༄༅།། བླ་ན་མེད་པའི་སྐུ་མགྲོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་ལས་སྣེ་དང་། དགེ་སློབ་ལས་བྱེད་ཡོངས་ལ་ཐོག་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སློབ་གཉེར་ཁང་འདིའི་ཤེས་ཡོན་དང་འབྲེལ་བའི་ལས་བསྡོམས་མདོར་བསྡུས་ཤིག་ྋསྙན་སེང་ཞུ་རྒྱུ་ཡིན།

 

        བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ནི། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སོགས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ནས་སྐུ་ངལ་གང་མང་ཁྱད་དུ་བསད་དེ། ཕྱི་ལོ་ ༡༩༨༨ ཟླ་ ༤ པའི་ནང་ཀིརྟིའི་བྱེས་པ་གྲྭ་ཚང་འདིའི་ཐོག་མའི་རྨང་གཞི་བཏིངས་ཏེ་ཕྱག་འདེབས་མཛད་པ་དང་། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༤ པའི་ནང་། མཁན་པོ་དང་དགེ་སྐོས། དབུ་མཛད་བཅས་ལས་ཀྱི་སྣེ་མོ་པ་རྣམས་གསར་བསྐོས་ཀྱིས་གྲྭ་ཚང་གི་ངོ་བོ་ཚུགས།

 

        ལོ་དེའི་ཕྱི་ཟླ་ ༨ པའི་ནང་སློབ་གཉེར་པ་གྲྭ་གྲངས་སུམ་ཅུ་ལྷག་འཛིན་གྲྭ་གཅིག་བྱས་ཏེ་སུམ་རྟགས་དག་གསུམ་དང་གྲུབ་མཐའ། ཡིག་གཟུགས་བཅས་བསླབས་ནས་སློབ་སྦྱོང་གི་མགོ་བཟུང་། དེ་རྗེས་གྲྭ་འབོར་ཇེ་མང་དུ་ཕྱིན་ཏེ་ཕྱི་ལོ་ ༡༩༩༢ ཟླ་ ༤ པ་ནས་སྔོན་འགྲོའི་འཛིན་གྲྭ་གཉིས་དང་དངོས་གཞིའི་འཛིན་གྲྭ་ལོ་ཡུན་གསུམ་ཅན་དང་། དེའི་སློབ་ཚན་དང་རྒྱུགས་སྤྲོད་ཀྱི་འགྲོ་རིམ་ཆ་ཚང་བ་གཏན་འབེབས་གནང་སྟེ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཞེས་པ་འདི་དངོས་སུ་ཚུགས།

 

        སྤྱིར་སློབ་གཉེར་ཁང་འདིའི་སློབ་ཐོན་དང་ལོ་རེའི་མཛད་སྒོ་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༩ ཉིན་གྲྭ་ཚང་འདིའི་སློབ་ཐོན་ཐེངས་དང་པོའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་དྲུང་ནས་སློབ་ཐོན་ཕྱག་ཁྱེར་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས་པ་ནས་བཟུང་ཟླ་ཚེས་དེ་ཉིན། སློབ་གཉེར་ཁང་འདི་དངོས་སུ་དབུ་ཚུགས་པའི་དུས་སྟོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་འདིར་ཆིབས་བསྒྱུར་བསྐྱངས་པའི་བཀའ་དྲིན་རྗེས་དྲན། སློབ་གཉེར་ཁང་འདིའི་སློབ་ཐོན་མཛད་སྒོ་བཅས་དུས་ཆེན་སུམ་འཛོམས་ཤིག་ལ་ངོས་འཛིན་གྱིས་ལོ་བསྟར་དུས་དྲན་དེ་སྲུང་བརྩི་ཞུ་བཞིན་ཡོད།

 

