2023.5.9 2 15༄༅།། ལོ་རེའི་ཕྱི་ཟླ་ ༥ ཚེས་ ༩ ཉིན་ནི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་འདི་ཉིད་དངོས་སུ་དབུ་ཚུགས་པའི་དུས་སྟོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་འདིར་ཆིབས་བསྒྱུར་བསྐྱངས་པའི་ཉིན་མོ། སློབ་གཉེར་ཁང་འདིའི་སློབ་ཐོན་མཛད་སྒོ་བསྐྱང་རྒྱུའི་ཉིན་མོ་བཅས་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་ཞིག་ལ་ལོ་བསྟར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ད་ལོ་ཡང་ལོ་དྲུག་རིང་རིག་གནས་ཟུར་སྦྱོང་བྱས་པ་འཛིན་རིམ་བཅུ་པ་ཐོན་པའི་ཕྱག་འཁྱེར་དང་། ཕྱི་ལོ་ ༢༠༢༢ ལོའི་སློབ་སྦྱོང་དང་ལས་བྱེད་ལེགས་ཤོས་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར། དེ་བཞིན་དགེ་རྒན་གྱི་ཕྱག་ལས་གནང་ནས་ལོ་ཉི་ཤུ་ལོངས་པ་ལ་སློབ་དཔོན་ཆེན་མོ་དང་། བཅོ་ལྔ་ལོངས་རིགས་ལ་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་བཅས་ཀྱི་མཛད་སྒོ་སྔ་ཕྱི་དྲོ་གཉིས་ཀར་སྐྱོང་གནང་མཛད་ཡོད།

དེ་ཡང་སྔ་དྲོའི་ཆུ་ཚོད་ ༩.༠༠ ཐོག་བླ་ན་མེད་པའི་སྐུ་མགྲོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གྲྭ་ཚང་གི་ཚོམས་ཆེན་དུ་རིག་གནས་སློབ་ཐོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་༸ཞབས་སོར་འཁོད་པ་དང་འདི་གའི་སློབ་གཉེར་པ་བཞིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་པ་དང་ཆབས་གཅིག། གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་། དེ་རྗེས་འདི་གའི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སོ་རུ་དར་རྒྱས་ལགས་ནས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདིའི་སློབ་སྦྱོང་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་༸སྙན་སེང་ཞུས། ལས་བསྡོམས་ཆ་ཚང་འདིར་མནན་ན་གཟིགས་ཐུབ།

སློབ་སྤྱིའི་ལས་རོགས་ཚོང་རུ་སེངྒེ་མཆོག་ནས། སྐབས་གསུམ་པའི་འབྲིང་རིམ་རིག་གནས་སློབ་ཐོན་པ་རྣམས་ཀྱི་མཚན་གཞུང་དང་རྒྱུགས་འབྲས་ཀྱི་བརྒྱ་ཆའི་ཐོབ་ཆ། ཨང་རིམ་སོགས་རེ་རེ་བཞིན་གསལ་བཤད་ངོ་སྤྲོད་དང་། ཕྱི་ལོ་ ༢༠༢༢ ལོའི་རིགས་ལམ་དང་རིག་གནས་འཛིན་གྲྭ་ཁག་གི་རྒྱུགས་འབྲས་ཨང་དང་པོ་དང་གཉིས་པ། གསུམ་པ་རྣམས་ཀྱི་རྒྱུགས་འབྲས་ཁག དེ་བཞིན་གྲྭ་ཚང་འདིར་དགེ་རྒན་གྱི་ཕྱག་ལས་གནང་སྟེ་ལོ་བཅོ་ལྔ་དང་། ཉི་ཤུ་ལོངས་པ་རྣམས་ཀྱི་ཕྱག་ལས་གང་གནང་སོགས་ལོ་རྒྱུས་མདོར་བསྡུས་བཅས་༸སྙན་སྒྲོན་ཞུས་པ་དང་ཆབས་ཅིག

བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། རིག་གནས་སློབ་ཐོན་པའི་བཀའ་ཤོག་ཕྱག་ཁྱེར་དང་། གཟེངས་བསྟོད་ཕྱག་ཁྱེར་དང་ལེགས་དར་བཅས་གསོལ་སྩལ་གནང་གྲུབ་པ་དང་།

བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དགེ་སློབ་ལས་བྱེད་ཡོངས་ལ་ལུགས་གཉིས་བླང་དོར་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ།

 

 

2023.5.9 1 1 2023.5.9 1 2 2023.5.9 1 12
2023.5.9 1 13 2023.5.9 1 14 2023.5.9 1 3
2023.5.9 1 4 2023.5.9 1 5 2023.5.9 1 6
2023.5.9 1 7 2023.5.9 1 9 2023.5.9 1 10
2023.5.9 1 11 2023.5.9 1 15 2023.5.9 1 16

 

མཇུག་ཏུ་གྲྭ་ཚང་གི་སྐུ་ཚབ་མ་སངས་བརྩོན་འགྲུས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་པ་དང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་རྗེས་སྔ་དྲོའི་མཛད་སྒོ་ཡོངས་སུ་གྲོལ་འཕྲལ་ཕྱག་འཁྱེར་འབུལ་བཞེས་གནང་མཁན་རྣམས་དང་སྐུ་པར་ལྷན་བསྒྲོན་གནང་བ་བཅས་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ།

ཉིན་རྒྱབ་ཆུ་ཚོད་ ༢.༠༠ ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་༸ཞབས་སོར་འཁོད་པ་དང་ཆབས་ཅིག་མཛད་སྒོ་དབུ་འཛུགས་གནང་།

སློབ་སྤྱི་སོ་རུ་དར་རྒྱས་མཆོག་ནས། སྐབས་གསུམ་པའི་རིག་གནས་འཛིན་རིམ་བཅུ་པ་ཐོན་པ་རྣམས་ཀྱི་ཨང་རིམ་དང་མཚན་གཞུང་། རྒྱུགས་འབྲས་ཀྱི་བརྒྱ་ཆའི་ཐོབ་ཆ་བཅས་རེ་རེ་བཞིན་ངོ་སྤྲོད་ཞུས་པ་དང་ཆབས་ཅིག ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་ལེགས་དར་གསོལ་བསྩལ་གནང་།

དེ་བཞིན་སློབ་སྤྱིའི་ལས་རོགས་ཚོང་རུ་སེངྒེ་མཆོག་ནས། ཕྱི་ལོ་ ༢༠༢༢ རིགས་ལམ་དང་རིག་གནས་འཛིན་གྲྭ་ཁག་གི་རྒྱུགས་འབྲས་ཨང་དང་པོ་དང་གཉིས་པ། གསུམ་པ། འཛིན་སྐྱོང་ལས་བྱེད་ཁོངས་ནས་ལས་ཀ་ལེགས་ཤོས་འོས་ཐོབ་དང་གཉིས་གསུམ་རྣམས། གྲྭ་ཚང་འདིར་དགེ་རྒན་དང་འཛིན་སྐྱོང་ཁོངས་ཕྱག་ལས་གནང་ནས་ལོ་ཉེར་ལྔ་དང་ཉི་ཤུ། བཅོ་ལྔ། བཅུ་ལོངས་པ་བཅས་ཀྱི་མཚན་དང་ཞབས་ཕྱི་ཅི་ཞུས་སོགས་ངོ་སྤྲོད་ཞུས་པ་དང་ཆབས་ཅིག ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་གཟེངས་བསྟོད་ཕྱག་ཁྱེར་དང་ལེགས་དར་སོགས་གསོལ་བསྩལ་གནང་།

