. . . .

སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད།

༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཐུན་མོང་བའི་མཛད་རྣམ་སྙིང་བསྡུས།

༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། ཇི་སྐད་དུ། བྱང་རྟ་མཆོག་གིས་སྟོང་གསུམ་བསྐོར་བའི་དུས།།དགུང་གཡུ་འབྲུག་གི་ཁ་ནས་གཏམ་སྙན་ཐོས།།ཤར་སྟག་མོའི་བུ་ལ་ཅོད་པཎ་འདོགས།།ཞེས་སོགས་ཀྱི་ལུང་བསྟན་ལྟར། ཕྱི་ལོ་༡༩༤༢ ཆུ་རྟ་ལོར་ཤར་ཕྱོགས་ཐེ་བོ་རོང་གི་གཟའ་རུའི་སྟག་མོའི་སྒང་དུ་སྐུ་འཁྲུངས་པ་ནས་བཟུང་ད་ཆ་དགུང་ལོ་༧༥ ཧྲིལ་པོར་ཕེབས་པའི་རིང་བསྟན་པ་དང་འགྲོ་བའི་དོན་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་འཕྲིན་ལས་རྒྱ་མཚོ་ལྟ་བུ་བསྐྱངས་དང་སྐྱོང་བཞིན་པ་ལས།

འདིར་ཐུན་མོང་བའི་མཛད་པ་གཙོ་ཆེ་བ་ཁག་ཅིག་དེང་དུས་ཀྱི་སྐྱེ་བོའི་བློ་དང་འཚམ་པའི་བཤད་སྟངས་ཀྱིས་ཅུང་ཟད་ཞུས་ན།

 

དང་པོ། མཐུན་རྐྱེན་དབུལ་ཕྱུག་གཉིས་ཀར་བརྟེན།

ཁོང་གི་འཁྲུངས་གཞིས་ནི་ཁྱིམ་ཚང་དབུལ་པོ་ཞིག་ཡིན་པས་འཁྲུངས་ཁྱིམ་དུ་བཞུགས་སྐབས་མཐུན་རྐྱེན་ཤིན་ཏུ་ཞན། དེ་རྗེས་གདན་སར་བཀོད་པ་ནས་བཟུང་དད་ལྡན་མང་ཚོགས་ཀྱིས་དངོས་འབུལ་ཁྲི་སྟོང་མང་པོ་གཏེར་ལྟར་སྤུངས་ཤིང། དབུས་སུ་ཕེབས་སྐབས་ཀིརྟིའི་ནང་བས་དངུལ་ཊྃ་འབུམ་གཉིས་ལྷག་གཏོང་སྒོའི་ཆེད་ལྷ་སར་འདྲེན་ཐབས་བྱས་ཀྱང་དེའི་ཕྱེད་ཀ་དང་། ད་དུང་དངུལ་རྡོ་ཚད་སུམ་བརྒྱ་ལྷག་བཅས་རྒྱ་གཞུང་གིས་ཕྲོགས་ཏེ་མེད་པར་གྱུར། དངུལ་ལྷག་མ་ཕྱེད་ཀ་དེས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་འདུན་ཉིས་ཁྲི་བདུན་སྟོང་ལྷག་ལ་དངུལ་སྒོར་གསུམ་རེ་ཕུལ་བ་དང་། གདན་ས་ཆེན་པོ་འབྲས་སྤུངས་ལ་ཆོས་ཞུགས་གནང་སྐབས་སླར་ཡང་དགེ་འདུན་བདུན་སྟོང་དགུ་བརྒྱ་ལྷག་ལ་དངུལ་འགྱེད་དང་མར་འགྱེད་ཕུལ་བ་སོགས་གཏོང་སྒོ་རྒྱ་ཆེན་པོ་གནང་བས་ཀིརྟི་ཚང་གི་གཏོང་སྒོ་ཞེས་སྔར་བྱུང་མ་མྱོང་བ་ལྟ་བུར་གྲགས། བཙན་བྱོལ་དུ་ཕེབས་རྗེས་སྦག་ས་ཆོས་སྒར་དང་བོད་གཞུང་གི་དགེ་འོས་སློབ་གྲྭ། ཝར་ཎ་མཐོ་སློབ་སོགས་སུ་བཞུགས་སྐབས་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཤིན་ཏུ་སྐྱོ་བས། སྐབས་ཤིག་རིང་བཞེས་ལག་གྲོ་ཞིབ་ལ་ས་དང་སོག་མ་འདྲེས་པའི་རླངས་ཚོས་ནག་པོ་ཤ་སྟག་ལ་སྤོད་ཡ་བཞེས་ཚལ་ཡག་པོ་མེད་པས་རྒྱུན་དུ་སུར་པན་ཁ་ཚ་བཞེས་པས་གསོལ་གྲོད་ལ་ད་ལྟའང་སྙུང་གཞི་ཡོད་པ་དང། གཟིམ་ས་རྡོ་ཞུན་ཐོག་གཟིམ་གདན་སྲབ་བུ་ལས་མེད་པས་གྲང་གཞི་བསྙུངས་པ་སོགས་སྐུ་ངལ་ཚད་མེད་མྱངས། ཕྱིས་སུ་བོད་གཞིས་བྱེས་དབར་འབྲེལ་བ་ཇེ་མང་དུ་སོང་བ་དང་བསྟུན་མཐུན་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་མོད། འོན་ཀྱང་དཔལ་འབྱོར་གང་ཡོད་སྤྱི་པ་དང་མང་ཚོགས་ཀྱི་བདེ་རྩ་ཁོ་ནར་གཏོང་བཞིན་པ་དང་། རྗེ་ཉིད་ནི་རྒྱུན་དུ་གྲྭ་རྐྱང་དཀྱུས་མའི་ངོ་བོར་བཞུགས་པ་ལས་རྒྱས་སྤྲོས་གཏན་ནས་མི་གནང་། ལྷག་པར་གསོན་གཤིན་གྱི་བསྔོ་རྟེན་སྐྱབས་རྟེན་སོགས་ནི་དཀོར་ཟས་ཁྲོ་ཆུ་ཁོལ་མ་དང་འདྲ་ཞེས་གང་བྱུང་ལོངས་སྤྱོད་དུ་མི་འཇུག་པས། ཐ་ན་སྐུའི་གཉེན་ཚན་རྣམས་ལའང་དེ་རིགས་སྒོར་གཅིག་ཀྱང་གནང་སྲོལ་མེད་པ་སོགས་བཀའ་གདམས་དགེ་བའི་བཤེས་གཉེན་གྱི་རྣམ་ཐར་གཙང་མ་ལྷུར་བཞེས་མཛད།

