2023.4.18༄༅།། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྤྱི་ནོར་འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཁ་བ་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གང་ཉིད་ནས། སྐུ་ཚེ་གང་པོར་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་གྱི་གཙོ་བོར་མཛད་དེ། རིས་སུ་མ་ཆད་པའི་མཐའ་ཀླས་པའི་སྐྱེ་འགྲོ་གྲངས་མེད་པ་མ་མཛངས་མའི་བུ་གཅིག་པུ་ལ་བརྩེ་བ་བཞིན་གནང་སྟེ། རྒྱལ་ཕྱི་ནང་གི་མི་སུ་འདྲ་ཞིག་ལ་མཇལ་འཕྲད་གནང་ནའང་འཛེམ་ཟོན་དང་། བག་ཚ་བ་ཅུང་ཟད་ཙམ་ཡང་མེད་པར་ཡུན་རིང་འདྲིས་པའི་མཛའ་བཤེས་ལྟར་བྱམས་བརྩེས་གཟིགས་སྐྱོང་ཚད་མེད་གནང་དང་གནང་བཞིན་པ་ནི་སྐྱེ་བོ་ཕལ་བའི་བློ་ངོར་ཤོང་དཀའ་བའི་མཛད་པ་ལ། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་རྒྱལ་ཁབ་དང་སྐྱེ་འགྲོ་མཐའ་ཡས་པས་རྗེས་སུ་ཡི་རངས་ཞུས་ཏེ་ཤར་ནུབ་ཀྱི་སྐྱེ་བོ་ས་ཡ་མང་པོས་དགའ་བསུ་དང་། གཟེངས་རྟགས་ཅི་ཙམ་ཕུལ་བ་སོགས་ཀྱིས་མཚོན་ནུས།

བར་ལམ་རང་ཅག་བོད་མི་གཙོ་བོར་གྱུར་པའི་སྐྱེ་འགྲོའི་བསོད་ནམས་ཀྱི་སྤྱི་གེགས་ལྟ་བུར་༸མགོན་པོ་མཆོག་ལ་གཞི་མེད་བསྙོན་འཛུགས་ཀྱི་མཚན་ཤས་བཟོས་པར་བརྟེན། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཞེས་གསུངས་པ་ལྟར་ལགས་ནའང་། འདི་ག་གྲྭ་ཚང་ནས་དཀྲོག་གཏམ་རིགས་ཞི་ཆེད། གནས་བཅུའི་ཕྱག་མཆོད་དང་། རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཁག གདུགས་ཤེར་སེང་གསུམ་གྱི་བཟློག་བསྒྱུར། བོད་སྐྱོང་ལྷ་སྲུང་ཁག་གི་བསངས་གསོལ་རྒྱས་པ་བཅས་གསོག་སྒྲུབ་ཞུས་པས་མཚོན་དུས་གསུམ་དུ་བསགས་དང་གསོག་འགྱུར་གྱི་དགེ་རྩ་རྣམས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་ཇི་སྲིད་ཉི་ཟླའི་བགྲོད་པ་མ་ནུབ་བར་སྐུ་ཚེ་༸ཞབས་པད་མི་འགྱུར་རྡོ་རྗེའི་རང་ཁམས་སུ་བརྟན་པའི་རྒྱུ་རུ་འགྱུར་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ནས། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༧ ལ་ཕུལ།

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.