2022.8.8 3

༄༅།། བོད་རྒྱལ་ལོ་ ༢༡༤༩།   ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ཉིན། རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་འབུལ་དགོས་པའི་བླ་ལྷའི་བཀའ་ལུང་ཡང་ཡང་ཕེབས་དོན་བཞིན། འདི་ལོ་བོད་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཏུ་ཕེབས་པ་དང་། ཕྱི་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུ་ཐམ་པ་སྟེ་ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ཀྱི་དགུང་ཀེག་གཉིས་དུས་གཅིག་ཏུ་ཁེལ་བའི་དགུང་ཀེག་བཟློག་ཆེད་ཉིན་བདུན་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་གནད་སྨིན་སྔོན་སོང་དང་འབྲེལ། ཀིརྟི་ཚང་གི་སློབ་བརྒྱུད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥པའི་ཐོག རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་མཆོག་རྩེ་གསེར་ཁྲི། ཁྲི་ཡོངས་འཛིན་གྱི་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་མཆོག་རབ་དཔལ་བཟང་པོ་མཆོག་གིས་གཙོས། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་རྫོགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་འཛོམས་ནས་བརྟན་བཞུགས་སྔོན་འགྲོའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཚོགས་ཐུན་ཐ་མ་ཆུ་ཚོད་གཅིག་རིང་ཚོགས་པ་དང་།

ཆུ་ཚོད་ ༤༥ ཐོག་༸སྐྱབས་རྗེ་ཇོ་ནང་༸རྒྱལ་ཚབ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་པ་རྣམས། མདོ་སྨད་བཀའ་བློན་དང་བཀའ་ཟུར། མདོ་སྨད་སྤྱི་འཐུས་དང་སྤྱི་ཟུར། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་འབྲེལ་ཡོད་སྐུ་མགྲོན་རྣམ་པ། མདོ་སྨད་དབུས་དང་ས་གནས་ཀྱི་རྒྱུན་ལས།བརྟན་བཞུགས་ཀྱི་སྦྱིན་བདག་ཁག འབྲེལ་ཡོད་མདོ་སྨད་མི་མང་བཅས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་འཛོམས། ཆུ་ཚོད་ ༧།༥༥ ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བརྟན་བཞུགས་ཀྱི་ཚོགས་མགོན་དུ་༸ཞབས་སོར་བཀོད། ཆུ་ཚོད་ ༨།༠༠ ཐོག་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་དཔལ་བཟང་པོ་མཆོག་གི་ཞལ་སློབ་གསེར་ཁྲི་རྣམ་གཉིས་ཞེས་ཡོངས་སུ་གྲགས་པ། ༸སྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེའི་སྐུ་ཕྲེང་དྲུག་པ་༸རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན་སེངྒེ་མཆོག་དང་། ༸སྐྱབས་རྗེ་མཆོག་རྩེ་གསེར་ཁྲི་རིན་པོ་ཆེ་ཁྲི་ཡོངས་འཛིན་གྱི་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་མཆོག་རབ་རྣམ་གཉིས་ཀྱིས་གཙོས། ཀིརྟིའི་བྱེས་པ་གྲྭ་ཚང་གི་ལས་སྣེ་དང་། བརྟན་བཞུགས་ཀྱི་སྦྱིན་བདག་རྣམས་ཀྱིས་སྤོས་སྣེ་དང་བཅས། ༸རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མ་ཐག་བརྟན་བཞུགས་དང་འབྲེལ་བའི་ཐོག་མའི་བཀའ་སློབ་གནང་དོན། དེ་རིང་གི་བརྟན་བཞུགས་ཀྱི་བརྒྱུད་རིམ་ལ་མཚོན་ན།

ཕྱི་ལོ་  ༢༠༢༡  ལོའི་ཕྱི་ཟླ་ ༨ ཚེས་  ༨  ཉིན་ནི་བོད་རྩིས་ལྟར་ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་ཚེས་གྲངས་ལ་འཁེལ་གྱི་ཡོད། སྐབས་དེར་ང་ཐེ་ཝན་ནང་ནད་ཡམས་ཀྱི་དབང་གིས་ཟུར་བཀག་ཏུ་བསྡད་ཡོད་ལ། བོད་ནང་དུ་རྒྱ་མིས་དམ་བསྒྲགས་བྱས་ཏེ་རྔ་པ་ཀིརྟི་དགོན་པ་ལྟ་བུ་ལ་མཚོན་ན། གྲྭ་ཕྲུག་ཚོས་ཁ་ཟས་མངར་མོ་ཉོས་ཏེ་ངའི་སྐྱེས་སྐར་སྲུང་བརྩི་བྱ་རྒྱུ་རེད་ཅེས་ཟེར་ནས་ཁ་ཟས་མངར་མོ་བཙོང་སའི་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ཏུ་བཅུག་པར་མ་ཟད། འབྲེལ་ཡོད་དགོན་གྲོང་གཉིས་ཀར་ཤིན་ཏུ་དམ་བསྒྲགས་དང་བཙིར་གནོན་བྱས་ཏེ་དཀའ་ངལ་ཆེན་པོ་སྤྲད་འདུག 