 

གཉིས་པ། ཆོས་དང་རིག་གནས་གཉིས་ཀར་སྦྱངས།

སྐུའི་ཡོངས་འཛིན་བགྲེས་པ་མགོན་པོ་ཀླུ་སྒྲུབ་ཚང་དང་། ཤག་སྐོར་མཁན་རིན་པོ་ཆེ། ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག། རྒྱལ་བའི་ཡོངས་འཛིན་༸སྐྱབས་རྗེ་རྣམ་པ་གཉིས་སོགས་མཚན་ལྡན་བླ་མ་དུ་མའི་དྲུང་ནས་བཀའ་ཆོས་དབང་ལུང་གིས་གཙོས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན།

ཡོངས་འཛིན་སྐུ་གཞོན་པ་རྗེ་དཀོན་མཆོག་ཤེས་རབ་དང་། ༸སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་སོགས་ཀྱི་དྲུང་ནས་བོད་ཀྱི་རིག་གནས་ཆེ་ཆུང་ཁག་དང་། གཞན་ཡང་བོད་གཞུང་གི་དགེ་རྒན་འོས་སྦྱོང་དང་ཝར་ཎ་མཐོ་སློབ་སོགས་སུ་ཕྱི་ནང་རིག་པའི་གནས་རྒྱ་ཆེན་པོར་གསན་བསམ་ཐུགས་གཉེར་མཛད། དེ་དང་འབྲེལ་ནས་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་ལོ་བཅུའི་རིང་བཞེས།

 

གསུམ་པ། མཚན་གནས་གདན་ཐོབ་གཉིས་ཀ་བཞེས།

ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་དགུའི་རིང་ཕྱི་ནང་རིག་པའི་གནས་མཐའ་དག་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་པར་མཛད་དེ་ཤཱསྟྲི་(BA)དང་ཨཅརྱའི་(MA)མཚན་གནས་རིམ་པར་བཞེས། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དུ་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་དམ་འཇོག་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་སྔོན་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་ལ་ཆོས་ཞུགས་གནང་སྐབས་བོད་གཞུང་ནས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་འབུལ་བཞེས་མཛད།

 

བཞི་པ། བླ་ཆེན་དཔོན་ཆེན་གཉིས་ཀ་མཛད།

རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་ཁྲིར་༸ཞབས་སོར་འཁོད་པ་ནས་བཟུང་མདོ་སྨད་ཀྱི་བླ་ཆེན་གདུགས་རྟ་དར་བཅུ་གསུམ་གྱི་བདག་པོ་ཞིག་ཏུ་གྱུར་པས། ཕེབས་བཞུད་སྐབས་ཆིབས་རགས་རྒྱས་འབྲིང་བསྡུས་གསུམ་གྱི་ལམ་ནས་ཕེབས་སྟངས་དང་། དེ་བཞིན་བླ་ཆེན་མི་ཆེན་གཞན་དང་མཇལ་འཕྲད་བཀའ་མོལ་གནང་སྟངས། བླ་མ་དང་སྐུ་འཁོར་ཞབས་ཕྱི་བསྟེན་ལུགས་སོགས་ཐམས་ཅད་ལ་བླ་ཆེན་གྱི་ཚུགས་མ་བོར་བའི་བཀའ་དྲིན་བླ་མེད་དུ་བསྐྱངས། ད་ལྟ་བཙན་བྱོལ་དུའང་ཡུལ་དུས་དང་མཐུན་པའི་སྒོ་ནས་བླ་ཆེན་གྱི་ཚུགས་མ་བོར་བར་བཞུགས་ཡོད་པ་ནི་ཕྱོགས་གཅིག་ནས་འགྲོ་བ་འདུལ་བའི་ཐབས་ཤིག་ཡིན་ལ། ཕྱོགས་གཞན་ཞིག་ནས་རྗེ་ཉིད་ཀིརྟི་ཚང་གི་གདན་ཁྲིར་འཁོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཏུ་བརྩི་གནང་གི་ཡོད། དེ་དང་ཆབས་ཅིག བོད་གཞུང་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་ཏེ་བོད་ཀྱི་བཀའ་བློན་གྲས་སུ་ཕེབས་པ་ནི་ཀིརྟི་སྐུ་ཕྲེང་ནང་བྱུང་བ་ཐེངས་དང་པོ་ཡིན་ཞིང། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་འོག་བོད་མི་མང་གི་དབུ་ཁྲིད་མཁན་དཔོན་ཆེན་སྙིང་སྟོབས་དང་མཁྱེན་རྒྱ་ཅན་ཞིག་མཛད་པའི་བསྔགས་པ་ཆེ། བོད་གཞུང་གི་བཀའ་བློན་གནང་བ་འདི་ནི། མགོན་པོ་གུར་གྱི་བཀའ་ལུང་ཞིག་ཏུ། ལྷོ་གླིང་དབང་བསྒྱུར་རྒྱལ་པོ་གསུམ།།ཞེས་པའི་རྒྱལ་པོ་སྟེ་དཔོན་ཆེན་གསུམ་གྱི་དང་པོ་ནི་རྗེ་ཉིད་ཡིན་པའི་གསུང་རྒྱུན་སྔ་མོ་ནས་ཡོད་པ་ལྟར་དེ་བཞིན་བྱུང་བའང་ཡིན་སྲིད། ཆེན་པོའི་ཚུགས་དེ་དག་ནི་མཚན་གནས་རྗེས་འབྲེལ་དང་སྤྱི་པའི་དོན་དུ་གནང་བ་ལས། རྗེ་ཉིད་སྐུ་སྒེར་ནི་གོང་སྨོས་ལྟར་རྒྱུན་དུ་གྲྭ་རྐྱང་དཀྱུས་མའི་ངོ་བོར་བཞུགས།

