DSC 8938 1024x768༄༅།། ཕྱི་ལོ་༢༠༡༦ཟླ་༧ཚེས་༣༠ཉིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་སློབ་ལས་བྱེད་ཡོངས་ལ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཕར་ཕྱིན་དབྱར་ཆོས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གསུང་དོན།ཕ་ཡུལ་གྱི་འབྲེལ་ཡོད་གདན་ས་ཆེ་ཁག་རྣམས་སུ་བཅའ་ཡིག་གསར་པའི་དགོངས་དོན་ལག་བསྟར་བྱས་ཏེ་ཕར་ཕྱིན་དབྱར་ཆོས་དངོས་སུ་ཚུགས་ནས་ལོ་འགའ་ཤས་མ་གཏོགས་ཕྱིན་མེད། 

འདི་གར་གྲྭ་ཚོགས་ཆུང་ནའང་ཕར་ཕྱིན་དབྱར་ཆོས་ཚུགས་ཨེ་ཐུབ་ཀྱིས་འབད་བརྩོན་བྱས་ཏེ་ད་ལྟའི་བར་དབྱར་ཆོས་ཐེངས་གཉིས་ཚུགས་ཐུབ་པ་བྱུང་ཡོད། ང་ཚོས་དཀའ་ངལ་མང་པོ་ལ་གདོང་ལེན་བྱས་ཏེ་ཕར་ཕྱིན་དབྱར་ཚོས་ཚུགས་དགོས་པའི་དམིགས་ཡུལ་གཙོ་བོ། ངས་སྔོན་མ་ནས་ལན་མང་པོ་བཤད་མྱོང་བ་ལྟར་མང་ཆེ་བས་གསལ་པོར་ཤེས་ཀྱི་ཡོད་ངེས་རེད།

ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར།།བློ་བཟང་རྒྱལ་བའི་བསྟན་པ།།ཞེས་གསུངས་པ་ལྟར་གྱི་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་གཏིང་ཟབ་པོའི་སྒོ་ནས་ཤེས་པ་དང༌། གཞུང་ཆེན་མོའི་ཚིག་དོན་གཉིས་ཀར་གཏིང་ཕྱིན་པའི་གོ་བ་ཡང་དག་པ་ཞིག་ལེན་ཐུབ་པའི་ཆེད་དུ་རེད།དྲང་ངེས་ཀྱི་གཞུང་འདི་ལ་བརྩོན་འགྲུས་ཆེན་པོའི་སྒོ་ནས་སྦྱངས་པ་གནད་དུ་སྨིན་པ་ཞིག་བྱ་ཐུབ་པ་ཡིན་ན། གཞུང་ཆེན་མོར་ལྟ་བའི་སྐབས་དམིགས་བསལ་གྱི་ཕན་ཐོགས་ཐུན་མོང་མ་ཡིན་པ་ཞིག་ཡོང་གི་རེད་ཅེས་སྔོན་མ་ཡོངས་འཛིན་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྒྱུན་པར་བཀའ་གནང་གི་ཡོད། རྗེའི་ལེགས་བཤད་དྲང་ངེས་ཀྱི་གཞུང་འདི་དཔྱིས་ཕྱིན་པ་ཤེས་པ་ཡིན་ན་མཚན་ཉིད་ཀྱི་གཞུང་ཡོངས་རྫོགས་དང༌། ལྷག་པར་ཡང་དག་པའི་ལྟ་བའི་གནད་ཀུན་ལ་མིག་ཕྱེ་བ་ལྟ་བུའི་གཅིག་ཤེས་ཀུན་གྲོལ་ཞིག་ཡོང་གི་རེད་ཅེས་ཉམས་མྱོང་ཅན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ་ཡང་ཡོད།

