སྟག་ལུང་ཤེས་རབ་རྒྱ་མཚོ།

༄༅།།  དེ་ཡང་སློབ་དཔོན་འཕགས་པ་ལྷས།སངས་རྒྱས་རྣམས་ཀྱིས་གཡོ་བ་ནི།།རྒྱུ་མེད་འགའ་ཡང་ཡོད་མིན་ཏེ།།དབུགས་ཀྱང་སེམས་ཅན་རྣམས་ལ་ནི།།སྨན་སླད་ཁོ་ནར་ཡང་དག་འབྱུང་།།ཞེས་གསུངས་པ་ལྟར།རིས་སུ་མ་ཆད་པའི་སྐྱེ་འགྲོ་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་སྐད་ཅིག་ཀྱང་མི་འདོར་བར་མཁྱེན་པ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སྨིན་ཅིང་གྲོལ་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལས།འཛམ་བུ་གླིང་བར་ཡོངས་སུ་གྲགས་པའི་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ནི།ཇི་སྐད་དུ།འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ།།ཞེས་གསུངས་པ་ལྟར།བཀྲ་ཤིས་པའི་དཔལ་ཡོན་ཕུན་སུམ་ཚོགས་པའི་ཡུལ་ཝཱ་རཱ་ཎ་སཱི་ཡིན་ཞིང་།གནས་དེ་ནི་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་གནས་སུ་ནང་པ་ཐུན་མོང་གིས་བཞེད་།

       གནས་ཁྱད་པར་ཅན་དེ་རུ་མཇལ་ཕྱག་བྱིན་རླབས་ཞུ་བར་བསླེབས་སྐབས་ཡིད་ངོར་དྲན་པ་ཞིག་ལ།འཇམ་དབྱངས་བླ་མ་ཙོང་ཁ་པ་ཆེན་པོས།བཅོམ་ལྡན་འདས་ཀྱིས་དང་པོར་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ།ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ།འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ།ཞེས་སོགས་གསུངས་པ་དེའོ།།

       གནས་འདི་ལ་ཝཱ་རཱ་ཎ་སཱི་ཞེས་པའི་མིང་ཇི་ལྟར་ཐོགས་པའི་ཚུལ་ནི།བྱེ་བྲག་བཤད་མཛོད་ཆེན་མོ་ལས།ཅིའི་ཕྱིར་ཝཱ་རཱ་ཎ་སཱི་ཞེས་བྱ་ཞེ་ན།སྨྲས་པ།འདི་ནི་ཆུ་ཀླུང་གི་མིང་ཡིན་ཏེ།ཞེས་གསུངས་པ་ལྟར།ཆུ་བོ་ཝཱ་རཱ་ཎ་དང་ཨ་སཱིའི་བར་གྱི་ཡུལ་ལ་མཚམས་སྦྱར་བས་བྱེ་བྲག་གི་མིང་དེ་ཡུལ་སྤྱི་ལ་ཐོགས་པར་གྲགས། 

       ཐུན་མོང་གི་ངོར་མཉམ་མེད་ཟས་གཙང་སྲས་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་གནས་དེ་རུ་ལས་སྣང་དག་པའི་འཁོར་ལྔ་སྡེ་ལ་བདེན་བཞིའི་རྣམ་གཞག་གསལ་བར་གསུངས་པ་ནས་ཡུལ་འདིའི་མཚན་སྙན་ཡང་ཕྱོགས་ནས་ཕྱོགས་སུ་ཁྱབ།