 

ལྔ་པ། རྒྱ་ནག་གོ་གུང་གཉིས་ཀས་མཇལ།

སྐུ་གོང་མའི་སྐབས་ནས་བཟུང་ཟི་ལིང་མཱ་ཆེ་ཚང་སོགས་རྒྱ་ནག་གོ་མིན་ཏང་ལ་འབྲེལ་བ་ཟབ་པ་ལྟར། རྗེ་ཉིད་དགུང་ལོ་ལྔའི་ཐོག་ཁྲི་འདོན་མཛད་སྒོ་གནང་སྐབས་གོ་མིན་ཏང་གི་འཐུས་ཚབ་དམག་དཔོན་ཁ་ཤས་ཁྲི་སྟོན་རྟེན་འབྲེལ་ཞུ་བར་འབྱོར་ཏེ་དངོས་འབུལ་སྤམ་མཐོ་བ་བསྟར། སྐབས་དེར་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་གཅིག་ཙམ་ལས་སོང་མེད་ཅིང་། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ནང་ཁུལ་འཐབ་འཁྲུག་བྱེད་བཞིན་པའི་སྐབས་ཡིན་པར་མ་ཟད། གོ་མིན་ཏང་གི་ནུས་ཤུགས་ཅུང་ཟད་ཉམས་བཞིན་པའི་སྐབས་ཡིན་པས། སྔོན་གྱི་འབྲེལ་བའི་རྒྱུན་བསྐྱངས་པ་ཙམ་ལས་ཆབ་སྲིད་ཀྱི་འབྲེལ་བ་གསར་པ་གང་ཡང་བྱུང་མེད། དེ་ནས་ལོ་ཤས་རྗེས་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པས་གུང་ཁྲན་གྱི་འཐུས་ཚབ་དུ་མ་སྔ་ཕྱིར་འབྱོར་བ་ན་སྐབས་ལ་ལར་མཇལ་འཕྲད་ཙམ་གནང་། སྐབས་ལ་ལར་སྐུ་མཚམས་བསྡམས་ནས་མཇལ་འཕྲད་གནང་མེད། དེ་ནི་གུང་ཁྲན་ཏང་གིས་ཆོས་ཁས་མི་ལེན་པས། བསྟན་པ་དང་དགོན་པ་ལ་གནོད་སྐྱེལ་མཁན་ཡིན་པའི་གཏམ་གང་སར་ཁྱབ་པ་སོགས་ཀྱི་དབང་གིས་ཡིན་ཞིང། རིམ་གྱིས་གནས་བབས་དེ་ཇེ་སྡུག་ཏུ་ཕྱིན། ཕྱིས་སུ་ ༡༩༨༤ ལོར་བོད་དང་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་སྐབས་གུང་ཁྲན་ཏང་གི་འགོ་ཁྲིད་མང་པོར་མཇལ་འཕྲད་ཀྱིས་བོད་མི་མང་གི་བདེ་སྡུག་གསལ་ཞུ་མཛད། ཉེ་བའི་ལོ་ཤས་རིང་ལའང་ཕ་ཡུལ་གྱི་འབྲེལ་ཡོད་ས་ཁུལ་གྱིས་གཙོས་བོད་དང་བོད་མིའི་བདེ་དོན་གྱི་ཆེད་དུ་རྒྱ་ནག་གུང་ཁྲན་གཞུང་ལ་དགོངས་འཆར་འབོད་སྐུལ་དང་བདེན་པའི་གསལ་བཤད་ལན་མང་མཛད་ཡོད།

 