དེ་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་དགེ་སློབ་ལས་བྱེད་ཡོངས་ལ་འདི་ཕྱི་དགེ་བའི་བླང་དོར་ལམ་སྟོན་བཀའ་སློབ་གསུང་བཤད་བཀའ་དྲིན་ཆེ་བར། དེ་རིང་གི་མཛད་སྒོ་འདི་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་པའི་དུས་དྲན་དང་བསྟུན་ནས་ཕྱག་འཁྱེར་བཞེས་པའི་ཉིན་མོ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། དེ་རིང་གྲྭ་པ་རྒན་གཞོན་མང་པོ་ཞིག་གིས་ཕྱག་འཁྱེར་བཞེས་པ་ནི། སོ་སོའི་ངོས་ནས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་པའི་གྲུབ་འབྲས་རེད། མ་འོངས་པར་ཡང་སློབ་སྦྱོང་དང་ལས་ཀ་སོགས་རང་རང་གི་འགན་འཁྲིའི་ལས་དོན་ཐོག་མུ་མཐུད་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་སྔ་ཕན་ཆད་རང་རང་གི་ངོས་ནས་དཀའ་ལས་བརྒྱབས་པ་དེ་དག་ནི་བོད་སྤྱི་པའི་དོན་དག་རེད་ལ། སངས་རྒྱས་ཀྱི་བསྟན་པ་སྤྱིའི་དོན་དག་ཀྱང་རེད། བླ་མ་གྲྭ་ཚང་གི་ཞབས་ཕྱི་ཡང་ཡིན་དུས། ཆོས་དགེ་བ་བྱ་བ་ཡང་འདི་ཡིན་སྙམ་པའི་བསམ་བློ་བཏང་སྟེ་བསགས་ཟིན་པའི་དགེ་བ་དེ་དག་ལ་བསྔོ་བ་སྨོན་ལམ་གྱིས་རྒྱས་ཐེབས་པ་ཞིག་བྱུང་ན་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཆེ་བ་ཞིག་ཡོང་གི་རེད། ད་ཕྱིན་ཆད་ཡིན་ནའང་བསྟན་པ་དང་འགྲོ་བའི་དོན་གྱི་བྱ་བ་འདི་ཡིན་སྙམ་པའི་ཐོག་ནས་རང་རང་གི་འགན་དུ་འཁྲི་བའི་ལས་དོན་ཐོག་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
རྡ་རམ་ས་ལར་བཞུགས་མཁན་ཚོར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་གསུང་ཆོས་ལན་མང་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་ཡོད་དུས། འདིར་ཡོད་མཁན་རྣམས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱིས་འཚོས་བསྡད་པ་ལྟ་བུའི་མི་ཞིག་ཏུ་གྱུར་ཡོད། བཀའ་སློབ་ལ་ཉན་པ་ཙམ་དུ་མ་བཞག་པར་རང་རང་གི་ངོས་ནས་གང་ཐུབ་པ་ཞིག་ལག་ལེན་དུ་བསྟར་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་ལོ་མང་པོར་རྡ་རམ་ས་ལར་བསྡད་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གསུང་ཆོས་ཉན་པའི་དགོས་དོན་གྲུབ་པ་རེད།
ཞེས་སོགས་གསུངས། བཀའ་སློབ་ཆ་ཚང་འདིར་མནན་ན་གཟིགས་ཐུབ།

 

2023.5.9 2 1 2023.5.9 2 2 2023.5.9 2 3
2023.5.9 2 6 2023.5.9 2 7 2023.5.9 2 8
2023.5.9 2 9 2023.5.9 2 10 2023.5.9 2 11
2023.5.9 2 12 2023.5.9 2 13 2023.5.9 2 14

མཇུག་ཏུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གྲྭ་མང་དང་འབྲེལ་ཡོད་སེར་སྐྱ་ཡོངས་ལ་མཇལ་ཁ་དང་ཕྱག་མདུད་གནང་ནས་མཛད་སྒོ་གྲུབ་བསྟུན་ཕྱག་ཁྱེར་ཁག་བཞེས་མཁན་སྡེ་ཚན་སོ་སོར་སྐུ་པར་ལྷན་བསྒྲོན་གནང་བ་བཅས་ཕྱི་དྲོའི་མཛད་རིམ་ལེགས་པར་གྲུབ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.