        ཐུན་མོང་བའི་རིག་གནས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་སློབ་ཐོན་གྱི་གྲངས་ནི། ཕྱི་ལོ་ ༡༩༩༦ ལོར་དངོས་གཞིའི་ལོ་རིམ་ལོ་ཡུན་གསུམ་ཅན་ཐེངས་དང་པོར་བསླབ་པ་མཐར་ཕྱིན་ཏེ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་ཁྱེར་བཞེས་མཁན་མི་ ༩ བྱུང་བ་དང་། དེ་རྗེས་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་དངོས་གཞིའི་སློབ་ཡུན་ལོ་གསུམ་ཅན་དེ་ལོ་ཡུན་ལྔ་ལ་སྤར་ནས། དངོས་གཞིའི་སློབ་སྦྱོང་ལོ་ལྔ་བྱས་ནས་མཐོ་རིམ་རིག་གནས་སློབ་ཐོན་པ་སྐབས་བཅུ་གཉིས་བར་དུ་བསྡོམས་སློབ་ཐོན་པ་གྲངས་ ༨༦ དང་། འབྲིང་རིམ་རིག་གནས་སློབ་ཐོན་པ་གྲངས་ ༤།

 

        ཕྱི་ལོ་ ༢༠༡༢ ནས་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་འགལ་རྐྱེན་དུ་མི་འགྲོ་བའི་ཆེད་སྔར་ཡོད་རིག་གནས་ཀྱི་སློབ་ཚན་ལ་ཉུང་འཕྲི་བྱས་ཏེ་སུམ་རྟགས་དང་སྙན་ངག ཆོས་འབྱུང་ཙམ་ལས་མི་དགོས་པའི་རིག་གནས་ཟུར་སྦྱོང་ལོ་རིམ་དྲུག་ཅན་ཞིག་གཏན་འབེབས་གནང་བ་ནས་སྐབས་དང་པོ་དང་གསུམ་པ་བར་སློབ་ཐོན་པ་གྲྭ་གྲངས་ ༣༠ བཅས་ཁྱོན་བསྡོམས་རིག་གནས་སློབ་ཐོན་པ་གྲངས་ ༡༢༠ བྱུང་ཡོད།

 

མཐོ་རིམ་རིག་གནས་རབ་འབྱམས་པ་རྣམས་ཀྱིས་ལོ་ལྔ་ལ་སྦྱངས་པའི་རིག་གནས་སློབ་ཚན་ཆ་ཚང་བར་ཟླ་ཤས་རིང་བསྐྱར་སྦྱོང་གིས་མཐར་ཕྱིན་རྒྱུགས་སྤྲོད་ཅིག་གནང་དགོས་པས། དངོས་གཞིའི་སློབ་ཡུན་ལོ་ལྔའི་རིང་གི་རྒྱུགས་ཆ་ཚང་བ་འཕྲོད་ནའང་མཐར་ཕྱིན་སློབ་ཐོན་གྱི་རྒྱུགས་ཆེན་མ་འཕྲོད་པས་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་བཞེས་མ་ཐུབ་པ་གྲངས་ ༧ དང་། རིག་གནས་ཟུར་སྦྱོང་བྱེད་མཁན་རྣམས་ལ་མཐར་ཕྱིན་གྱི་རྒྱུགས་ཆེན་མེད་ནའང་ལོ་དྲུག་རིང་གི་རྒྱུགས་འབྲས་ཁག་སྤྱི་བསྡོམས་བརྒྱ་ཆ་ ༤༦ མ་ལོངས་ཚེ་ཕྱག་ཁྱེར་འབུལ་ཐབས་མེད་པ་སྒྲིག་གཞིའི་གཏན་འབེབས་ཡིན། ལོ་ཡུན་དང་སློབ་ཚན་མང་ཉུང་ལ་མ་ལྟོས་པར་རིག་གནས་སློབ་ཐོན་པའི་ཕྱག་ཁྱེར་བཞེས་མཁན་འདི་ལོ་བར་བསྡོམས་ ༡༡༡ བྱུང་བ་དང་། ཕྱག་ཁྱེར་བཞེས་པར་རྒྱུགས་ཚད་ཀྱིས་མ་འདངས་པའི་སློབ་ཐོན་པ་གྲངས་ ༩ བྱུང་བ་བཅས་ཐུན་མོང་རིག་གནས་ཀྱི་སློབ་སྦྱོང་སྤྲད་པའི་སྐོར་དང་།