 

2022.8.8 1 2022.8.8 2  2022.8.8 5 
2022.8.8 12 2022.8.8 7 2022.8.8 8
2022.8.8 9 2022.8.8 10 2022.8.8 6

དེ་ཕྱིས་ང་ཚུར་རྒྱ་གར་ལ་འབྱོར་བའི་རྗེས་སུ་འབྲེལ་ཡོད་ཚོའི་ངོས་ནས་ང་ལ་གྱ་སྟོན་བྱ་དགོས་པའི་སྐོར་མང་པོ་ཞིག་བཤད་ཡོང་གི་འདུག་པས། ངའི་ངོས་ནས་གྱ་སྟོན་བྱ་རྒྱ་མིན། གྱ་སྟོན་ཞེས་པ་ནི་དགའ་དགའ་སྤྲོ་སྤྲོ་བྱས་ཏེ་སྐྱིད་པོ་བྱ་དགོས་པ་ཞིག་ཡིན་ཡང་།  ངའི་གྱ་སྟོན་གྱི་རྐྱེན་པས་འབྲེལ་ཡོད་མི་མང་པོ་ཞིག་ལ་དཀའ་ངལ་སྤྲད་པ་ཡིན་ན་གཏན་ནས་འགྲིག་གི་མི་འདུག གཉིས་ནས་ནད་ཡམས་ཀྱི་དབང་གིས་འཛམ་གླིང་ནང་མི་སྟོང་ཕྲག་མང་པོ་སྡུག་བསྔལ་ལ་སྦྱོར་བསྡད་པ་ཡིན་དུས་གྱ་སྟོན་བྱ་རྒྱུ་དུས་ལ་བབ་པོ་ཞིག་དང་འཚམས་པོ་ཞིག་ཀྱང་ཆགས་ཀྱི་མི་འདུག རྒྱུ་མཚན་འདི་གཉིས་ཀྱི་ཐོག་ནས་གྱ་སྟོན་བྱ་རྒྱུ་མིན་ཞེས་ཡོངས་གྲགས་སུ་བཤད་པ་ཡིན།

འབྲེལ་ཡོད་མང་ཚོགས་ཀྱིས་འོ་ན་བརྟན་བཞུགས་རྒྱས་པ་ཞིག་འབུལ་དགོས་ཀྱི་འདུག་ཅེས་བཤད་ཡོང་གི་འདུག་པས།དངུལ་དངོས་ཀྱི་འགྲོ་སོང་ཆེན་པོ་བཏང་བ་ལྟ་བུ་མ་ཡིན་པར་ཆོས་ཕྱོགས་རྐྱང་པའི་ཐོག་ནས་བརྟན་བཞུགས་ཕུལ་བ་ཡིན་ན་མ་འགྲིག་པ་མི་འདུག་ཅེས་བཤད་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་གནང་གྲུབ་པ་དང་། བླ་སྤྲུལ་འདུས་མང་བཅས་ནས་རྒྱུན་ཆགས་གསུམ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་ལན་གསུམ་གསུང་བཞིན་པའི་སྐབས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་གའི་གཞུང་བཞིན་གསུངས་ནས། རྡོ་རྗེ་སློབ་དཔོན་མཆོག་རྩེ་གསེར་ཁྲི་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་བ་དང་། ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀའི་དགོན་མ་ལག་ཡོངས་ཀྱི་སྐུ་ཚབ་ཏུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་གཡས་ནས་དང་། ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་སྐུ་ཚབ་ཏུ་རྨེའུ་ཆོས་རྒྱལ་ཆེན་པོའི་སྲས་མོ་སྤྱི་ཟུར་མགོན་པོ་མཚོས་གཡོན་ནས་མཎྜལ་བཏེགས།