                ང་ཚོའི་ཕ་ཡུལ་གྱི་གདན་ས་ཁག་གི་སྔོན་བྱོན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱིས་རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་ནི། རྗེ་བླ་མའི་ལྕགས་གཞུ་དང་ལྕགས་མདའ་རེད་ཅེས་ཤིན་ཏུ་རྩིས་ཆེན་པོ་གནང་གི་ཡོད་ལ། གཞུང་ཆེན་མོའི་སློབ་གཉེར་པ་རྣམས་ཀྱིས་དགེ་སློང་གི་འབྲལ་སྤོང་ལྟར་གང་དུ་ཕེབས་ཀྱང་རྒྱུན་དུ་ལུས་དང་མ་བྲལ་བར་བྱས་ཏེ་དྲང་ངེས་ལེགས་བཤད་སྙིང་པོའི་ཕྱག་དཔེ་བསྣམས་ནས་སྐྱོར་སྦྱོང་ཁ་འདོན་དང་སློབ་སྦྱོང་ཆག་མེད་གནང་བའི་ཕྱག་སྲོལ་བཟང་པོ་ཞིག་ཡོད།རྣམ་པ་ཚོས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཁོང་རྣམ་པའི་མཛད་པ་བཟང་པོ་ལ་རྗེས་སུ་བསླབས་ཏེ། དབྱར་ཆོས་ཀྱི་གོ་སྐབས་འདི་དང་བསྟུན་ནས་དྲང་ངེས་ལེགས་བཤད་སྙིང་པོ་ལ་སློབ་སྦྱོང་ནུས་པ་ཐོན་པ་ཞིག་མཛད་དགོས། དེ་ཡང་ཚིག་ཙམ་མ་ཡིན་པར་གཏིང་ཟབ་པོའི་སྒོ་ནས་ཤེས་ཐུབ་པའི་འབད་བརྩོན་གནང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

                བར་ལམ་ནས་བོད་ཕྱི་ནང་གཉིས་ཀར་དབྱར་ཆོས་ཚོགས་མཁན་འགའ་ཤས་ཤིག་བྱུང་ཡོད་ནའང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་ཀྱིས་བཀར་ནས་ཆོས་ཐོག་ཚུགས་མཁན་ང་ཚོ་མ་གཏོགས་བྱུང་མེད། དེ་ཡིན་དུས་དྲང་ངེས་ཀྱི་ཆོས་ཐོག་འདི་ང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུར་གྱུར་ཡོད་པས། གཞན་ལ་ངོམ་ཆོག་ཅིང་གཟི་བརྗིད་ཅན་གྱི་རང་དོན་ངོ་མ་དེ་ངོ་ཤེས་པ་ཞིག་མཛད་རྒྱུ་གལ་ཆེ། གོང་དུ་བཤད་པ་ལྟར་ང་ཚོས་འདི་ལྟར་གོ་སྒྲིག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མ་འོངས་པར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མིང་དོན་མཚུངས་པ་གང་མང་ཞིག་སྐྱེད་བསྲིང་ཡོང་བའི་ཆེད་དུ་ཡིན།ང་ཚོས་དམིགས་ཡུལ་བཟུང་བ་ལྟར་ཕ་ཡུལ་གྱི་གདན་ས་ཁག་གི་སློབ་གཉེར་པ་རྣམས་ཀྱིས་སྔ་ཕྱི་མཐའ་དག་ལ་འབད་བརྩོན་ལྷོད་མེད་གནང་བྱུང་ལ། ཆོས་ཐོག་འདིས་སློབ་གཉེར་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་མཁན་ཡང་མང་པོ་ཡོང་གི་འདུགཕ་ཡུལ་གྱི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་དུ་དྲང་ངེས་བློ་འཛིན་བྱེད་མཁན་ཡང་ཤིན་ཏུ་མང་པོ་ཡོང་གི་འདུག་ལ། འདི་གའི་གྲྭ་ཚང་གི་ནང་དུ་ཡིན་ན་ཡང་དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་བྱེད་མཁན་འགའ་ཤས་ཡོང་གི་ཡོད་ཚོད་འདུགམ་འོངས་པར་ཡིན་ནའང་གཞུང་ཆེན་མོ་སྤྱི་ལ་འཆད་ཉན་ལྷོད་མེད་གནང་དགོས་པ་དང༌། ལྷག་པར་སྐབས་སུ་བབས་པ་དབྱར་ཆོས་ཀྱི་རིང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་འཆད་ཉན་ལྷོད་མེད་གནང་རོགས་ཞེས་ཞུ་འདོད་བྱུང༌།ཞེས་གསུངས་ལ། བཀའ་སློབ་ཆ་ཚང་ཟུར་དུ་ཡོད་པ་དེར་གཟིགས་པར་འཚལ།

༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཀིརྟིའི་དགོན་ཁག་ལ་གནང་བའི་བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཕྱི་ལོ་༢༠༡༦ཟླ་༨ཚེས་༡ཉིན་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ཕར་ཕྱིན་དབྱར་ཆོས་དབུ་འཛུགས་བྱས་ཏེ།

ཞོགས་པའི་ཆུ་ཚོད་༦་༥༠སྟེང་དགེ་སློབ་ལས་བྱེད་ཡོངས་རྫོགས་གྲྭ་ཚང་གི་འདུ་ཁང་དུ་ཚང་འཛོམས་གནང་ཞིང་།ཆུ་ཚོད་༧སྟེང་མཁན་རིན་པོ་ཆེ་ཚོགས་ཕེབས་ཀྱིས་མཛད་སྒོ་དངོས་སུ་ཚུགས།DSC 9007 1024x768

སྐྱབས་སེམས་སྔོན་དུ་སོང་བའི་ཐོག་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་།པཎ་ཆེན་བསོད་ནམས་གྲགས་པའི་བསྟོད་པ་རྒྱ་ཆེན་བསོད་ནམས་མ་བཅས་གསུངས་རྗེས།མཁན་རིན་པོ་ཆེ་དགེན་དཀོན་མཆོག་རྒྱ་མཚོ་མཆོག་གིས་ཕར་ཕྱིན་དབྱར་ཆོས་དང་འབྲེལ་བའི་བཀའ་སློབ་གནང་དོན།སྤྱིར་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་ཚུལ་ལ་སྔ་དར་དང་ཕྱི་དར་གཉིས་ཡོད་པའི་བསྟན་པ་ཕྱི་དར་གྱི་སྐབས་སུ་རྔོག་ལོ་ཙཱ་པ་ལེགས་པའི་ཤེས་རབ་ཀྱིས་གདན་ས་ཆེན་པོ་གསང་ཕུ་དགོན་ཕྱག་བཏབ་ཅིང་།རིམ་པས་འཆད་ཉན་སློབ་གཉེར་ཡར་རྒྱས་སུ་སོང་།ལྷག་པར་དུ་རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱི་སྐུ་རིང་དར་རྒྱས་ཆེན་པོ་བྱུང་ཞིང་།སྐབས་དེར་དགུན་དུས་སུ་ཚད་མ་རྣམ་ངེས་ལ་གཙོ་བོར་འཆད་ཉན་སློབ་གཉེར་གནང་བའི་འཇང་དགུན་ཆོས་ཆེན་མོ་དང་།དབྱར་དུས་སུ་མངོན་རྟོགས་རྒྱན་གཙོ་བོར་བྱས་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཚོགས་སྲོལ་བྱུང་ཞིང་།སྐབས་དེར་ཆོས་ཁྲི་སེར་པོའི་དམ་བཅའ་འམ།དཀའ་བཞི་དང་བཀའ་བཅུའི་དམ་བཅའ་འཇོག་སྲོལ་བྱུང་ནས་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་།ཀུན་མཁྱེན་འཇམ་དབྱངས་བཞད་པ།  སོགས་ཀྱི་དམ་བཅའ་བཞག་མྱོང་བ་རེད་ལ།སྐབས་དེར་གསང་ཕུའི་གྲྭ་ཚང་བཅུ་བདུན་ལྷན་དུ་འཚོགས་པ་ཡིན་སྟབས་ལྷན་གཅིག་ཏུ་མ་ཤོང་བར་གླིང་སྟོད་གླིང་སྨད་དང་།ར་སྟོད་ར་སྨད་སོགས་སུ་བགོས་ནས་ཚོགས་ཡོད་འདུགདེ་བཞིན་ང་རང་ཚོས་དེང་སྐབས་འཚོག་བཞིན་པའི་ཀིརྟི་ཚང་གི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་འདི་ནི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་གནང་བའི་བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཕ་ཡུལ་ཕྱོགས་ནས་ལོ་ཤས་སྔོན་ནས་འཚོགས་པ་རེད་ལ།ང་ཚོས་འདི་ནས་ཀྱང་དེ་རིང་གི་འདི་ཚོགས་ཐེངས་གཉིས་པ་རེད།ཕར་ཕྱིན་དབྱར་ཆོས་ཚོགས་པའི་དགོས་དོན་དེ་སློབ་གཉེར་ཡར་རྒྱས་ཡོང་བའི་ཆེད་དུ་ཡིན་དུས་རྣམ་པ་ཚོ་ཚང་མས་འདི་ལྟར་ཚོགས་རྒྱུ་བྱུང་བར་དགའ་བ་སྒོམ་དགོས་པ་རེད།ལྷག་པར་དུ་འཇམ་མགོན་བླ་མ་DSC 