 

        ཐུན་མོང་མ་ཡིན་པ་ནང་དོན་རིག་པའི་གཞུང་ཆེན་མོའི་སློབ་སྦྱོང་གི་བརྒྱུད་རིམ་དང་སློབ་ཐོན་གྱི་གྲངས་ནི། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་ལམ་སྟོན་ལྟར། ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་འདི་གའི་སློབ་གཉེར་པ་རྣམས་དགེ་འདུན་པ་ཤ་སྟག་ཡིན་དུས་ནང་ཆོས་ཀྱི་གོ་རྟོགས་ལེགས་པོ་ཞིག་དགོས་པ་ལྷག་ཏུ་གལ་ཆེ་བར་གཟིགས་ཏེ། ཕྱི་ལོ་ ༡༩༩༣ ལོར་གྲྭ་ཚང་འདིར་མཚན་ཉིད་དམ་རིགས་ལམ་འཛིན་གྲྭ་གསར་འཛུགས་ཀྱི་དབུ་བཟུང་བ་དང། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༦ ཉིན་རིག་གནས་སྡེ་ཚན་ལས་ལོགས་སུ་རིགས་ལམ་འཛིན་གྲྭ་ཞིག་གསར་འཛུགས་གནང་བ་དང་འབྲེལ། བསྡུས་གྲྭ་དང་། བློ་རིག རྟགས་རིགས། གྲུབ་མཐའ་དང་ས་ལམ་སོགས་ལོ་ཡུན་བཞི་དང། ཕར་ཕྱིན་ལོ་ཡུན་བདུན། དབུ་མ་ལོ་ཡུན་བཞི། མཛོད་ལོ་ཡུན་གསུམ། འདུལ་བ་ལོ་ཡུན་གསུམ། དགེ་བཤེས་རྒྱུགས་སྤྲོད་ལོ་ཡུན་ལྔ། སྔགས་ལ་ལོ་ཡུན་གསུམ་བཅས་མདོ་སྔགས་གཉིས་ཀར་སློབ་གཉེར་གྱི་ལོ་ཡུན་ཉེར་དགུ་ཅན་རིམ་གྱིས་གཏན་འབེབས་གནང་བ་ནས་བཟུང་། ད་བར་དུ་ཕར་ཕྱིན་སློབ་ཐོན་པ་བསྡོམས་གྲངས་ ༤༢ དང་། དབུ་མ་སློབ་ཐོན་པ་བསྡོམས་གྲངས་ ༢༦། མཛོད་སློབ་ཐོན་པ་བསྡོམས་གྲངས་ ༢༣། འདུལ་བ་སློབ་ཐོན་པ་བསྡོམས་གྲངས་ ༡༦ བྱུང་བ་བཅས། དེ་རིང་བར་དུ་གཞུང་ཆེན་རབ་འབྱམས་པ་ཁག་གི་ཕྱག་ཁྱེར་བཞེས་མཁན་བསྡོམས་མི་གྲངས་ ༡༠༧ བྱུང་ཡོད།

 