རྫས་བརྒྱད་སོགས་རྟེན་རྫས་རྣམས་རིམ་པ་བཞིན་ཕུལ་གྲུབ་མཚམས་སུ་བརྟན་བཞུགས་འབུལ་མཁན་ཕྱི་ནང་གི་སྦྱིན་བདག་སོ་སོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བ་དང་ཆབས་ཅིག ཞལ་འདོན་རྣམས་མུ་མཐུད་གསུངས། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་དང་བརྟན་བཞུགས་གསོལ་འདེབས་ཆེད་རྩོམ་སྒྲིག་གནང་བའི་དཔེ་དེབ་ཁག་གི་ཞལ་བྱང་རྣམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་༸སྙན་སྒྲོན་ཞུས།

 དེ་རྗེས་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་<< རིག་གཞུང་ནོར་བུའི་སྐར་ཚོམས་>> ཞེས་བྱ་བ་དེབ་ཕྲེང་བཅུ་གཅིག་གི་བདག་ཉིད་ཅན་གྱི་ཞལ་དབྱེ་བཀའ་དྲིན་ཆེ་བ་དང་། བརྟན་བཞུགས་གསོལ་འདེབས་ཆེད་པར་སྐྲུན་ཞུས་ཟིན་པ་ << རིག་གཞུང་ནོར་བུའི་སྐར་ཚོམས།>> ཞེས་བྱ་བའི་དེབ་ཕྲེང་བཅུ་གཅིག་གི་བདག་ཉིད་ཅན་རྩོམ་པ་པོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་རེ་མདོ་སེངྒེ་མཆོག་ནས་རྩོམ་དེབ་རྣམས་ངོ་སྤྲོད་མདོར་བསྡུས ༸སྙན་སྒྲོན་ཞུས།

དེ་རྗེས་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་རྡོ་རྗེ་འཆང་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་ཐུན་མོང་ནས་བཀའ་དྲིན་རྗེས་སུ་དྲན་པ་དང་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཀྱི་༸སྙན་ཞུ་

(བཀའ་དྲིན་རྗེས་སུ་དྲན་པ་དང་འབྲེལ་བའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་༸སྙན་ཞུ།

༄༅།། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ།མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། སྐྱབས་གཅིག་མཐོང་བ་དོན་ལྡན། ༸རོང་ཆེན་ཆོས་ཀྱི་རྒྱལ་པོ།རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་། ༸སྐྱབས་མགོན་རྡོ་རྗེ་འཆང་༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་༸ཞབས་པད་གསེར་ཁྲི་མངོན་མཐོའི་དྲུང་དུ།

སྒོ་གསུམ་རབ་གུས་༸རོང་ཆེན་བསྟན་པའི་སྒྲོན་མེ་གང་ཉིད་ཀྱིས་གདུལ་ཞིང་དུ་བདག་གིར་བཞེས་པའི་བོད་གཞིས་བྱེས་གཉིས་ཀྱི་སློབ་བརྒྱུད་སེར་སྐྱ་ཐུན་མོང་ནས་ཕྱག་བཅས་ཞུ་གསོལ་འདེབས་སྙིང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས། བློ༵་བཟ༵ང་གྲགས་སྙན་བསྟ༵ན་པའི་རྒྱལ་མཚན་མཆོག། འཛི༵ན་ལ་སྙིང་སྟོབས་གོ་ཆ་མི་ལྷོད་པས།། མི་བསྲུན་བརླང་སྤྱོད་འཚུབ་ཀྱང་འཇི༵གས་མེ༵ད་པའི།། ཡེ༵་ཤེ༵ས་རྒྱ༵་མཚོ༵འི་གཏེར་ཁྱོད།། ཅེས་མ་འོངས་སྔོན་གཟིགས་ཀྱིས་ལུང་གིས་བསྔགས་པར་མཛད་པ་བཞིན།མདོ་རོང་མཐའ་འཁོབ་ཀྱི་མི་བསྲུན་པའི་སྐྱེ་བོའི་མགོན་སྐྱབས་དམ་པར་བསམ་བཞིན་དུ་བྱོན་པ་གང་ཉིད་ནི། བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར།མདོ་སྨད་ཐེ་བོ་རོང་སྟག་མོའི་སྒང་དུ་སྐུའི་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད་པ་ནས་བཟུང་དགུང་ལོ་བརྒྱད་ཅུ་ཧྲིལ་པོ་བཞེས་པའི་རིང།དུས་ངན་སྙིགས་ལྔའི་རང་མདངས་ཅི་ཙམ་བདོ་ནའང་སྔོན་གྱི་ཐུགས་བསྐྱེད་དང་དམ་བཅའ་ཇི་ལྟར་མཛད་པ་བཞིན་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ། བོད་གཞིས་བྱེས་གཉིས་སུ་འཁོད་པའི་གདུལ་བྱ་རྣམས་མ་མཛངས་མས་བུ་གཅིག་པུ་ལ་བརྩེ་བ་ལྟར་བཀའ་དྲིན་གྱིས་བསྐྱངས་པའི་ཚུལ་ནི་བརྗོད་ཀྱིས་ག་ལ་ལང་། འོན་ཀྱང་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་རྣམ་པར་ཐར་པ་ཆེ་ལོང་ཙམ་བརྗོད་ན།

