའི་རྒྱན་ལས་མ་འདས་ཏེ། བརྗོད་ཚུལ་གྱི་ཆ་ནས་དཔེ་གཟུགས་སོགས་རྒྱན་གཞན་གྱིས་མ་སྤྲས་པར་ནེ་ཙོའི་རང་བཞིན་ནམ་གཤིས་ལུགས་དྲང་བོར་བརྗོད་ཅིང༌། ངག་སྙན་པར་སྨྲ་བའི་མཆུ་ལྡན་པ་སོགས་ཁྱད་ཆོས་དུ་མ་བརྗོད་པས་རང་གི་རིགས་ཅན་མཐའ་དག་གོ་ནུས་པའོ། །


༢༽ རིགས་རང་བཞིན་བརྗོད་པ་དང་རིགས་བརྗོད་མཐའ་མའི་གསལ་བྱེད་གཉིས་ནོར་དོགས་ཅུང་ཆེ་སྟེ། དགེ་རྒན་རྣམས་ཀྱིས་སློབ་འཁྲིད་སྐབས་དང་རྒྱུགས་སྤྲོད་དྲི་ཤོག་ཁག་ཏུ་འདི་གཉིས་ཀྱི་ཁྱད་པར་ལ་དྲི་ཚིག་ཅིག་ནམ་རྒྱུན་ཡོང་བཞིན་ཡོད། དེ་ལ་རིགས་རང་བཞིན་བརྗོད་པའི་ཆ་རྐྱེན་རྣམས་གོང་དུ་བཤད་པ་ལྟར་དང༌། རིགས་བརྗོད་མཐའ་མའི་གསལ་བྱེད་ནི། དབྱར་གྱི་ཆར་སྤྲིན་ལས་ཆར་ཟིལ་མའི་རྒྱུན་འབབ་པ་དང༌། རྨ་བྱའི་ཁྱུ་ཚོགས་ཀྱིས་དགའ་བའི་གར་བྱེད་པ། གློག་འོད་ལམ་ལམ་དུ་འཁྱུག་པ་འདི་ཀུན་མེ་ཏོག་གཞུ་ཅན་ཏེ་འདོད་ལྷའི་རིགས་མིན་པར། དེ་དག་གིས་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཆགས་པ་དྲག་པོ་སློང་བ་ནི། རིགས་ཅན་འདོད་ལྷའི་ནུས་པ་ཡིན་པར་གོ་ཞིང་འཁྱོག་ཉམས་ཅུང་ཟད་འདྲེས་པ་སྟེ། ཨ་ལགས་བསེ་ཚང་གིས། “འདིའི་སྐབས་སུ་རིགས་ཀྱི་རང་བཞིན་ལ་མི་སྦྱོར་བར་གཙོ་བོ་རིགས་ཀྱི་བྱེད་ལས་ལ་སྦྱོར་བ་དང༌། ཡང་འཁྱོག་པོའི་ཉམས་ཅུང་ཟད་འདྲེས་པས། རང་བཞིན་བརྗོད་པའི་རིགས་དང་མི་འདྲ་བ་ཤེས་སླའོ།།”༡༩ ཞེས་གསུངས་པ་ལྟར་རོ། །