གྲྭ་ཚང་འདི་ནས་མཛོད་འདུལ་གཉིས་ཕུད་པའི་ཕར་ཕྱིན་དང་དབུ་མའི་གཞུང་ཆེན་རབ་འབྱམས་ལ་སློབ་གཉེར་གནང་བའི་རྗེས་མཐར་ཕྱིན་གྱི་རྒྱུགས་སྤྲོད་ཆེ་བ་རེ་དམིགས་བསལ་གྱིས་སྤྲོད་དགོས་པ་དང་། དབུ་ཕར་སློབ་ཐོན་པ་དང་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་མཁན་རྣམས་ཀྱིས་གཞུང་ཆེན་མོ་ལ་སྦྱངས་པའི་འབྲས་རྟགས་སུ་གཞུང་ཆེན་མོ་ཇི་ལྟར་རྩོད་ཚུལ་གྱི་རྣམ་གཞག་གསལ་བར་བསྟན་པའི་ཁྱབ་མཐའི་རྩོམ་རྒྱུགས་དང། ཡང་ན། ཆེད་རྩོམ་རེ་འཛིན་གྲྭ་སྤྱི་གཞུང་ནས་ངེས་པར་དུ་བྲི་དགོས་པའི་ལམ་སྲོལ་བཏོད་པ་ནས་བཟུང་འདི་ལོ་བར་རྩོམ་དེབ་བདུན་གསར་རྩོམ་གྱིས་པར་འགྲེམས་བྱེད་ཐུབ་ཡོད།

 

      སློབ་གཉེར་ཁང་འདིའི་སློབ་ཚན་གྱི་རིམ་པ་ནི་གྲྭ་ཚང་འདི་གསར་ཚུགས་སྐབས་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས། བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གང་ཉིད་ཀྱིས་དབུས་འབྲེལ་ཡོད་མཁས་དབང་མང་པོར་གོ་བསྡུར་གྱིས་སྤྱིར་བཏང་གི་རིག་གནས་ཙམ་སློབ་སྦྱོང་བྱེད་པའི་སློབ་གཉེར་ཁང་ཞིག་མིན་པར། བོད་རང་དུ་གནའ་རབས་ནས་འཕེལ་རྒྱས་བྱུང་བ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུ་དང་། དེ་ཡང་སློབ་ཚན་གྱི་གཞུང་རྣམས་ཀྱང་རིས་སུ་མ་ཆད་པའི་སྔོན་བྱོན་མཁས་པའི་གསུང་ཚད་ལྡན་གྲགས་ཅན་ཤ་སྟག་གཏན་འབེབས་གནང་ཡོད། དེ་ནི་དུས་རབས་ཉི་ཤུ་པའི་ནང་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉི་གར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་དང་འཇིག་གི་མཚམས་ལ་ལྷུང་བ་བསྐྱར་གསོའི་དུས་ལ་སླེབས་ནས་འབད་བཞིན་པའི་སྐབས་ཁེལ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་སྟབས། ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱིས་རྒྱུན་འཛིན་བྱེད་རྒྱུ་བོད་མི་ཡོངས་ཀྱི་འོས་འགན་གལ་ཆེ་ཤོས་དེ་ཆགས་ཡོད་པ་དང་།

 

ཡང་སྒོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་རང་གཞུང་ནས་མི་མང་ལ་དེའི་ཐོག་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་དང་། འཆར་གཞི་ལྡན་པའི་མཛད་བྱུས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་བཟུང་ནས་ཕེབས་བཞིན་པའི་སྐབས་འདིར་སློབ་གཉེར་ཁང་འདི་ནས་ཀྱང་འཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་བོད་རང་ལ་གནའ་རབས་ནས་དར་བའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་ཡོད་པ་རྣམས་ཀྱི་ཐོག་སློབ་སྦྱོང་སྤྲོད་པའི་ལམ་སྲོལ་ལག་ལེན་དུ་བསྟར་བས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། “ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་པ་འདི་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་བོད་སྤྱིའི་དོན་དག་ཐོག་ཕན་ཐོགས་ཀྱི་ཡོད་ཙང་ད་རུང་ཡིན་ནའང་མུ་མཐུད་དུ་ཧུར་ཐག་བྱེད་རོགས་གྱིས། དེང་སང་བོད་སྤྱིའི་གནས་སྟངས་དཀའ་ཉེན་ལས་སྐྱོབ་པའི་ཐབས་ཤེས་ནི་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་རེད། འདིར་བོད་གནའ་རབས་ཀྱི་རིག་གཞུང་གཙོ་བོར་བཟུང་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ནི་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་ཉམས་ཆག་ཤུལ་མེད་དུ་འགྲོ་བཞིན་པའི་སྐབས་སུ་རྣག་ཐོག་གཙག་འཁེལ་ལྟ་བུའི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།” ཅེས་བཀའི་བསྔགས་བརྗོད་དང་ལམ་སྟོན་ཟབ་མོ་ཕེབས་ཡོད།