༡༽བོད་ཁ་བ་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་མཚམས་ཏེ་གཉན་འཕྲང་ཤིན་ཏུ་ཆེ་བའི་དུས་འདིར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཕྱག་ན་པདྨོ་སྐུ་དངོས་ཀྱིས་ཆོས་ཀྱི་རྒྱལ་པོ་མཛད་པའི་སྐབས། ༸སྐྱབས་མགོན་རྡོ་རྗེ་འཆང་གང་ཉིད་ནས་ཆོས་བློན་གྱི་མཛད་འགན་ཕྲག་པར་བཞེས་པ་ནས་བཟུང་༸རྒྱལ་བསྟན་སྤྱི་དང་བྱེ་བྲག་བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཅི་གསུང་བཀའ་སྒྲུབ་དབུ་འོག་དཔུང་འདེགས་ཀྱིས་རླབས་ཆེན་གྱི་མཛད་འཕྲིན་གཟེངས་སུ་ཐོན་པར་མཛད།

༢༽ལྷག་པར་དུ་བོད་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་དངོས་སུ་གཟིགས་རྟོག་ཆེད། ནང་དོན་བོད་གཞུང་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་དང་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས།རྒྱ་བོད་ཀྱི་མི་སྣ་མཆོག་དམན་བརྒྱ་ཕྲག་དུ་མར་མཇལ་འཕྲད་ཀྱིས་བོད་དང་བོད་མིའི་བདེ་སྡུག་ལ་གསན་བཞེས་ཀྱིས་བཀའ་སློབ་ལམ་སྟོན་གནང་བ་དང་། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་རབ་གནས་ཆེན་མོ་བསྐྱར་གསོ་མཛད་པས་མཚོན་རླབས་ཆེ་བའི་མཛད་འཕྲིན་དུ་མ་ཉེན་ཁ་ལ་འཛེམས་མེད་ཀྱིས་གནང་བར། རྒྱ་དམར་མ་བཟོད་ནས་གཟིགས་སྐོར་མཚམས་འཇོག་བྱེད་དུ་བཅུག་སྟེ་བོད་ནས་ཕྱིར་འབུད་མ་བཏང་ཐབས་མེད་དུ་གྱུར་།

 

༣༽བྱེ་བྲག་ཏུ་ཀིརྟིའི་བླ་བྲང་ཞེས་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་དེ་ཉིད་དུས་བབ་ཀྱི་འགྱུར་འགྲོས་དང་མཐུན་པར་ཆབ་སྲིད་དང་འབྲེལ་མེད་གཞན་ཕན་གྱི་དགེ་རྩའི་སྒྲིག་འཛུགས་ཏེ།དེང་དུས་མང་གཙོའི་འགྲོ་ལུགས་ཅན་གྱི་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་ནས་དད་ཟས་རྣམས་བར་མ་དོར་ཆུད་མི་ཟ་བར་སྤྱི་དོན་དང་གཞན་ཕན་དགེ་རྩ་ཁོ་ནའི་ཆེད་དུ་སྨིན་གཏོང་མཛད་བཞིན་པ་དང་།

 

༤༽འབྲེལ་ཡོད་དགོན་སྡེ་ཁག་གི་འདུས་སྤྱི་ནས་དམར་ཟས་སྤོང་དགོས་པ་དང་། འཆད་ཉན་སློབ་གཉེར།འགྲིག་ལམ་ཀུན་སྤྱོད། དགོན་པའི་འཛིན་སྐྱོང་དང་བཅས་པ་དུས་བསྟུན་ལེགས་བཅོས་ཇི་ལྟར་མཛད་དགོས་པའི་ཚུལ་ལ། ༸སྙན་སྒྲོན་བཅུ་གསུམ་སྔ་ཕྱི་གཉིས་དང་། དྲུག་ཅུ་རྒན་པོའི་རེ་འདུན་སོགས་བཀའ་སློབ་སྔ་ཕྱིར་གནང་ནས་བསྟན་པར་དག་ཐེར་གྱིས་རྒྱལ་བའི་དགོངས་པ་དང་མཐུན་པའི་ཕྱོགས་སུ་ཁྲིད་པར་མཛད།