དྲུག་པ། བཙན་གནོན་བཙན་བྱོལ་གཉིས་ཀ་བརྒྱུད།

དབུས་སུ་མ་ཕེབས་གོང་ས་གནས་སོ་སོར་རྒྱ་ནག་གུང་ཁྲན་གྱི་བཙན་གནོན་རིམ་པར་སླེབས་ཏེ་སྐུའི་མཛད་འཕྲིན་ལ་འགལ་རྐྱེན་དུ་མ་འཕྲད། དབུས་ཕེབས་སྐབས་ལན་གྲུ་ནས་ལམ་ཡིག་དགོས་ཚུལ་གྱིས་བཀག་སྟེ་ཟླ་ཕྱེད་ཙམ་བཞུགས་དགོས་བྱུང་། དབུས་སུ་འབྱོར་ནས་ ༡༩༥༩ ལོར་ལྷ་སར་ཟིང་འཁྲུག་བྱུང་སྐབས་རྒྱ་དམག་གིས་འབྲས་སྤུངས་ཕྱི་ནང་བསྐོར་ཏེ་མེ་མདའི་འཇིགས་སྐུལ་འོག་ཉིན་ཞག་མང་པོར་དགེ་འདུན་པ་བྱིངས་དང་ལྷན་འདུ་ཁང་ནང་དུ་བཀག་བསྐྱིལ་དང་། ཉིན་ལྟར་མཁན་བླ་ལས་སྣེ་སོགས་ལ་འཐབ་འཛིང་གཏོང་བཞིན་པའི་ཁ་འཕྲོ་རྗེ་ཉིད་དང་ཡོངས་འཛིན་ཚང་སོགས་ལ་སླེབས་ཉེར་ཡོད་པ་ན་སྐུ་འཁོར་དང་བཅས་འབྲས་སྤུངས་ནས་གསང་སྟབས་ཀྱིས་བྲོས་ཕེབས་གནང་། བྱང་ཐང་བརྒྱུད་ཞབས་ཐང་དུ་ཉིན་མོར་གབ་ཅིང་མཚན་མོར་བྲོས་ཏེ་ཟླ་དྲུག་གི་རྗེས་བལ་ཡུལ་དུ་༸ཞབས་སོར་བདེ་འཁོད་ཐུབ་པ་བྱུང་། ཟླ་བ་དྲུག་རིང་གི་འཇིགས་སྣང་དཀའ་སྡུག་གི་བཙན་བྱོལ་འདི་ནི་བོད་ཁ་བ་ཅན་གྱི་ལས་དབང་དང་འབྲེལ་བའི་སྐུ་ཚེའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་ཏུ་གྱུར།

 

བདུན་པ། ཆོས་དང་ཆབ་སྲིད་གཉིས་ཀ་མཛད།

དོན་དུ་ན་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་བསྟན་དོན་དང་གཞན་དོན་ཁོ་ན་ཡིན་པས་ཆོས་ཀྱི་མཛད་པ་ཤ་སྟག་ཏུ་གྲུབ་ཀྱང་། རྣམ་པ་ཙམ་གྱིས་ཆོས་དང་སྲིད་ཐ་དད་དུ་དབྱེ་བའི་དབང་དུ་བྱས་ན། ཆོས་ཕྱོགས་མདོ་རྒྱུད་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་དང་། སྐལ་ལྡན་གདུལ་བྱའི་ཚོགས་ལ་དབང་ལུང་མན་ངག་གནང་བ་སོགས་ཆོས་འཆད་ཉན་དང་། ཇོ་བོ་བཀའ་གདམས་པའི་ལུགས་བཞིན་འདུལ་བའི་ཀུན་སྤྱོད་གཙང་བ་གཙོར་མཛད་སྡོམ་པ་གསུམ་གྱི་བཅས་མཚམས་སྤྱན་གྱི་འབྲས་བུ་བཞིན་སྲུང་ཞིང་། རྗེ་གསེར་ཁང་པ་ཡབ་སྲས་ཀྱི་ཕྱག་བཞེས་བཞིན་ཡོན་ཆབ་དང་མཆོད་མེ་འབུལ་བ་སོགས་ཚོགས་གསག་སྒྲིབ་སྦྱོང་ལ་རྒྱུན་དུ་འབད། ཐུགས་རྗེ་ཆེན་པོའི་བསྙེན་ཆེན་སོགས་ལྷག་ལྷ་དུ་མའི་ལྗགས་བསྙེན་བཅད་རྒྱ་ལ་སྐུ་ན་ཕྲ་དུས་ནས་ཡང་ཡང་བཞུགས། གདན་ས་གོང་འོག་གི་དགེ་འདུན་པའི་བསླབ་པ་སློབ་གཉེར་དང་འཛིན་སྐྱོང་སྐོར་ལ་ལམ་སྟོན་སྙན་སྒྲོན་བཅུ་གསུམ་སྔ་ཕྱི་གཉིས་དང་། འགྲིག་ལམ་ཀུན་སྤྱོད་སྐོར་གྱི་བསླབ་བྱ་དྲུག་ཅུ་རྒན་པོའི་རེ་འདུན། ལྷག་པར་གདན་ས་ཆེ་ཁག་རྣམས་ཀྱི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་བསྩལ་ཏེ་ལག་ལེན་དུ་བསྟར་བཞིན་པ་ནི་བསྟན་པ་ལ་བྱ་བ་མཛད་པའི་རྣམ་ཐར་ཤིན་ཏུ་འགངས་ཆེ། དེ་བཞིན་ཞིང་འབྲོག་མང་ཚོགས་ལ་ཡ་རབས་སྤྱོད་བཟང་སྐོར་གྱི་བསླབ་བྱ་དོན་ཚན་སོ་གཉིས་ཅན་སོགས་ལམ་སྟོན་གསུང་འཕྲིན་རྒྱས་བསྡུས་དུ་མ་སྔ་ཕྱིར་བསྩལ་ཏེ་ཡ་རབས་དགེ་སྐུལ་རྒྱ་ཆེར་མཛད་པ་དང་། དགོན་གྲོང་སྤྱིི་སྒེར་སོ་སོའི་ལས་དོན་འདྲ་མིན་སྐོར་གྱི་བཀའ་འདྲི་སྙན་སེང་ཁག་ལ་རྒྱབ་ལྗོངས་རྒྱུ་མཚན་དང་དགག་བྱ་དགོས་པ། ལེགས་ཉེས་དབྱེ་འབྱེད་སོགས་མཁྱེན་རྒྱ་དང་ཉམས་མྱོང་ལས་དྲངས་པའི་བཀའ་ལན་ཟབ་མོས་བླང་དོར་ལམ་སྟོན་དང་། ཐ་ན་གྲྭ་པ་སོ་སོ་དང་ཁྱིམ་ཚང་སོ་སོའི་བདེ་སྡུག་སྣ་ཚོགས་ཀྱི་གསུང་བརྟག་ཞུ་མཁན་རྒྱུན་མི་ཆད་པ་ལ་ཉིན་ལྟར་ཐུགས་དམ་བཀའ་ལན་གྱི་སྒོ་ནས་ཆོས་མཐུན་དགེ་བའི་ལམ་དུ་འཛུད་པ་འདི་གཅིག་པུའི་བཀའ་དྲིན་ཡང་གཞལ་བར་དཀའ། ​​གྲུབ་དབང་གོང་མ་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་ལ་ས་གནས་མང་ཚོགས་སྲིད་ཁྲིམས་ཀྱིས་སྐྱོང་བའི་ཆབ་སྲིད་ཀྱི་སྐུ་དབང་ཡང་བྱུང་བ་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱིས་ཀིརྟི་ཚང་གི་ཆོས་སྲིད་གཉིས་ཀའི་སྐུ་དབང་བཞེས་པ་ལྟར། རྗེ་ཉིད་ནས་ཀྱང་བོད་དུ་བཞུགས་སྐབས་ཀིརྟིའི་བླ་བྲང་བརྒྱུད་སྔ་མོའི་སྲོལ་རྒྱུན་ཆབ་སྲིད་ཀྱི་སྐུ་དབང་ཁྱབ་བསྒྱུར་མཛད་མྱོང་ལ། བཙན་བྱོལ་ནང་དུ། ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་སྒེར་ཡིག་ཚང་དང་། བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་། བཀའ་ཤག་གི་ཆབ་སྲིད་ཚོགས་ཆུང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་སོགས་སུ་མཛད་འགན་རིམ་པར་བཞེས་ཤིང་། མཐར་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་བོད་གཞུང་བཀའ་ཤག་ནང་ཕེབས་ཏེ་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། དེ་བཞིན་སྲིད་དོན་གྱི་གསུང་རྩོམ་ཡང་མི་ཉུང་བ་མཛད་ཡོད།