 

        སློབ་གཉེར་ཁང་འདིའི་སློབ་མའི་ཡོང་ཁུངས་ནི། གཞིས་ཀྱི་ཀིརྟི་ཚང་གི་གདན་ས་ཁག་གིས་གཙོས་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་གཞོན་རྣམས་ཡིན། གྲྭ་ཚང་འདིར་ད་ལྟའི་བར་དགོན་སྡེ་ཁག་མི་འདྲ་བ་སུམ་ཅུ་མ་ཟིན་ཙམ་གྱི་གྲྭ་རྒྱུན་གྲངས་ ༦༨༨ འབྱོར་ཡོད།

 

        ྋསྐྱབས་མགོན་ཀིརྟི་རིན་པོ་ཆེར་ལ་དྭགས་རྒྱ་བོའམ་རྡོར་གདན་མཁན་པོ་ངག་དབང་བསམ་གཏན་རིན་པོ་ཆེས། རྡོ་རྗེ་གླིང་སུ་ཁེ་དགེ་ལྡན་བཀྲ་ཤིས་ཆོས་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱི་ལོ་ ༡༩༦༨ ལོར་དད་འབུལ་ཞུས་པ་ནས་བཟུང་༸ཁོང་རིན་པོ་ཆེ་མཆོག་གིས་གཟིགས་སྐྱོང་གནང་མུས་ལ་བརྟེན། ཕྱི་ལོ་ ༢༠༠༠ ཙམ་ནས་དགོན་དེའི་གྲྭ་རྒྱུན་རྣམས་ལ་འདི་ནས་སློབ་སྦྱོང་སྤྲོད་པའི་ལམ་སྲོལ་བཟོས་ཏེ། དེང་སྐབས་འདི་གར་རྡོར་གླིང་སུ་ཁེ་དགོན་པའི་སློབ་གཉེར་པ་གྲངས་བརྒྱད་ཅུ་རྩ་གྲངས་ཤིག་ཡོད་པ་ལས་འགའ་ཤས་དབུ་མའི་འཛིན་གྲྭ་དང། འགའ་ཤས་ཀྱིས་ཕར་ཕྱིན་གྱི་གཞུང་ལ་སློབ་གཉེར་གནང་བཞིན་པ་བཅས་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་ནུས་པ་ཅན་དུ་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་། གོམས་གཤིས་ཀྱི་དབང་གིས་རྒྱུན་རིང་གྲྭ་པ་བྱས་ཏེ་སྡོད་མི་ཐུབ་པ་དང་། སློབ་སྦྱོང་གི་ཐོག་ནུས་པ་དེ་ཙམ་འདོན་མི་ཐུབ་མཁན་རེ་ཟུང་ཡོང་གི་འདུག་ནའང་སྤྱི་ཡོངས་ནས་སུ་ཁེ་ཀིརྟི་དགོན་གྱི་གྲྭ་རྒྱུན་རྣམས་ཡག་པོ་ཡོད།

 