༣༽ བྱ་བ་མཐའ་གསལ་དང་བྱ་བ་གཅིག་པའི་ལྷན་གཅིག་བརྗོད་པའི་རྒྱན་གཉིས་ནི། སྦྱོར་སྟངས་དང༌། ཉམས་འདོན་ཚུལ། བྱ་ཚིག་གཅིག་གི་ནུས་པས་གསལ་ཚུལ་བཅས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཤིན་ཏུ་འདྲ་ཆེ་བ་རྩ་འགྲེལ་གཉིས་ཀའི་དཔེར་བརྗོད་ཁག་གིས་ངེས་པ་རྙེད་ཐུབ་པས། འདིར་རྩ་བའི་དཔེར་བརྗོད་གཉིས་རིམ་པར་བཀོད་ན། བྱ་བ་མཐའ་གསལ་ནི། “ཁྱོད་ཀྱི་ཨུཏྤ་ལ་རྣ་བ་ལ། །འདོད་པའི་མདའ་ནི་མདའ་སྟན་ལ། །ངས་ཀྱང་སེམས་ནི་འཆི་བ་ལ། །གསུམ་པོ་འདི་ནི་མཉམ་དུ་བྱས། །” ཞེས་དང༌། བྱ་བ་ལྷན་ཅིག་བརྗོད་པ་ནི། “ཁུ་བྱུག་སྒྲོགས་པའི་སྐལ་བཟང་དང༌། །ནགས་ཀྱི་རླུང་ནི་དྲི་བཟང་དང༌། །དཔྱིད་ཉིད་སྐྱེ་བོའི་ཀུན་དགའ་རྣམས། །ལྷན་ཅིག་དག་ཏུ་འཕེལ་བར་གྱུར། །” ཞེས་པ་སྟེ་མཛེས་མའི་རྣ་བར་ཨུཏྤ་ལའི་རྒྱན་གྱིས་སྤྲས་པ་དང༌། བདུད་དགའ་རབ་དབང་ཕྱུག་གིས་འདོད་ཆགས་ཀྱི་མདའ་ནི་གཞུ་ལ་བརྒྱུས་པའི་རྒྱུ་དེ་གཉིས་ཀྱིས། ང་ཡང་འདོད་སེམས་དྲག་པོས་འཆི་བར་ཉེ་བའི་བྱ་བ་གསུམ་པོ་མཉམ་དུ་བྱས་པའོ། ཞེས་དང༌། གཅིག་ཤོས་ཀྱང་དེ་བཞིན་དུ། ཁུ་བྱུག་གི་སྐད་སྙན་པར་སྒྲོག་པའི་སྐལ་བ་བཟང་པོ་དང༌། ནགས་ཚལ་གྱི་རླུང་ནི་མེ་ཏོག་གི་དྲི་བཟང་དང་ལྡན་པའི་རྒྱུ་དེ་གཉིས་ཀྱིས། དཔྱིད་དུས་ཀྱི་ཉིན་མོས་སྐྱེ་བོ་རྣམས་ཡིད་ལ་དགའ་བ་འཕེལ་བ་གསུམ་པོ་མཉམ་དུའོ། ཞེས་པ་གཉིས་ཀར་ཁྱད་གཞི་ཐ་དད་པ་གསུམ་གྱིས་བྱ་བ་གཅིག་དུས་མཉམ་དུ་བྱས་པར་སྟོན་པའོ། །

 

བཞི་པ། སྙན་གཞུང་བོད་དུ་མ་དར་གོང་གསལ་བྱེད་ཀྱི་རྒྱན་སྦྱོར་ཚུལ་ཡོད་མེད་ལ་བལྟ་བ།

 

