༄༅།།༸རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་༸ཀུན་གཟིགས་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས། ཟབ་རྒྱས་མཛོད་འདུལ་ཚད་མའི་གཞུང་། །ཚིག་དོན་རིན་ཆེན་བང་མཛོད་ལས། །རང་གི་བགོ་སྐལ་ཅི་ནུས་བླང་། །ཞེས་དང་། རྣམ་འགྲེལ་གྱི་རིགས་ལམ་སྦྱང་བ་དབུ་མའི་ལྟ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བར་མ་ཟད་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་རིགས་པའི་རྗེས་སུ་འབྲང་བའི་ངེས་པ་རྙེད་དེ་སྐྱབས་འགྲོ་བརྟན་པོ་འོང་བ་ཚད་མའི་གཞུང་ལུགས་སྦྱང་བ་ལ་རག་ལས།ཞེས་གསུངས་པ་ལྟར། གཞུང་ཆེན་མོ་སྤྱིའི་གོ་བ་རིགས་པའི་ལམ་ནས་གཏན་ལ་འབེབས་པ་དང་། ལྷག་པར་རང་གི་སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་རྙེད་ཅིང་སྐྱེ་བ་སྔ་ཕྱི་སོགས་ལ་ཡིད་ཆེས་བརྟན་པོ་རྙེད་པ་སོགས་རྣམ་འགྲེལ་གྱི་གཞུང་ལུགས་སྦྱང་བ་ལ་རག་ལས་པར་བརྟེན།
བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་གདན་ས་ཁག་ཏུ་ལོ་བསྟར་ཉིན་ཉི་ཤུའི་ཆོས་ཐོག་སྟེ་ཚད་མའི་དགུན་ཆོས་ཆེན་པོ་ཐེངས་རེ་སྔར་ནས་འཚོགས་སྲོལ་ཡོད་མུས་ལྟར། འདི་ལོར་འདི་ག་བྱེས་ཀྱི་གདན་ས་ཀིརྟིའི་བྱེས་པ་གྲྭ་ཚང་དུའང་ཐེངས་དང་པོའི་དགེ་བཤེས་གསར་ཕེབས་རྣམས་ནང་ཁུལ་ཆ་བགོས་ཀྱིས་འཛིན་གྲྭ་ཁག་སོ་སོར་གྲྭ་བསྐོར་དམ་བཅའ་དང་འབྲེལ་ཚད་མའི་དགུན་ཆོས་ཆེན་མོ་དང་དེའི་རྒྱུགས་སྤྲོད་བཅས་ལེགས་པར་གྲུབ་པའོ།།
|
|||