 

བརྒྱད་པ། འཛམ་གླིང་ཤར་ནུབ་གཉིས་ཀར་ཕེབས།

༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པ་ནས་རྒྱ་གར་ནང་བཞུགས་ཤིང། ༡༩༨༤ ལོར་ནང་དོན་བོད་གཞུང་གི་སྐུ་ཚབ་མཛད་དེ་བོད་དང་རྒྱ་ནག་གི་ཡུལ་གྲུ་མང་པོར་འཚམས་གཟིགས་སུ་ཕེབས། ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་སྐབས་ཨུ་རུ་སུ་དང། ཨོ་སི་ཀྲོ་ལི་ཡ། ཐའེ་ཝན་སོགས་སུ་གཞུང་དོན་ཕྱོགས་ཕེབས་དང་། དེའི་རྗེས་བཀའ་ཤག་གི་གོ་སྒྲིག་ལྟར་ཨ་རི་དང་། དབྱིན་ལན་དང་ཧྤ་རན་སི་སོགས་ཡུ་རོབ་རྒྱལ་ཁབ་ཁག་དྲུག་ཏུ་ཕེབས་ཏེ་བོད་དོན་ཞུ་སྐུལ་གྱི་བཀའ་དྲིན་གཞལ་དུ་མེད་པ་མཛད། དེ་དང་ཆབས་ཅིག འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དེ་དག་ཏུ་ཕེབས་པའི་སྐབས་ཀྱི་གཟིགས་ཚོར་ལ། རང་ཅག་བོད་ཀྱི་སྣོད་བཅུད་ཁོར་ཡུག་དང་། ཆོས་དང་རིག་གཞུང་། སྐད་ཡིག ཡ་རབས་གོམས་གཤིས་སོགས་ནི་བོད་རང་ཉིད་ཙམ་དུ་མ་ཟད་འཛམ་གླིང་སྤྱིའི་ཆེད་དུ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པའི་ཐུགས་ངེས་སྔར་ལྷག་འཁྲུངས་ཏེ་འབྲེལ་ཡོད་མང་ཚོགས་ལ་དེ་ལུགས་ཀྱི་བཀའ་སློབ་ལམ་སྟོན་ཡང་ཡང་བསྩལ།

 

དགུ་པ། དམར་མཆོད་དམར་ཟས་གཉིས་ཀ་བཅད།

དགུང་ལོ་ ༡༥ ཐོག་ཐེ་བོ་རོང་དུ་ཕེབས་སྐབས་ཁ་སྤའི་ཁོག་གི་དམར་མཆོད་ཚབས་ཆེན་པོ་ཞིག་གི་རྒྱུན་གཙང་མར་བཅད་ཅིང་། ཕྱིས་སུ་ཆོས་སྒོ་ཕྱེས་རྗེས་རོང་འབྲོག་མང་ཚོགས་ལ་བསྩལ་པའི་གསུང་འཕྲིན་ཁག་ཏུའང་དམར་བསང་དང་དམར་མཆོད་གཏོང་མི་རུང་བའི་བཀའ་ནན་པོ་ཕེབས་པས་འབྲེལ་ཡོད་ཡུལ་ཁག་ཏུ་དེ་རིགས་ཕལ་ཆེར་མེད་པར་གྱུར། འོན་ཀྱང་ལུང་ཁུག་རེ་ཟུང་ན་ཕྱིས་སུའང་དམར་བསང་གཏོང་སྲོལ་ཕྲན་བུ་ཡོད་པས་ཉེ་ཆར་དེའི་སྐོར་བཀའ་ཤོག་བསྩལ་ཏེ་དེ་དག་གཙང་བཅད་ཐུབ་པ་བྱུང་ཡོད།