       གང་གསུངས་པའི་བདེན་པ་བཞི་རགས་ཙམ་གླེང་ན།སྡུག་བསྔལ་བདེན་པ་ནི་འབྲས་བུ་དང་དེའི་རྒྱུ་ནི་ཀུན་འབྱུང་བདེན་པ།འགོག་པའི་བདེན་པ་འབྲས་བུ་དང་དེའི་རྒྱུ་ནི་ལམ་གྱི་བདེན་པ་ཡིན་ཞིང་།རང་རྒྱུད་ལ་སྡུག་བསྔལ་བྱུང་བ་དག་སྡུག་བསྔལ་ཡིན་པར་ཤེས་ནས་དེ་ལས་བྲལ་འདོད་ཀྱི་བློ་སྐྱེས་པ་ན་དེའི་རྒྱུ་ཀུན་འབྱུང་སྤང་དགོས་ཤིང་།དེ་སྤངས་པས་གཏན་དུ་ཞི་བ་ཐོབ་པ་ནི།ཐར་པའམ་འགོག་པའི་བདེན་པ་ཡིན་པས།འགོག་པའི་བདེན་པ་ཐོབ་པ་ནི་རྒྱུ་ལམ་གྱི་བདེན་པ་ཁོ་ནར་རག་ལས་ལ།མདོར་ན།འཁོར་བ་ལ་འཇུག་པའི་དབང་དུ་བྱས་ནས་སྡུག་ཀུན་གཉིས་དང་།འཁོར་བ་ལས་ལྡོག་པའི་དབང་དུ་བྱས་ནས་འགོག་ལམ་གཉིས་སུ་བསྟན་པའི་རྒྱུ་འབྲས་དོན་གྱི་རིམ་པ་དང་།རྣལ་འབྱོར་བས་ཡུལ་ཅན་མངོན་པར་རྟོགས་པ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས་རྒྱུ་འབྲས་ཕྱིར་ལྡོག་གིས་བསྟན་ཚུལ་དེ་ནི་ཤིན་ཏུ་མད་ལ། 

       བདེན་པ་བཞི་ལས།དང་པོ་སྡུག་བསྔལ་བདེན་པ་ནི།རང་གི་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་ཞིང་འཁོར་བས་བསྡུས་པའི་ཆོས་ཤིག་ལ་སྡུག་བསྔལ་བདེན་པ་ཟེར།དེ་ལ་དབྱེ་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་།འགྱུར་བའི་སྡུག་བསྔལ།ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད།སྒྲ་ཡངས་པར་དབྱེ་བ་ལ་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཏེ་སྣོད་བཅུད་གཉིས་སུ་ངེས་ལ།བཅོམ་ལྡན་འདས་ཀྱིས།སྡུག་བསྔལ་ཤེས་པར་བྱ།ཞེས་གསུངས་པ་བཞིན།རང་ཅག་ཐ་མལ་བ་རྣམས་གང་དུ་འཁོར་བ་དང་།གང་གིས་འཁོར་བ།གང་ཞིག་འཁོར་བ།ཇི་ལྟར་འཁོར་བའི་ཚུལ་རྣམས་ལ་ལེགས་པར་དཔྱད་ན་སྡུག་བསྔལ་བདེན་པའི་རང་བཞིན་ངེས་ཤིང་དེའི་རྒྱུ་ཟློག་པའི་ཐབས་ལ་རྒྱུན་ཆགས་སུ་འབད་ཀྱི།དེ་ཡང་སློབ་དཔོན་ཆོས་ཀྱི་གྲགས་པས།དེ་ཕྱིར་མི་རྟག་ལས་སྡུག་བསྔལ།།སྡུག་བསྔལ་ལས་ནི་བདག་མེད་གསུངས།།ཞེས་གསུངས་པ་ལྟར།སྡུག་བསྔལ་བདེན་པའི་ཁྱད་ཆོས་མི་རྟག་སོགས་བཞི་རིམ་པར་ངེས་པ་ལ་བརྟེན་ནས།

སྲིད་པའི་ཁམས་ལ་ཟོ་ཆུན་གྱི་རྒྱུན་མོ་ལྟར་ཡང་ཡང་འཁོར་བའི་སྡུག་བསྔལ་གང་ལས་བྱུང་བའི་རྒྱུ་རྩད་གཅོད་ཀྱིས་སྤོང་འདོད་ངང་གིས་སྐྱེ་ལ།