 

༥༽རྒྱལ་བསྟན་རིན་པོ་ཆེ་ཉམས་མེད་ཡུན་རིང་དུ་འཚོ་གནས་ཐུབ་པའི་ཆེད་ཀིརྟི་ཚང་གི་གདན་ས་རྣམས་ལ་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་གནང་སྟེ་བཤད་སྒྲུབ་ལས་གསུམ་གྱི་བྱ་བར་དུས་བསྟུན་གྱི་ལེགས་བཅོས་ཡང་དག་པར་མཛད་པའི་ཐུགས་རྗེས།དེང་སྐབས་འབྲེལ་ཡོད་དགོན་སྡེ་རྣམས་སུ་མདོ་སྔགས་རིག་གནས་དང་བཅས་པར་འཆད་ཉན་སློབ་གཉེར། འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་ནས་གཞན་འགྲན་མེད་པའི་ཡར་རྒྱས་བྱུང་དང་འབྱུང་བཞིན་པས་མཚོན་མདོ་རོང་གི་ཡུལ་དུ་བསྟན་པའི་མེ་རོ་རྨང་ནས་གསོས་པར་མཛད།

 

༦༽བདག་ཅག་ལྷ་སྡེ་མི་སྡེ་སྤྱི་དང་ཁྱད་པར་དུ་མདོ་རོང་མཐའ་འཁོབ་ཀྱི་སྐྱེ་བོ་མ་རུང་འདུལ་དཀའ་བ་རྣམས་ལ།ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལས་བརྩམས་པའི་བསླབ་བྱ་སོ་གཉིས་སོགས་ལམ་སྟོན་བཀའ་སློབ་ཡང་ནས་ཡང་དུ་གནང་བའི་ཐུགས་རྗེས་དད་ལྡན་ཞིང་འབྲོག་མི་མང་ཁྲི་མ་འབུམ་གྱི་ཀུན་སྤྱོད། སྤྱི་ཚོགས་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན། ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་གང་ཅིའི་ཐད་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་སུ་ཁ་ལོ་བསྒྱུར་པར་མཛད།

 

༧༽བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་ཉེན་ཚབས་ཇེ་ཆེར་གྱུར་ཏེ། བོད་རྒྱ་ཆེའི་མི་མང་གི་ལུས་སེམས་གཉིས་ཀར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ་ལས་སྐྱོབ་པའི་ཆེད། ཞི་བདེ་དང་དྲང་བདེན་ལ་དགའ་བའི་ཨ་རི་དང་ཡུ་རོབ་སོགས་ཀྱི་གཞུང་དང་རྒྱལ་ཁབ།ཚོགས་སྡེ་སོགས་ལ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་སྡུག་ཞུ་འབོད་ཡང་ནས་ཡང་དུ་གནང་སྟེ།བོད་དང་བོད་མི་སྡུག་བསྔལ་གྱི་སྨག་རུམ་ལས་སྐྱོབ་པའི་རྣམ་པར་ཐར་པ་བདག་གིར་བཞེས།

 

༨༽མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུའི་སོན་རྩ་བོད་ཕྱི་ནང་གཉིས་ཀའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ན་གཞོན་རྣམས་ཀྱི་ཆེད་དུ་དམིགས་ཏེ། སྔོན་འགྲོ་ནས་གཞི་རིམ་འཛིན་གྲྭ་དགུ་པའི་བར་གྱི་སློབ་དེབ་བློ་གསལ་མགུལ་རྒྱན་དེབ་གྲངས་༦༩དང་། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་དང་ལོ་རྒྱུས།ཆབ་སྲིད་སོགས་ཀྱི་སྐོར་དེབ་ཕྲེང་བརྒྱ་ཕྲག་བརྒལ་བ་སྐུ་ངལ་ལ་མ་འཛེམས་པར་ལྗགས་རྩོམ་མཛད་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཞབས་འདེགས་བླ་ན་མེད་པ་མཛད།

 

༩༽ཐུབ་པའི་བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་ཐབས་སུ།རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་གཞིས་བྱེས་གཉིས་ཀར་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་བགྲོ་གླེང་གནང་དུ་བཅུག་ནས་རྒྱལ་བསྟན་སྤྱི་དང་ཞྭ་སེར་ཅོད་པན་འཆང་བའི་བསྟན་ལ་ཞབས་འདེགས་བླ་ན་མེད་པ་སྒྲུབ་པར་མཛད།