བསླབ་བྱ་སྙན་སྒྲོན་བཅུ་གསུམ་ཅན་སྔ་ཕྱིར་བསྩལ་ཏེ་འབྲེལ་ཡོད་དགོན་མ་ལག་གི་སྤྱི་ཐབ་ནས་ཤ་སྤངས་པས། མདོ་སྟོད་སྨད་ཀྱི་དགོན་སྡེ་གཞན་དག་གིས་ཀྱང་མིག་དཔེ་ཡར་འགྲན་གྱིས་སྤྱི་ཐབ་ནས་ཤ་སྤངས་མཁན་ཤིན་ཏུ་མང་པོ་བྱུང་སྟེ། ཉེས་མེད་སེམས་ཅན་མང་པོར་མི་འཇིགས་སྲོག་གི་སྐྱབས་སྦྱིན་བླ་ན་མེད་པ་མཛད།

 

བཅུ་པ། སློབ་གྲྭ་གྲྭ་ཚང་གཉིས་ཀ་བཙུགས།

སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་དགོན་སྡེ་ཁག་ཏུ་གྲྭ་གཞོན་རྣམས་ལ་རིག་གནས་ཀྱི་སློབ་གྲྭ་འཛུགས་རྒྱུ་གལ་ཆེ་བར་གཟིགས་ཏེ་ལམ་སྟོན་སྔ་རྗེས་ཕེབས་པ་ལྟར། གདན་ས་སྟག་ཚང་ལྷ་མོ་དང་རྔ་པ་ཀིརྟི་དགོན་པ་གཉིས་སུ་རིག་གནས་སློབ་གྲྭ་བཙུགས་ནས་ཕན་ཐོགས་ཆེན་པོ་འབྱུང་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྒོ་བརྒྱབས། དེ་བཞིན་སྟག་ཚང་ལྷ་མོ་དང་། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན་བཅས་སུ་སྨན་པ་གྲྭ་ཚང་རེའང་གསར་འཛུགས་ཀྱིས་སྨན་གྱི་སློབ་སྦྱོང་དང་སྒྲུབ་མཆོད་ཁག་ཡར་རྒྱས་སུ་འགྲོ་མུས། རྒྱ་གར་རྡ་རམ་ས་ལར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཕྱག་བཏབ་སྟེ་བོད་ཀྱི་རིག་གནས་འཆད་སྤེལ་ཐུབ་པའི་རིག་གནས་རབ་འབྱམས་པ་མང་པོ་སྐྱེད་སྲིང་དང་། ད་ཆ་གཙོ་བོ་ནང་དོན་རིག་པའི་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་ཡུལ་ཞིག་ཏུ་འགྱུར་བ་བཏང་གནང་ཡོད། གཞན་ཡང་རྡོར་གླིང་སུ་ཁེའི་ཀིརྟི་དགོན་དང་། བོད་ནང་དུ་མཚོ་སྔོན་ཀིརྟིའི་དགོན་པ་སོགས་འབྲེལ་ཡོད་དགོན་སྡེ་དུ་མ་གསར་དུ་བྱུང་སྟེ་རྒྱལ་བསྟན་འཛིན་སྐྱོང་གི་འཕྲིན་ལས་འཇུག་པའི་ཡུལ་སྔར་བས་ཇེ་ཡངས་སུ་གྱུར།

 

བཅུ་གཅིག་པ། བླ་བྲང་ཕྱག་རྫས་གཉིས་ཀ་བསྒྱུར།

ལོ་ ༢༥༠ ལྷག་གི་ལོ་རྒྱུས་ལྡན་པའི་སྔ་མོའི་ཀིརྟིའི་བླ་བྲང་དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཤིག་ཡིན་ནའང། དུས་ཀྱི་འགྱུར་བའི་དབང་གིས་ད་ཆ་སྲིད་ཀྱི་ལས་དོན་རྣམས་མེད་པར་གྱུར་པས། ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་གནང་མཛད་པ་དང། དེའང་འབྲེལ་ཡོད་སེར་སྐྱ་མང་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་ནས་ཚོགས་པའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་གཏན་འབེབས་དང་འབྲེལ། འོས་འདེམས་བྱས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱིས་འཛིན་སྐྱོང་གི་ལས་འགན་འཁྱེར་རྒྱུ་སོགས་དེང་དུས་མང་གཙོའི་ལམ་ལུགས་ཀྱི་འགྲོ་ལམ་གསར་པ་ཞིག་ཏུ་བསྐྱོད་སྟངས་གསར་བཏོད་མཛད་ཡོད་པ་དང། དད་ལྡན་མང་ཚོགས་ནས་ཕུལ་དང་འབུལ་བཞིན་པའི་དད་རྫས་དངུལ་དངོས་ཀྱི་འགྲོ་སྟངས་ལའང་བསྒྱུར་བཅོས་ཀྱིས་དེ་ཐམས་ཅད་རྗེ་ཉིད་སྐུ་སྒེར་ནས་བདག་ཉར་དང་བེད་སྤྱོད་མི་མཛད་པར། མང་ཚོགས་ཀྱིས་འགན་དབང་བཟུང་བའི་དགེ་རྩ་ཚོགས་པར་བསྩལ་ཏེ་མང་ཚོགས་རང་གི་བདེ་རྩར་སྨིན་གཏོང་གནང་གི་ཡོད། བླ་མ་སྒེར་གྱི་བླ་བྲང་མེད་པར་བཟོས་ཏེ་མང་གཙོའི་རང་བཞིན་ཅན་གྱི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་འདི་ནི་བླ་མ་གཞན་དག་གིས་མིག་དཔེར་བལྟ་འོས་པ་ཞིག་རེད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའི་བསྔགས་བརྗོད་ཕེབས་ཡོད།