       གཉིས་པ་ཀུན་འབྱུང་བདེན་པ་ནི།ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བའི་མ་རིག་པ་དང་།དེས་བསགས་པའི་ལས་དག་ལ་བྱ་ཞིང་།དེ་ལ་ཉོན་མོངས་པའི་ཀུན་འབྱུང་དང་།ལས་ཀྱི་ཀུན་འབྱུང་།དེ་གཉིས་གང་ཡང་མ་ཡིན་པའི་ཀུན་འབྱུང་གསུམ་དུ་དབྱེ་ལ།ཉོན་མོངས་པའི་ཀུན་འབྱུང་ལ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་དབྱེ་ཞིང་།ལས་ཀྱི་ཀུན་འབྱུང་ལ་བསོད་ནམས་ཀྱི་ལས་དང་།བསོད་ནམས་མ་ཡིན་པའི་པའི་ལས།མི་གཡོ་བའི་ལས་གསུམ་དང་།རེ་རེ་ལའང་འཕེན་རྫོགས་སོགས་སུ་དབྱེ་ཚུལ་མང་།དེ་གཉིས་གང་ཡང་མ་ཡིན་པའི་ཀུན་འབྱུང་ལ་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་སོགས་འཇོག་པར་རིགས།  བཅོམ་ལྡན་འདས་ཀྱིས།ཀུན་འབྱུང་སྤང་བར་བྱ།ཞེས་གསུངས་པ་བཞིན།སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཀྱང་འདི་ཉིད་ཡིན་ཞིང་།  ལས་དང་ཉོན་མོངས་པས་སྤྱི་བྱེའི་སྡུག་བསྔལ་ཇི་ལྟར་བསྐྱེད་ཚུལ་ངེས་ཤིང་དེའི་གཉེན་པོ་ལམ་ལ་བརྟེན་ནས་རིམ་གྱིས་དེ་སྤངས་ཙ་ན།ཁམས་གསུམ་གྱི་བདེ་བ་ལའང་ཞེན་ཆགས་གཏན་བྲལ་དུ་སོང་བས་སྲིད་པ་འཁོར་བ་ལས་ཡོངས་སུ་ཐར་བ་ཡིན་ལ།

       གསུམ་པ་འགོག་པའི་བདེན་པ་ནི།བཅོམ་ལྡན་འདས་ཀྱིས།མྱ་ངན་ལས་འདས་པ་ནི་ཞི་ཞིང་དགེ་བའོ།།ཞེས་གསུངས་པ་བཞིན།འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་མ་རིག་པའི་རིགས་རྒྱུན་ཕྱི་མ་སླར་མི་སྐྱེ་བའི་ཚུལ་གྱིས་མྱ་ངན་ལས་འདས་ཤིང་གཏན་དུ་ཞི་བ་ཞིག་ལ་ཐར་པའམ་སྡུག་བསྔལ་བཀག་པའི་འགོག་པ་ཟེར་ཞིང་།དེ་ལའང་ཐེག་པ་གསུམ་གྱི་འགོག་བདེན་གསུམ་དུ་དབྱེ་ལ།བཅོམ་ལྡན་འདས་ཀྱིས།འགོག་པ་མངོན་དུ་བྱ།ཞེས་གསུངས་པ་བཞིན།གཉེན་པོ་བར་ཆད་མེད་ལམ་ལ་བརྟེན་ནས་རང་གི་ངོས་སྐལ་གྱི་སྒྲིབ་པ་མཐའ་དག་གཏན་ཟད་དུ་སྤངས་པ་ན་འཐོབ་བྱ་འགོག་པའི་བདེན་པ་མངོན་དུ་བྱ་ལ།

       བཞི་བ་ལམ་གྱི་བདེན་པ་ནི།བདེན་བཞིའི་རྣམ་པ་མི་རྟག་སོགས་ཁྱད་ཆོས་བཅུ་དྲུག་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་སྒོམ་པ་ལས་བདེེན་པ་མངོན་སུམ་དུ་མཐོང་བའི་མཁྱེན་པ་ལ་བྱ་ཞིང་།དེ་ལ་ཐེག་པ་གསུམ་གྱི་ལམ་བདེན་སོགས་དབྱེ་ཚུལ་མི་འདྲ་བ་ཡོད།བཅོམ་ལྡན་འདས་ཀྱིས།ལམ་བསྒོམ་པར་བྱ།ཞེས་གསུངས་པ་བཞིན།མི་རྟག་སོགས་ཁྱད་ཆོས་བཅུ་དྲུག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འབད་པ་ལས་ཞི་བར་གནས་པ་དང་ལྷག་པར་མཐོང་བ་སྐྱེ་ཞིང་།ལྷག་མཐོང་གི་ངོ་བོ་གོང་དུ་འཕེལ་བ་ལས་བདེན་པ་མངོན་སུམ་དུ་མཐོང་བའི་ལམ་བདེན་ཐོབ་པ་ཡིན་གྱི།        

