ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༦ ནས་ ༧ བར་ཉིན་གཉིས་རིང་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐེངས་གསུམ་པ་ཚོགས། དེ་ཡང་ཞོགས་པའི་ཆུ་ཚོད་ ༨ ། ༤༠ འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་དང་སྤྱི་ཁྱབ་རྒྱུན་ལས་བཅས་ནས་རྒྱུན་ཆགས་གསུམ་པ་དང་ཤིས་བརྗོད་གསུང་བ་དང་མཉམ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ། དེ་རྗེས་ཐེངས་འདིའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་དགེ་སོ་རུ་བློ་བཟང་དར་རྒྱས་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བར། ང་ཚོ་ཉིན་གཉིས་རིང་ཚོགས་དགོས་པ་དེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ། ཀིརྟིའི་བླ་བྲང་དེ་ཉིད་གཞན་ཕན་ཆོས་ཕྱོགས་ཀྱི་དགེ་རྩ་ཁོ་ནར་དམིགས་པའི་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་གནང་བ་དེ། སྐུ་ཚེའི་མཛད་འཕྲིན་མང་པོའི་ནང་གི་མཛད་འཕྲིན་རླབས་ཆེ་ཤོས་ཤིག་ཆགས་བསྡད་ཡོད་དུས། དེ་འདྲའི་མཛད་པ་རླབས་ཆེན་དེ་སྤེལ་བ་ལ་ཀིརྟིའི་དགེ་རྩ་ཚོགས་པ་ཆགས་བསྡད་ཡོད་པ་རེད།
ནམ་རྒྱུན་བླ་མ་རྣམ་པའི་ཆེ་བ་བརྗོད་སྐབས་འཕྲིན་ལས་ཀྱི་ཤིང་རྟ་པ་ཆེན་པོ་ཟེར་བ་ལྟར་དངོས་གནས་དྲང་གནས་རྒྱུན་ལས་རྣམ་པ་དབུ་བཞུགས་ཀྱིས་ང་ཚོ་འདིའི་ནང་ལ་ཡོད་བསྡད་པ་ཚང་མ་འཕྲིན་ལས་ཀྱི་ཤིང་རྟ་པ་ཞིག་ཆགས་སྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་ཀིརྟིའི་དགེ་རྩ་ཚོགས་པ་ཕུགས་འཕེར་སྲ་བརྟན་ཡོང་བ་ལ་འགན་བཞེས་དགོས་དུས། ལོ་གཅིག་གི་དགེ་རྩ་ཚོགས་པའི་ལས་དོན་སྤྱི་དང་། ལྷག་པར་དུ་ཀིརྟིའི་དགེ་རྩ་ཚོགས་པ་ཕུགས་འཕེར་སྲ་བརྟན་ཡོང་བ་ལ་ལས་གཞི་འདི་འདྲ་ཞིག་བརྩམ་ན་ཡག་པོ་འདུག་སྙམ་ནས་བཤད་རྒྱུ་དེ་འདིར་ཡོད་པ་ཚང་མ་ལ་འགན་འཁྲི་ཡོད་བསྡད་པ་རེད། ལྷག་པར་དུ་ལས་རིམ་ནང་དུ་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་། བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ། འབྱུང་འགྱུར་ལོ་གཅིག་གི་སྔོན་རྩིས་དེ་དག་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད། གལ་ཆེན་པོ་མཐོང་བ་ནང་བཞིན་དུས་ཚོད་རིང་པོ་བཞག་ཡོད། དེའི་སྟེང་དྲི་བ་དྲིས་ལན་དང་བགྲོ་གླེང་ལྷུག་པོ་ཡོང་བའི་རེ་བ་ཡོད། དེ་ཚོའི་རིགས་ལ་ཅི་ཙམ་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་ཐུབ་པ་ཡིན་ན། རྒྱུན་ལས་རྣམ་པ་ཚོ་ཡིན་ནའང་ཕྱག་ལས་གནང་བདེ་པོ་དང་སྟབས་བདེ་པོ་ཆགས་ཀྱི་རེད། དགེ་རྩ་ཚོགས་པའི་མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་ཡང་རང་བཞིན་གྱིས་ཕན་བསྡད་ཡོད་དུས་རྣམ་པ་ཚོས་དེ་ཚོ་གསུམ་པོ་དམིགས་བསལ་གྱིས་འགན་ལེན་དགོས་པ་རེད་ཟེར་ནས་ཞུ་འདོད་བྱུང་། ཞེས་སོགས་གསུངས།
ཚོགས་འདུར་དངོས་སུ་ཚོགས་བཅར་ཐུབ་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་ ༦༣ དང་། སྤྱི་ཁྱབ་རྒྱུན་ལས་རྣམ་པ་གསུམ་བཅས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པའི་ལོ་གཅིག་རིང་གི་ལས་བསྡོམས་དང་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ། འབྱུང་འགྱུར་ལོ་གཅིག་གི་ཚོད་དཔག་སྔོན་རྩིས་དང་ཡོང་འཆར་སྔོན་རྩིས། དེ་མིན་འཐུས་མིའི་ལས་དོན་ཚོགས་ཆུང་གི་སྒྲིག་གཞི་བསྐྱར་བཅོས། རྒྱུན་ལྷན་གྱི་གྲོས་ཆོད་གྲོས་འཆར་བཞི་དང་། འཐུས་མི་སྒེར་གྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་ཀྱི་ཐོག་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་སྦྱངས་བཤད་མཐིལ་ཕྱིན་གནང་ཞིང་། གང་གཏན་འབེབས་བྱ་དགོས་པ་དེ་ཆ་ཚང་སྤྱི་མོས་དང་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་། དེ་མིན་འཐུས་མིའི་ལས་དོན་ཚོགས་ཆུང་དང་སྤྱི་ཁྱབ་རྒྱུན་ལྷན་རྣམ་པ་ལྷན་ཚོགས་ཐོག་ཀིརྟིའི་དགེ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་ལམ་སྟོན་བཀའ་སློབ་ལས་གྲོས་གཞི་བརྒྱད་ཟུར་འདོན་ཞུས་པའི་ཐོག་ཚོགས་ཆུང་གསུམ་དུ་བགོས་ནས་བགྲོ་གླེང་དང་འབྲེལ་ཚོགས་ཆུང་གི་བསམ་ཚུལ་གང་ཡོད་པ་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམ་པས་གྲོས་ཆོད་ཀྱི་ངོ་བོར་ཕྱོགས་བསྡོམས་བྱས་པ་ཁག་ལས་གཉིས་མ་གཏོགས་པའི་གྲོས་ཆོད་ ༢༦ མང་མོས་དང་སྤྱི་མོས་གང་རུང་གི་སྒོ་ནས་གཏན་འབེབས་ལེགས་པར་གནང་། དེ་རྗེས་ཚོགས་གཙོ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་གྲུབ་པ་དང་། སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐེངས་བཞི་པའི་ཚོགས་གཙོ་བགྲེས་གཞོན་དང་ཚོགས་དྲུང་བཅས་འོས་འདེམས་ཀྱི་ལམ་ནས་གསར་བསྐོ་དང་། ཚོགས་བཅར་པ་ཡོངས་སྐུ་པར་མཉམ་སྒྲོན་གནང་། དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་པ་བཅས་ཀྱིས་ཚོགས་འདུ་ཡོངས་སུ་གྲུབ་པའོ། །