 

བཅུ་གཉིས་པ། རྩོམ་འབྲི་རང་གཞན་གཉིས་ཀས་གནང་།

དགུང་ལོ་དགུ་ཙམ་ནས་སྙན་རྩོམ་བྲིས་པར་ཡོངས་འཛིན་ཚང་གིས་བསྔགས་བརྗོད་གནང་མྱོང་ཡོད་པ་དང་། ལྷག་པར་བཙན་བྱོལ་དུ་ཕེབས་ནས་མཐོ་རིམ་སློབ་གྲྭར་བཞུགས་སྐབས་རྩོམ་ཡིག་ཨང་དང་པོའི་བྱ་དགའ་ལན་དུ་མར་བཞེས། མདོར་ན་སྙན་རྩོམ་དང་། དཔྱད་རྩོམ། ལོ་རྒྱུས། རྣམ་ཐར། བཅའ་ཡིག བསླབ་བྱ། ཆོ་ག སྲིད་དོན་སོགས་བརྗོད་བྱ་སྣ་ཚོགས་ཀྱི་གསུང་རྩོམ་གླེགས་བམ་ཉི་ཤུ་རྩ་ལྔ་ཙམ་བཞུགས་པ་དཔར་སྐྲུན་ཞུས་ཟིན་པ་ལྟར་དང་། ད་ལྟ་ཀིརྟིའི་དགོན་ཁག་གི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་གི་སློབ་དེབ་མང་པོ་རྩོམ་སྒྲིག་མཛད་བཞིན་ཡོད།

འབྲེལ་ཡོད་དགོན་མ་ལག་གི་དགེ་འདུན་པ་རྣམས་ལ་འཆད་རྩོད་རྩོམ་པའི་བྱ་བས་བསྟན་པ་ལ་ཞབས་འདེགས་ཞུ་ཐུབ་ཆེད་རིག་གནས་ལ་སྦྱང་དགོས་པ་དང་། རྩོམ་ཡིག་འབྲི་དགོས་པའི་ལམ་སྟོན་ལན་མང་མཛད་ཅིང་། དེའི་སྣེ་ཁྲིད་ལྟ་བུར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བརྗོད་བྱ་འདྲ་མིན་གྱི་དེབ་མང་པོ་གསར་རྩོམ་དང་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་བྱེད་དུ་བཅུག་སྟེ། དེ་དག་ལ་རྗེ་ཉིད་ནས་དངོས་སུ་རྩོམ་སྒྲིག་གནང་བ་ལྟ་བུའི་ལམ་སྟོན་ཡང་ཡང་མཛད་པའི་བཀའ་དྲིན་ཐུགས་རྗེ་ལ་བརྟེན་ནས། བོད་ཕྱི་ནང་གི་ཀིརྟིའི་དགོན་ཁག་གི་དགེ་འདུན་པ་སྒེར་དང་ཚོགས་པ་ཅི་རིགས་ཀྱིས་གཞུང་ཆེན་མོའི་འགྲེལ་པ་སོགས་གསར་རྩོམ་བྱས་པ་ཁོ་ནའི་དེབ་གྲངས་ ༢༠༠ ལྷག་ཟིན་ཡོད་པ་ནི་རྩོམ་པའི་སྒོ་མོ་རྒྱ་ཆེར་ཕྱེས་པའི་མཛད་བཟང་འགྲན་དུ་མེད་པར་གྱུར།

 

བཅུ་གསུམ་པ། དབྱར་ཆོས་དགུན་ཆོས་གཉིས་ཀ་བཙུགས།

དེ་སྔོན་གསང་ཕུའི་དབྱར་ཆོས་དང་འཇང་གི་དགུན་ཆོས་ཞེས་གྲགས་པ་ལྟར། ཀིརྟིའི་དགོན་ཁག་གི་ཚད་མའི་དགུན་ཆོས་ཆེན་མོ་དང་ཕར་ཕྱིན་དབྱར་ཆོས་ཆེན་མོ་གཉིས་གསར་འཛུགས་ཀྱིས་ཀིརྟིའི་གདན་ས་ཆེ་ཁག་བཞིར་ལོ་ལྟར་རེས་མོས་ཀྱིས་འཚོགས་དགོས་པའི་སྲོལ་བཟང་གསར་བཏོད་མཛད། དེ་དག་ལ་མདོ་སྟོད་སྨད་ཀྱི་དགོན་སྡེ་གཞན་དག་ནས་ཀྱང་ཆོས་བརྒྱུད་རིས་མེད་ཀྱི་སློབ་གཉེར་པ་མང་པོ་མཉམ་ཞུགས་ཀྱིས་ཚད་མ་རིག་པའི་གཞུང་ལུགས་དང་། དྲང་ངེས་ལེགས་བཤད་སྙིང་པོས་གཙོས་ཕར་ཕྱིན་གྱི་གཞུང་ལ་བརྒལ་བརྟག་གི་སྒོ་ནས་སློབ་གཉེར་གཏིང་ཟབ་གནང་བའི་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཞིག་ཏུ་འགྱུར་བཞིན་ཡོད།