9066 1024x768ཙོང་ཁ་པ་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་རྩོམ་དུ་དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས།།གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ།།དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས།།གཅིག་པུར་གནས་ཚེ་དགའ་བའི་ཅ་ཅོ་འཆོར།།་གསུངས་པ་ལྟར་གཞུང་རྩ་ཆེན་པོ་འདི་འདྲ་ཞིག་ལ་ཐོས་བསམ་སློབ་གཉེར་བྱེད་པའི་སྐལ་བ་བྱུང་བ་དེ་སྔོན་གྱི་ཚེ་རབས་མང་པོའི་ལས་དང་སྨོན་ལམ་བཟང་པོའི་སྟོབས་ཀྱིས་བྱུང་བར་ངོས་འཛིན་དང་།དགའ་སྤྲོའི་ངང་ནས་སློབ་གཉེར་གནད་དུ་འགྲོ་བ་གནང་རྒྱུ་གལ་ཆེ།དགེ་རྒན་རྣམ་པས་དཔེ་ཁྲིད་གཟབ་ཉན་གནང་ཞིང་།ནང་ནས་དཔེ་ཆ་ཀློག་རྒྱུ།ཆོས་རྭའི་རྩོད་པ་སོགས་ཐམས་ཅད་ལ་ཧུར་བརྩོན་གནང་རོགས་གྱིས།དེ་དག་ཐམས་ཅད་གཙོ་བོ་རང་རང་གི་རྒྱུད་ལ་སྦྱར་ནས་ཉམས་ལེན་ལ་བཀོལ་རྒྱུ་གལ་ཆེན་པོ་རེད།རྗེ་རིན་པོ་ཆེས་ལེགས་བཤད་སྙིང་པོའི་ནང་དུ་གཤགས་འབྱེད་པ་ཙམ་གྱི་མཁས་པ་ལ་དགའ་བར་མི་བྱའོ་ཞེས་གསུངས་པ་ལྟར་གང་བསླབ་པ་དང་གང་ཤེས་པ་དེ་རང་རྒྱུད་དུལ་བའི་ཐབས་སུ་འགྲོ་བ་ཞིག་ལ་གཙོ་བོར་དམིགས་དགོས་པ་གལ་ཆེན་པོ་རེད།ཅེས་སོགས་གསུངས་པ་དང་།འཛིན་གྲྭའི་སྐྱོར་དཔོན་བཞི་ཡིས་རྩོད་མཚམས་ལས་འཕྲོས་པའི་རྩོད་པ་རེ་གནང་སྟེ།མཇུག་ཏུ་དགེ་ལྡན་བསྟན་འབར་མ་གསུངས་རྗེས་མཛད་སྒོ་ལེགས་པར་གྲོལ།

སྤྱིར་ཕར་ཕྱིན་དབྱར་ཆོས་ཀྱི་སྐབས་སུ་ཞྭ་སེར་བསྟན་པའི་མངའ་བདག་༸མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གཞུང་ལ་དམིགས་བསལ་གྱིས་སློབ་གཉེར་གནང་རྒྱུའི་ཆོས་ཐོག་ཅིག་ཡིན་ལ།དེར་མཆོད་བརྗོད་འཛིན་གྲྭ་དང་།སྒྲོ་འདོགས་ངོས་འཛིན་གྱི་འཛིན་གྲྭ།  དགག་བྱ་ངོས་འཛིན་གྱི་འཛིན་གྲྭ།རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་དང་།ཉིན་བཅུ་གཉིས་རིང་ཚོགས་རྒྱུའི་ཆོས་ཐོག་ཅིག་ཡིན་པ་དང་།ཉིན་ལྟར་དྲང་ངེས་ལེགས་བཤད་སྙིང་པོའི་དཔེ་ཁྲིད་ཆག་མེད་དང་།ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕྱེད་དམ་བཅའ་ཆེན་མོ་ཚོགས་དགོས་ཀྱི་ཡོད་འདུག

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.