       མདོར་ན་འཁོར་བ་ལ་འཇུག་ཅིང་ལྡོག་པའི་དབང་དུ་བྱས་ནས་བདེན་བཞིའི་གནས་ལུགས་འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་བཞིན་དུ་བདེན་པ་ན་འཕགས་པའི་བདེན་པ་ཞེས་བརྗོད་ཅིང་།  དེ་ཉིད་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཕལ་མོ་ཆེར་དངོས་སམ་སྡེར་གཏོགས་ཀྱི་བརྗོད་བྱར་ཡང་བསྟན་ལ། 

       བཟླས་པ་གསུམ་གྱི་བདག་ཉིད་ཅན་གྱི་བདེན་བཞིའི་ཆོས་འཁོར་ཁོ་ན་འཁོར་ལོ་དང་པོ་རུ་འདོད་པ་ཡིན་མོད།  དེང་གི་ཞིབ་འཇུག་པ་འགས་གནའ་བོའི་དཔེ་རྙིང་མདོ་སྡེ་བསྡུས་པ་ཞེས་པར་དཔྱད་འབྲས་སུ།སྟོན་པ་བཅོམ་ལྡན་འདས་ཀྱིས་དངོས་སུ་ཡུལ་དུས་མི་འདྲ་བ་སོ་སོར་གསུངས་པ་ལས།  བཟླས་པ་གསུམ་གྱི་སྡེ་ཚན་ཕྱོགས་གཅིག་ཏུ་དྲིལ་བ་ནི་ཕྱིས་ཀྱི་བཀའ་བསྡུ་མཛད་པ་པོ་རྣམས་ཀྱིས་དྲིལ་བ་ཡིན་ཚུལ་བརྗོད་ཅིང་།ཡང་འགའ་ཞིག་གིས།དགེ་ལྡན་པའི་དབུ་ཕར་གྱི་ཡིག་ཆ་རྣམས་སུ་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་སུ་ཕྱེས་པའང་ཇི་བཞིན་ད་ལྟའི་མདོ་སྡེ་བོད་དུ་འགྱུར་བ་རྣམས་སུ་མི་གསལ་ཚུལ་དོགས་སློང་གནང་འདུག་པས་གཟུར་གནས་བློ་གྲོས་དང་ལྡན་པ་དག་གིས་དཔྱད་པའི་གཞི་ཞིག་ཏུ་སེམས་སོ།།

       སྟོན་པ་བདེ་བར་གཤེགས་པས་ཞབས་ཀྱིས་བཅགས་ཏེ་ངོ་མཚར་བའི་གསུང་གི་ཆོ་འཕྲུལ་བསྟན་ནས་བྱིན་གྱིས་བརླབས་ཤིང་།  ས་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་།  ཉན་རང་དགྲ་བཅོམ་སོགས་ཀྱིས་མཐའ་ཡས་པའི་མཛད་པ་རྒྱ་ཆེར་བསྟན་པའི་གནས།  ཡུལ་ཝཱ་རཱ་ཎ་སཱིར་གནས་མཇལ་དུ་ཕྱིན་སྐབས་སྔོན་དམ་པ་དག་གི་མདུན་ནས་བདེན་བཞིའི་རྣམ་བཞག་རྣ་བས་ཐོས་ཤིང་རང་གི་ཡིད་ལ་བསམ་པ་མཐའ་དག་ཕྱིར་དྲན་གྱིས་ཡི་གེར་ཕབ་པ་ན་རྡོ་ཆག་བཙན་བསྒྲིགས་བཞིན་ཚིག་དོན་རབ་རིབ་ཏུ་གྱུར་པས།  རེ་ཞིག་སྤམ་མདོག་གིས་ཆིག་ཤད་བྲིས་པ་བཅས་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་གླེང་བ་དགེ་ལེགས་འཕེལ།།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.