        སློབ་གཉེར་ཁང་འདིའི་སློབ་ཐོན་པ་རྣམས་ཀྱིས་ཕྱག་ལས་གནང་སྟངས་ཀྱི་སྐོར། སློབ་གཉེར་ཁང་འདིའི་ཐོག་མའི་དམིགས་ཡུལ་བཞིན་བོད་ནང་དུ་རིག་གནས་འཆད་ཁྲིད་བྱེད་པར་འགྲོ་རྒྱུ་ལྟོས་འཇོག་གིས་དཀའ་ནའང་། ད་བར་གང་འཚམ་ཞིག་བོད་ནང་དུ་ཕྱིན་ཏེ་སོ་སོའི་དགོན་པ་གྲྭ་ཚང་ལ་རིག་གནས་ཀྱི་ཐོག་ནས་སློབ་སྤྱི་དང་དགེ་རྒན་གྱི་ཞབས་ཕྱི་ཞུ་བཞིན་པ་དང་། དེ་བཞིན་བཙན་བྱོལ་ནང་དུ་སློབ་སྤྱི་དང་དགེ་རྒན། རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་སྟེ་སྤྱི་ཚོགས་ནང་གྲུབ་འབྲས་གཟེངས་ཐོན་བྱུང་བ་ཡང་མང་དུ་ཡོད། ཀིརྟིའི་བྱེས་པ་གྲྭ་ཚང་རང་དུ་ཡང་སློབ་སྤྱི་དང་དགེ་རྒན། རྩོམ་སྒྲིག་པ། འཛིན་སྐྱོང་ཐོག་ཕྱག་ལས་གནང་དང་གནང་བཞིན་པ་སོགས་རིམ་པར་བྱུང་ཡོད།

 

སློབ་གཉེར་ཁང་འདི་ནས་རིག་གནས་སློབ་ཐོན་པ་ཚོར་རྒྱུགས་སྤྲོད་ལེན་བྱེད་སྟངས་སོགས་ཀྱི་ཉམས་མྱོང་གསོག་པ་དང་ཆབས་ཅིག་རྩོམ་སྒྲིག་གི་ལས་ཀ་ཡང་ཤུགས་ཆེ་ཙམ་བྱེད་འཇུག་གི་ཡོད། འདི་ནས་རྩོམ་སྒྲིག་དང་པར་སྐྲུན་བྱས་པ་དེབ་གྲངས་མ་འདྲ་བ་ཉིས་བརྒྱ་དང་དྲུག་ཅུ་རེ་གསུམ་ཡོད། སྔར་དེབ་གྲངས་བརྒྱ་ལོངས་པའི་སྐབས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཉིད་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ད་ལྟའི་སྲིད་སྐྱོང་༸མི་རྗེ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྣམ་པ་གཉིས་ཀྱིས་གཙོས་པའི་སྐུ་མགྲོན་མང་པོ་གདན་ཞུས་ཀྱིས་མཛད་སྒོ་ཞིག་སྤེལ་ཡོད་པ་མཁྱེན་གསལ་ལྟར་ལགས།

        འདི་ནས་པར་འགྲེམས་བྱས་པའི་དཔེ་དེབ་ཁག་ནི། དགོན་སྡེ་ཁག་དང་། ཚོགས་སྡེ། སློབ་གྲྭ་ཆེ་ཁག་བཞི་བཅུ་ཙམ་གྱི་དཔེ་མཛོད་ཁང་སོ་སོར་རིན་མེད་ཀྱིས་པར་ཕུད་རེ་འབུལ་བཞིན་ཡོད།

 

        སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དང་། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱི་ལམ་སྟོན་བཀའ་སློབ་ཀྱི་དགོངས་དོན་ལྟར་སྔར་མེད་གསར་གཏོད་ལྟ་བུར། བོད་ཀྱི་བརྡ་སྤྲོད་པའི་སུམ་རྟགས་གཉིས་རྟགས་གསལ་གཏོང་སྟངས་དང་སྦྱར་བའི་སྔོན་འགྲོ་དང་དངོས་གཞིའི་སློབ་དེབ་གཉིས་རེ་གསར་རྩོམ་དང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་མཐའ་དཔྱོད་རྒྱས་པ་རེ་རྩོམ་བསྒྲིགས་བྱས་པ་སོགས་ཐུན་མོང་བའི་རིག་གནས་ཐོག་གྲྭ་ཚང་འདི་ནས་ཞབས་འདེགས་གང་འཚམ་ཞུས་པའི་ཁུལ་ཡིན།