 

བཅུ་བཞི་པ། སྔོན་འགྲོ་སློབ་ཆེན་གཉིས་ཀ་བཙུགས།

བཅའ་ཡིག་བློ་གསལ་འཇུག་ངོགས་བསྩལ་པ་དང་བསྟུན་ཀིརྟིའི་གདན་ས་ཆེ་ཁག་བཞིས་གཙོས་མ་བུ་དགོན་དྲུག་ཙམ་དུ་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གསར་འཛུགས་ཀྱིས་གྲྭ་གཞོན་རྣམས་ལ་གཞུང་ཆེན་མོའི་སློབ་སྦྱོང་གི་སྔོན་འགྲོ་ཐུན་མོང་རིག་གནས་ཀྱི་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དང། གཞུང་ཆེན་མོར་སློབ་གཉེར་བྱེད་མཁན་རྣམས་དེང་དུས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་འགྲོ་ལུགས་ལྟར་མ་བུ་དགོན་ཐམས་ཅད་ཀིརྟིའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཞེས་པའི་སློབ་གཉེར་ཁང་ཆེན་པོ་གཅིག་གི་ངོ་བོར་གཅིག་བསྒྲིལ་གྱིས་སློབ་སྦྱོང་གཅིག་གྱུར་དང་རྒྱུགས་སྤྲོད་གཅིག་གྱུར། ཕྱག་འཁྱེར་གཅིག་གྱུར་དུ་གནང་བཞིན་པ་སོགས་དེང་དུས་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཆེན་མོའི་འགྲོ་ལུགས་ལྟར་བྱེད་པའི་ལམ་སྲོལ་གསར་བཏོད་མཛད་པ་ནི་དུས་རབས་དང་མཐུན་པའི་སྒོ་ནས་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཐབས་ཚུལ་ངོ་མཚར་རྨད་དུ་བྱུང་བའོ།།

 

བཅོ་ལྔ་པ། བཤད་གྲྭ་སྒྲུབ་གྲྭ་གཉིས་ཀ་བཙུགས།

བཅའ་ཡིག་བློ་གསལ་འཇུག་ངོགས་སུ། རྒྱུད་དུས་འཁོར་སོགས་གསང་སྔགས་གྲྭ་ཚང་ཁག་དང། རྩོད་གྲྭ་མེད་པའི་འབྲེལ་ཡོད་སྒྲུབ་སྡེ་ཁག་གིས་སྔར་ཡོད་རྒྱུད་སྡེ་བཞིའི་སྒྲུབ་མཆོད་ཁག་ལ་དག་ཐེར་དང་འབྲེལ་ཉམས་མེད་རྒྱུན་སྐྱོང་ཐོག མཚན་ཉིད་ཀྱི་གཞུང་ཆེན་མོའི་སློབ་གཉེར་ལའང་གང་ཐུབ་འབད་དགོས་པའི་ལམ་སྟོན་བསྩལ་པ་ལྟར། སྒྲུབ་མཆོད་ཁག་གི་ཕྱག་ལེན་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཐོག གཞུང་ཆེན་མོའི་སློབ་གཉེར་འཛུགས་ཐབས་ཀྱི་གྲ་སྒྲིག་གནང་བཞིན་ཡོད་པས། མི་འགྱངས་པར་དགོན་སྡེ་ཁ་ཤས་སུ་རྩོད་གྲྭ་གསར་འཛུགས་ཀྱིས་བཤད་སྒྲུབ་གཉིས་ལྡན་དུ་བསྒྱུར་བའི་དགོངས་བཞེད་ཟབ་མོ་མངོན་དུ་འགྱུར་ངེས་པ་ཡིན་ནོ།།

དེ་ལྟར་ཤར་སྟག་མོའི་སྒང་ནས་ནུབ་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ་མཚན་སྙན་མཛད་འཕྲིན་གྱི་དར་དཀར་ཡུག་གཅིག་གིས་ཁྱབ་པར་མཛད་པའི་ཚུལ་མདོ་ཙམ་བརྗོད་པ་སྟེ། མདོར་ན་ཆོས་སྲིད་ལུགས་གཉིས་ལ་མཁྱེན་རྒྱ་དང་ཉམས་མྱོང་ཆེ་ཞིང་། སློབ་བརྒྱུད་སེར་སྐྱ་མང་ཚོགས་ཀྱི་བདེ་དོན་ཁུར་དུ་བཞེས་པའི་ཐུགས་བརྩེའི་ལྷག་བསམ་དང་དཀའ་སྤྱད་ཐུགས་བརྩོན་གྱིས་ཉིན་ལྟར་བསྟན་འགྲོའི་དོན་འབའ་ཞིག་མཛད་བཞིན་བཞུགས་པ་ནི་རང་ཅག་ཀུན་ལ་མཐུན་སྣང་དུ་གྲུབ་པའི་རྣམ་པར་ཐར་པ་ལགས་སོ།།

 

རྗེ་ཉིད་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་ཚེས་དང་བསྟུན་འཁྲུངས་ཚེས་ཀྱི་སྔ་ཉིན་འཁྲུངས་སྐར་ཚོམས་ཞེས་པའི་ནང་མཛད་རྣམ་ངོ་སྤྲོད་ཆེད་འབྲིང་བ་འཇིགས་མེད་ཀྱིས་བྲིས། ༢༠༡༦།༨།༧

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.