སྤྱིར་ན་བོད་ལ་སྙན་གཞུང་(སྙན་ངག་མེ་ལོང༌།) མ་དར་སྔོན་སྙན་ངག་ཡོད་མེད་ཀྱི་འདོད་ཚུལ་རིགས་གཉིས་ཡོད་ཀྱང༌། བདག་ནི་སྙན་ངག་ཡོད་པར་སྨྲ་བའི་རྗེས་སུ་འབྲངས་པ་སྟེ། གནའ་བོའི་ཆོས་རྒྱལ་གོང་མ་རྣམས་ཀྱི་སྐུ་རིང་ལ་བཞེངས་པའི་མགུར་གླུ་ (ངག་རྒྱུན་དང་ཡིག་ཐོག་གཉིས་ཀ) སྡེབ་ལེགས་ཤིང་ཚིག་གི་ལྷུ་འགྲིག་པ། རྣ་བར་སྙན་ཞིང་ཡིད་དུ་འཇེབས་པ་འདི་རིགས་ཅིས་ཀྱང་སྙན་ངག་ཏུ་འདོད་དགོས། དེ་ལྟར་ངལ་རྩོལ་གྱི་འཚོ་བའི་འཕེལ་རིམ་དང་བསྟུན་མགུར་གླུའི་ངོ་བོ་དང་རྣམ་པ་ཡར་རྒྱས་སུ་ཕྱིན་པ་དང༌། ལྷག་པར་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཡི་གེའི་སྲོལ་གསར་སྐྲུན་བྱས་རྗེས་ནང་ཆོས་གཙོས་སྙན་ངག་གི་ལུས་ལ་སྒྱུ་རྩལ་གྱི་མཛེས་ཆས་ཤིག་སྤྲས་ཡོད་པ་རྒྱལ་བློན་རྣམས་ཀྱིས་བཞེངས་པའི་མགུར་ཉམས་ལས་རྟོགས་ཐུབ། དེས་ན་གསལ་བྱེད་ཀྱི་རྒྱན་གྱིས་སྤུད་པའི་དེ་འདྲའི་སྙན་ངག་མང་དུ་ཡོད་པར་སྙམ་སྟེ། འཇུ་སྐལ་བཟང་གི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ་ཞེས་པའི་ནང་བཙན་པོའི་རྣམ་ཐར་ལས་དྲངས་པ་ནི། “རྗེ་ཆིག་ནི་མང་བོ་རྗེ༌། གཤེགས་སོ་ནི་མང་བོ་རྗེ། འདས་སོ་(ནི)ཧབ་ཆེན་གོང༌། འདྲིམས་སོ་ནི་སོ་གོ་ཙ། བསྐྱངས་སོ་ནི་ཡང་དང་སྟེངས། ཞེས་པ་ནི་གསལ་བྱེད་ཀྱི་རྒྱན་ལས་རིགས་དང་བྱ་བ་ཐོག་མའི་གསལ་བྱེད་དང༌།”༢༠ ཞེས་དང༌། ཡང་“འདམ་གྱི་ནི་ཅོག་རོ་ཟ། དྲི་ངན་ནི་ཉ་འི་དྲི། གཡའ་ངན་ནི་ཟངས་ཀྱི་གཡའ། ཞེས་པ་ཡོན་ཏན་ཐོག་མའི་གསལ་བྱེད་དོ།”༢༡ ཞེས་དང༌། ཡང་དཔའ་རིས་སངས་རྒྱས་ཀྱི་བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག ཅེས་པའི་ནང་རྒྱལ་རབས་གསལ་བའི་མེ་ལོང་ལས་དྲངས་པ་ནི། “ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །བཀའ་དྲིན་ཆེའོ་ངོ་མཚར་ཆེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ཞེས་པ་ནི་གསལ་བྱེད་ཀྱི་རྒྱན་ལ་འཇུག་པ་ལྟ་བུ་དང༌།”༢༢ ཞེས་པ་འདི་དག་ནི་སྔོན་རྒྱལ་བློན་རྣམས་ཀྱི་སྐབས་སུ་དར་བ་གསལ་བྱེད་ཀྱི་རྒྱན་གྱིས་མཛེས་པར་སྤུད་པའི་བོད་ཀྱི་སྙན་ངག་ལྷད་མེད་པའོ། དེ་ནས་སྔར་ཡོད་རྨང་གཞིའི་ཐོག་རྒྱལ་ཁབ་གཞན་གྱི་ལེགས་ཆ་འཚོལ་བསྡུ་བྱས་ཏེ། བོད་ཀྱི་རྩོམ་རིག་གི་གོམ་ཁ་མདུན་ཕྱོགས་སུ་བསྒྱུར་བཞིན། བསྟོད་ཚིག་དང༌། གསོལ་འདེབས། རྣམ་ཐར་ལེགས་བཤད་སོགས་མགུར་དབྱངས་སུ་གྱེར་བ་དང༌། ཡིག་ཐོག་ཏུ་རྩོམ་བྲིས་བྱས་པ་ཅི་རིགས་འབྱུང་ཞིང༌། ལྷག་དོན་ཁྱད་དུ་འཕགས་པའི་ནང་པའི་ལྟ་གྲུབ་ཀྱི་ཡང་རྩེར་སོན་པ་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་གསུང་རྩོམ་ཅན་མང་དུ་བྱོན་པ་ལས། རྗེ་བཙུན་མི་ལ་རས་པ་ནི་གྲུབ་ཐོབ་དང་སྙན་ངག་སྨྲ་བ་གཉིས་ཀར་ཀུན་གྱིས་སྤྱི་བོས་མཆོད་ཅིང༌། ཆོས་དང་རིག་གནས་གཉིས་ཀའི་སྟེང་ནས་བློས་བཀལ་ཆོག་པའི་མཁས་པ་ཚད་ལྡན་ཞིག་ཡིན་པས་ན། ཁོང་གི་རྣམ་མགུར་ལས། གསལ་བྱེད་ཀྱི་རྒྱན་རང་ཆས་སུ་རྫོགས་པའི་སྙན་ངག་འགའ་རེ་དྲངས་ན། “མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བའི་མོད་ལ་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པར་ངེས།”༢༣ ཞེས་པ་འདི་ནི་གསལ་བྱེད་ཀྱི་རྒྱན་ལས་རིགས་མཐའ་གསལ་གྱི་དཔེ་དང༌། ཡང་“བླ་མའི་བཀའ་དྲིན་བསམ་ལས་འདས། །མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང༌། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པ་མདང་གི་རྒན་མོ་འདྲ།”༢༤ ཞེས་པ་འདི་ནི་དོན་གཅིག་གསལ་བྱེད་ཀྱི་རྒྱན་དང། ཡང་ “གདམས་ངག་ཚིག་གིས་བསླུའོ་གསུང༌། །སོ་ནམ་སེམས་བསྐྱེད་ཆེའོ་གསུང༌། །ལྟ་བ་སྐྱེ་མེད་བཟང་ངོ་གསུང༌། །ཉམས་ལེན་ཐབས་ལམ་ཟབ་བོ་གསུང༌།”༢༥ ཞེས་པ་འདིའི་རྐང་པ་དང་པོ་བྱ་བ་ཐོག་གསལ་དང་ཕྱི་མ་གསུམ་ཡོན་ཏན་ཐོག་གསལ་གྱི་རྒྱན་ཡིན་ལ། དེ་འདྲ་བའི་སྙན་ངག་གི་རོ་ཉམས་ཕུན་སུམ་ཚོགས་པ་ནི། བོད་རང་གི་འཚོ་བའི་གོམས་གཤིས་དང་རང་བྱུང་གི་བསམ་བློའི་ཚོར་རྟོག་མཉམ་རུབ་ལས་བྱུང་ཞིང༌། དེས་བོད་རང་ལ་སྙན་ངག་གི་རྒྱན་གྱི་སྦྱོར་ཚུལ་ངོ་མཚར་བ་ཡོད་པ་རྟོགས་ཐུབ་ལ། ཕུལ་དུ་བྱུང་བའི་རྩོམ་པ་པོ་དེ་དག་གི་བློ་གྲོས་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་ལྡན་པའང་གོ་ནུས་པས། གསལ་བྱེད་ཀྱི་རྒྱན་གྱི་དཔེར་བརྗོད་འགའ་ཞིག་ཡིག་ཚོགས་ལ་མ་བལྟོས་པར་འདིར་བཀོད་པའོ། །