 

        གོང་ཞུས་བཞིན་ཕྱི་ལོ་ ༡༩༩༠ ནས་ད་ལྟའི་བར་གྲྭ་ཚང་འདིར་སློབ་གཉེར་བ་གྲྭ་གྲངས་ ༦༨༨ འབྱོར་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ནས་བོད་མི་བཙན་བྱོལ་ལ་འབྱོར་མཁན་ཉུང་དུ་ཕྱིན་པས་གྲྭ་ཚང་འདིར་ཡང་སློབ་གཉེར་བའི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག ད་ལྟའི་ཆར་སློབ་གཉེར་ཁང་འདིར་དགེ་སློབ་ལས་བྱེད་ཡོངས་བསྡོམས་ ༡༨༠ ཡོད་དེའི་ནང་སློབ་གཉེར་གནང་མཁན་གྲྭ་ ༡༡༠ དང་། དགེ་རྒན་གྲངས་ ༡༨། གཞན་དག་རྣམས་རྩོམ་སྒྲིག་སྡེ་ཚན་དང་ཀློག་ཀླད་ལས་བྱེད། ཚེམ་བཟོ་ཁང་དང། འཛིན་སྐྱོང་ནང་ཕྱག་ལས་གནང་མཁན་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ནང་། བི་ཀྲ་མ་ལ་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། ། རྩ་བའི་སྡེ་བཞི་ཚང་བར་བཞུགས། །ཞེས་གསུངས་པ་བཞིན། འདིར་སློབ་གཉེར་པའི་གྲངས་འབོར་དེ་ཙམ་མེད་ནའང་སློབ་སྦྱོང་གི་ཁ་ཕྱོགས་དང་ལམ་སྟོན་མ་ནོར་བའི་ཉེར་ལེན་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཐོག་འཆད་རྩོད་རྩོམ་གསུམ་གང་བྱེད་དགོས་ཀྱང་བྱེད་ཐུབ་མཁན་རིགས་རིམ་གྱིས་ཡོང་བསྡད་ཀྱི་འདུག

 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པའི་འདུས་སྡེ་ཁག་གི་ནང་ཚན་རིག་སློབ་དགོས་པའི་ལམ་སྟོན་བཀའ་སློབ་རིམ་པར་གནང་སྟེ་ཆོས་སྡེ་ཆེ་ཁག་མང་ཆེ་བར་ཚན་རིག་གི་སྡེ་ཚན་ཟུར་འཛུགས་བྱས་ཡོད་ནའང་། གྲྭ་ཚང་འདི་ནས་དམིགས་བསལ་སྡེ་ཚན་ཟུར་འཛུགས་བྱེད་མ་དགོས་པར་རང་གཞུང་ཆོས་རིག་ལས་ཁུངས་ནས་ཚན་རིག་ཟབ་སྦྱོང་གི་གོ་སྐབས་ནམ་གནང་སྐབས་ཆ་ཤས་བླངས་ཏེ་ཚན་རིག་ལ་སློབ་སྦྱོང་གང་ཐུབ་བྱེད་བཞིན་ཡོད།

 

དེ་རིང་འདིར་སྐབས་གསུམ་པའི་རིག་གནས་སློབ་ཐོན་པ་དང་རྒྱུགས་འབྲས་ལེགས་ཤོས་རྣམས་ཀྱིས་གཞུང་ཆེན་སོ་སོར་སྦྱངས་པ་གནང་བ་དང་། དགེ་རྒན་སོགས་ཀྱིས་ཕྱག་ལས་ལོ་མང་གནང་སྟེ་ཕྱག་ཁྱེར་འབུལ་བཞེས་འདི་དག་སོ་སོའི་བྱས་པ་རྣམས་རྗེས་མེད་དུ་མ་སོང་བར་གྲུབ་འབྲས་གང་ལེགས་བྱུང་བའི་འབྲས་རྟགས་སུ། བླ་ན་མེད་པའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལུགས་གཉིས་ཀྱི་མཛད་བྲེལ་ཤིན་ཏུ་ཆེ་ནའང་། སློབ་གཉེར་ཁང་འདི་ལ་གཟིགས་པ་ཆེན་པོ་གནང་སྟེ་གདན་ཞུས་བཞིན་ཆིབས་བསྒྱུར་གནང་སྟེ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས་པ་འདི། སློབ་ཐོན་པ་དང་དགེ་སློབ་ལས་བྱེད་པ་བཅས་མི་རེ་ངོ་རེ་ནས་ཟླ་ནས་ལོ་བསྟུད་དེ་སློབ་གཉེར་དང་ཕྱག་ལས་གནང་བའི་གྲུབ་འབྲས་ལ་མཐོང་ཆེན་དང་གདེང་འཇོག་མཛད་པ་ཞིག་ཡིན།

 

འདིར་འདུས་དགེ་འདུན་འདུས་མང་ཡོངས་ནས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ལམ་སྟོན་ཇི་བཞིན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཆོས་དང་མཐུན་པའི་ཐོག དེང་ཕྱི་ནང་གི་མཐུན་རྐྱེན་གང་འཚམ་འཛོམས་པ་རྣམས་འགལ་རྐྱེན་དུ་མི་འགྱུར་བར་མཐུན་རྐྱེན་དུ་བསྒྱུར་བའི་ཆོད་སེམས་དང། རྗེ་མི་ལའི་རྣམ་ཐར་ནང་གསུངས་པ་དང་འདྲ་བར། ང་ཚོ་བོད་མི་རིགས་རྣམས་སྐྱིད་མ་ཐེག་པས་ས་མཐར་འཁྱམས་པ་མིན་པར་སྡུག་མ་ཐེག་པར་ཡུལ་གྱར་བྱེད་དགོས་བྱུང་བ་དེ་རྒྱུན་དུ་ཐུགས་ལ་བཟུང་ནས་སློབ་སྦྱོང་དང་ལས་ཀ་གང་ཞིག་གནང་ནའང་དེ་ལ་བརྩོན་པ་བསྐྱེད་དེ་གྲུབ་འབྲས་ཡོད་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

 

        དེ་བཞིན་རྡོ་རྗེ་གླིང་དང་རྒྱ་གར་གྱི་ཡུལ་གྲུ་སོགས་ཕྱོགས་གང་ནས་ཕེབས་པའི་གྲྭ་རྒྱུན་ཚོ་ཡིན་ནའང། སྔར་སོ་སོའི་ཡུལ་གྲུར་ནང་པ་སངས་རྒྱས་པའི་ཆོས་དར་རྒྱས་ཆེན་པོ་བྱུང་བ་དང་། ཁྱད་པར་དུ་སོ་སོའི་ཕ་མེས་ཡང་མེས་རྣམས་ནང་པ་ཡིན་ནའང་། བར་སྐབས་ཡུལ་དུས་གནས་བབས་སྣ་ཚོགས་པས་ཉམས་ཆག་ཤུགས་ཆེན་བྱུང་ཡོད་པ་ངོས་ཟིན་པ་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་ཐུབ་ཆེད་སློབ་སྦྱོང་ལ་བརྩོན་པ་བསྐྱེད་རོགས་གནང་ཞེས་འབོད་སྐུལ་ཞུ་འདོད་བྱུང་།

 

        མཐའ་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། གྲྭ་ཚང་འདིའི་འཆད་ཉན་དང་སློབ་གཉེར། འགྲིག་ལམ་ཀུན་སྤྱོད་སོགས་མི་ཉམས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སློབ་སྤྱིའི་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༩ ལ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.