 

ལྔ་པ། གསལ་བྱེད་ཀྱི་རྒྱན་གྱི་དབྱེ་བ་བརྗོད་པ།

 

སྐྱེ་བོ་རྣམས་ཀྱི་ངག་གི་རྗོད་ཚིག་མཛེས་པར་བྱེད་པའི་རྒྱན་གྱི་བསྟན་བཅོས་གང་ཞིག་ཡིན་ནའང༌། དེ་ལ་ནང་གསེས་ཀྱི་དབྱེ་བ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལྟར། སྙན་ངག་མེ་ལོང་མ་འདི་ལའང་སྤྱི་སྲོལ་དེ་ལྟ་བུའི་སྒྲིག་གཞིའི་སྟེང་ནས་དབྱེ་བ་མི་འདྲ་བ་དུ་མ་ཕྱེས་ཡོད་པས། སྙན་ངག་ལེའུ་གཉིས་པའི་ཁོང་གཏོགས་གསལ་བྱེད་ཀྱི་རྒྱན་ལ་ནང་གསེས་དབྱེ་བ་དུ་ཡོད་ཅེ་ན། རྩ་བས་དངོས་བསྟན་བཅུ་གཉིས་ཏེ། རིགས་ཐོག་གསལ། བྱ་བ་ཐོག་གསལ། ཡོན་ཏན་ཐོག་གསལ། རྫས་ཐོག་གསལ། རིགས་བར་གསལ། བྱ་བ་བར་གསལ། རིགས་མཐའ་གསལ། བྱ་བ་མཐའ་གསལ། ཕྲེང་བའི་གསལ་བྱེད། འགལ་བའི་གསལ་བྱེད། དོན་གཅིག་གསལ་བྱེད། སྦྱར་བའི་གསལ་བྱེད་དེ་བཅུ་གཉིས་ཡོད་མོད། དེར་མ་འདུས་པའི་དབྱེ་བའང་ཡོད་ཆོག་པ་སྟེ། མེ་ལོང་རྩ་བར། “རྣམ་པ་འདི་ཉིད་ཁོ་ན་ཡིས། །གསལ་བྱེད་ལ་ནི་རྣམ་རྟོག་པ། །ལྷག་མ་རྣམས་ཀྱང་རྗེས་འགྲོ་ཡི། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །” ཞེས་གསུངས་པ་ལྟར། ཕྱིས་སུ་སྙན་ངག་སྨྲ་བ་འགའ་ཞིག་གིས་རིགས་བསྒྲེས་ཀྱིས་དཔེར་བརྗོད་རེ་ཟུང་མཛད་ཡོད་དེ། རྗེ་ཙོང་ཁ་པ་ཆེན་པོའི་<<འཇམ་དབྱངས་ལ་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་>>ལས། “མངོན་པར་མཐོ་ཞིང་ངེས་པར་ལེགས་པ་དང༌། །ངན་སོང་གནས་རྣམས་ཀུན་ཏུ་བགྲོད་པའི་ལམ། །ཀུན་ལ་མཁྱེན་པ་སྒྲིབ་པ་མེད་པའི་ཕྱིར། ཁྱོད་ནི་འགྲོ་བའི་བཤེས་གཉེན་བཟང་པོ་ལགས།”༢༦ ཞེས་པ་འདི་ཡོན་ཏན་མཐའ་གསལ་ཡིན་པ་དང༌། ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། “མཐའ་བྲལ་འཆི་བ་མེད་པའི་ལམ་ཡངས་པོར། །ཐུན་མཚམས་ཆུ་འཛིན་ཕྲེང་བ་གསར་པ་ཡིས། །དམར་འོད་ཉིད་དོ་ངུར་སྨྲིག་འཛིན་པ་རྣམས། །འདུས་པས་སྣ་ཚོགས་འཛིན་མའི་ངོས་ཡངས་ཀྱང༌།”༢༧ ཞེས་པ་ཡོན་ཏན་བར་གསལ་གྱི་རྒྱན་དང༌། བོད་མཁས་པས། “སྐྱེ་བོ་སྒེག་འཆོར་ཅན་གྱི་མགྲིན་པའི་རྒྱན། །ལག་རྩིས་མཁན་པོའི་བགྲང་བྱའི་ཉེར་སྤྱད་ཀྱང༌། །ཕྲེང་བ་ཉིད་དེ་ལྷག་པའི་ལྷ་བསྙེན་དུས། །སྙིང་པོའི་སྔགས་ཚིག་དབྱངས་སུ་ལེན་པའི་རྫས།”༢༨ ཞེས་པ་རྫས་བར་གསལ་གྱི་དཔེ་དང༌། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི་བསླབ་བྱ་སྨོན་ཚིག་དང་འབྲེལ་བའི་མགུར་དབྱངས་ལས། “ཟབ་རྒྱས་ཀྱི་གསུང་རབ་དགོངས་དོན་ཀུན། །ཉམས་ལེན་གྱི་རིམ་པར་དྲིལ་བའི་གཞུང༌། །མེད་མི་རུང་གདམས་ངག་མཐར་ཐུག་དེ། །ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཡིན། །”༢༩ ཞེས་པ་རྫས་མཐའ་གསལ་ཡིན་པ་བཅས་ད་དུང་མཁས་པའི་གསུང་རྩོམ་ཁག་ལ་བཙལ་ན་སྦྱོར་ཚུལ་གཞན་དག་ཡོད་ངེས་ཀྱང་རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །མདོར་ན་སྙན་ངག་གི་གཞུང་ལས་གསལ་བྱེད་ཀྱི་རྒྱན་ནི་སྐྱེ་བོ་ཀུན་གྱིས་གོ་བདེ་ཞིང་སྦྱོར་སླ་བའི་ཚིག་རྒྱན་རིག་པ་ཞིག་ཡིན་པས། རྒྱན་གྱི་ངོ་བོ་དང༌། སྦྱོར་ཚུལ། འཛིན་སྟངས། དབྱེ་བ་བཅས་ལ་རིགས་པས་ཞིབ་མོར་དཔྱོད་ཁུལ་གྱིས་རང་ལུགས་གཏན་འབེབས་ཙམ་བྱས་ཏེ། སྐྱེ་བོ་བསྟན་བཅོས་མཁན་རྣམས་ཀྱིས་གཅིག་གྱུར་ཐོག་ཚད་འཛིན་བྱེད་པའི་མཁས་པའི་གསུང་འགངས་ཆེན་རྣམས་རྒྱབ་ལྗོངས་སུ་དྲངས་ཡོད། ལྷག་དོན་དཔྱད་རྩོམ་ཞིག་གི་སྒོས་ཆོས་ལྟ་ཚུལ་གསར་པ་དང༌། བསམ་བློ་གསར་པ། རིགས་པ་གསར་པ་ནི་ཐོག་མའི་ཆ་རྐྱེན་ཡིན་པས། གནད་དོན་འགའ་ཞིག་ཐད་ལ་དེ་འདྲའི་ལམ་སྲོལ་སྐྱོང་ཁུལ་བྱས་ཡོད་ཀྱང༌། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི། །རྩོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར། །རྟག་ཏུ་ཀུན་མཐོང་ཤེས་བྱ་ཡིན་པར་སྣང༌། །རྒྱུན་དུ་གང་གོམས་ཚད་མ་ཡིན་པར་སྣང༌། །” ཞེས་གསུངས་པ་ལྟར། ཡོངས་གྲགས་བཤད་རྒྱུན་ལས་ལྡོག་པའི་ལྟ་བ་གསར་པ་དང་རིགས་པ་གསར་པ་མཆིས་ཚེ་འགའ་ཞིག་གིས་འོལ་ཚོད་ཀྱིས་རྒོལ་བ་དང༌། ལ་ལས་སྨོད་ཚིག་གི་ཟུར་མདའ་འཕེན་པ་ནི་ཅིས་ཀྱང་འོང་སྲིད་པས། དགོས་དོན་བློ་གཟུར་གནས་ཀྱི་མཁྱེན་ལྡན་རྣམས་ཀྱིས་དཔྱད་རྩོམ་འདིའི་ནང་འགལ་འཁྲུལ་ཅི་ཡོད་ལ་དགོངས་འཆར་ལྷུག་པོར་གནང་བའི་རེ་བ་ཡོད་ལགས། །

 

ཟུར་མཆན།

 

༡༽ རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ། སི་ཁྲོན་ལྕགས་པར་ཤོག་ངོས་ ༩༣
༢༽ གོང་མཚུངས་ཤོག་ངོས ༩༥
༣༽ རིན་སྤུངས་པའི་སྙན་འགྲེལ་མི་འཇིགས་སེངྒེའི་ང་རོ། མཚོ་སྔོན་པར་མ་ཤོག་ངོས་ ༡༥༡
༤༽ བོད་མཁས་པའི་སྙན་ངག་རྩ་འགྲེལ། མཚོ་སྔོན་པར་མ་ཤོག་ངོས་ ༢༢༧
༥༽ སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས། ཤོག་ངོས་ ༤༣༧
༦༽ དབྱངས་ཅན་དགྱེས་གླུ། ཤོག་ངོས་ ༩༤
༧༽ སྙན་ངག་སྤྱི་དོན། ཀན་སུའུ་པར་མ་ཤོག་ངོས་ ༤༤
༨༽ དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ། པེ་ཅིང་པར་མ་ཤོག་ངོས་ ༡༧༤
༩༽ བོད་མཁས་སྙན་འགྲེལ། ཤོག་ངོས་ ༡༩༧
༡༠༽ ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་སྙན་འགྲེལ། བོད་ལྗོངས་པར་མ་ཤོག་ངོས ༡༩༤
༡༡༽ ཨ་ལགས་བསེ་ཚང་གི་ཚངས་བཞད། ཀན་སུའུ་པར་མ་ཤོག་ངོས་ ༩༦་༩༧
༡༢༽ དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ། ཤོག་ངོས་ ༡༧༨
༡༣༽ སྙན་ངག་སྤྱི་དོན། ཤོག་ངོས་ ༤༣
༡༤༽ དབྱངས་ཅན་དགྱེས་གླུ། ཤོག་ངོས་ ༩༦
༡༥༽ དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ། ཤོག་ངོས་ ༡༨༢
༡༦༽ ཚངས་སྲས་བཞད་སྒྲ། ཤོག་ངོས་ ༩༧
༡༧༽ གོང་མཚུངས་ཤོག་ངོས་ ༩༥
༡༨༽ དབྱངས་ཅན་དགྱེས་གླུ། ཤོག་ངོས་ ༩༥
༡༩༽ ཚངས་བཞད། ཤོག་ངོས་ ༢༧༧ ནས་ ༢༧༨
༢༠༽ རྩོམ་དཔྱད་གཏམ་ཚོགས མཚོ་སྔོན་པར་མ་ཤོག་ངོས་ ༢༥༢
༢༡༽ གོང་མཚུངས་ཤོག་ངོས༢༥༢
༢༢༽ བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག ལྡི་ལི་པར་མ་ཤོག་ངོས ༣༥
༢༣༽ རུས་པའི་རྒྱན་ཅན་གྱིས་མཛད་པའི་མི་ལ་རས་པའི་རྣམ་མགུར། མཚོ་སྔོན་པར་མ་ཤོག་ངོས ༣༢༥
༢༤༽ གོང་མཚུངས་ཤོག་ངོས་ ༥༩༠
༢༥༽ གོང་མཚུངས་ཤོག་ངོས་ ༣༩༤
༢༦༽ རྗེ་ཙོང་ཁ་པ་ཆེན་པོའི་སྙན་རྩོམ་གཅེས་བཏུས། སི་ཁྲོན་པར་མ་ཤོག་ངོས ༧༥
༢༧༽ སྙན་ངག་དཔེར་བརྗོད་ཕྱོགས་བསྒྲིགས། ཀན་སུའུ་པར་མ་ཤོག་ངོས ༡༨༨
༢༨༽ གོང་མཚུངས་ཤོག་ངོས་ ༡༩༠
༢༩༽ གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། མཚོ་སྔོན་པར་མ་ཤོག་ངོས ༡༩༣༠

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.