 

༡༠༽མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུའི་སོན་རྩ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་གིས། ཆོས་བརྒྱུད་རིས་མེད་ཀྱི་རབ་བྱུང་ཕོ་མོ་ན་གཞོན་རྣམས་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུར་སྐྱེད་སྲིང་མཛད་སྟངས་ལ་མཁས་པ་བརྒྱ་ཕྲག་དུ་མའི་དགོངས་ཚུལ་ཕྱོགས་བསྡུས་གཏན་འབེབས་ཀྱིས་མ་འོངས་པའི་ལམ་ཕྱོགས་གསལ་བར་བསྟན་པའི་ལམ་སྟོན་གྱི་སྒྲོན་མེ་སྦར་བར་མཛད་པ་སོགས་བོད་བསྟན་སྲིད་སྤྱི་དང་། ལྷག་པར་གང་གི་སྐྱོང་ཡུལ་དགོན་སྡེ། ལྷ་སྡེ་མི་སྡེ་དང་བཅས་པ་ཆོས་སྲིད་ལུགས་གཉིས་ཀྱིས་བསྐྱངས་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་འབྲེལ་བདག་ཅག་ལྟོས་བཅས་དད་ལྡན་རྣམས་ཚེ་རབས་ཀྱི་ཕྲེང་བར་འབྲལ་མེད་རྗེས་སུ་འཛིན་པའི་གསོལ་འདེབས་ཞུ་རྟེན་དུ། གསེར་གྱི་དྲན་རྟེན། བླ་སློབ་དད་དམ་གཙང་མ་ནམ་ཡང་འགྱུར་བ་མེད་པའི་གསེར་གྱི་རང་མདངས་མཚོན་པའི་ཆེད་དུ་རིན་ཆེན་གསེར་ལས་བཞེངས་པའི་འབུལ་རྫས་ཕྲ་མོ་འདི་ཉིད་ཀྱིས་ཐོག་དྲངས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན།། ཞེས་གསུངས་པ་ལྟར།བདག་ཅག་སློབ་བརྒྱུད་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་༸མགོན་པོ་གང་ཉིད་སྐུ་ཚེ་༸ཞབས་པད་བརྟན་པ་དང་བཀའ་དྲིན་གསབ་པའི་རྒྱུའི་གཙོ་བོ་ནི། ཆོས་འཆད་ཉན།བསླབ་པ་སློབ་གཉེར།འགྲིག་ལམ་ཀུན་སྤྱོད། སྡིག་སྤོང་དགེ་སྒྲུབ་སོགས་ལུགས་གཉིས་ཀྱི་བཀའ་སློབ་ལམ་སྟོན་ཤ་ཚར་སྦྱར་ནས་གནང་བ་མཐའ་དག་དངོས་སུ་ལག་ལེན་དུ་བསྟར་གང་ཐུབ་ཞུ་རྒྱུའི་དམ་བཅའ་འབུལ་བ་ལགས་ན། ཚེ་རབས་ཀྱི་ཕྲེང་བར་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པའི་ཞལ་བཞེས་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བ་མཁྱཻེན། མཁྱཻེན། མཁྱཻེན་ཅེས་རབ་བྱུང་བཅུ་བདུན་པའི་ཆུ་སྟགབོད་ཟླ་དྲུག་པའི་དཀར་ཕྱོགས་དགའ་བ་གསུམ་པ། ཕྱི་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུར་ཕེབས་པ། ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ཉིན་སྒོ་གསུམ་གུས་པ་ཆེན་པོས་ཕུལ།) ཞེས་པ་སྙན་སྒྲོན་ཞུས་གྲུབ་མཚམས།

 

2022.8.8 16 2022.8.8 13 2022.8.8 15 

བཀའ་དྲིན་རྗེས་དྲན་དང་འབྲེལ་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཞུ་རྟེན་དུ་ཆེད་དུ་བཞེངས་པའི་« གསེར་གྱི་དྲན་རྟེན།» བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་ལ་གསོལ་སྩལ་བཀའ་དྲིན་ཆེ་བར་མ་ཟད། ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ལ་ལུགས་གཉིས་བླང་དོར་གྱི་བཀའ་སློབ་བཀའ་ཟབ་མོ་སྩལ་གནང་མཛད་དོན། བཀའ་སློབ་འདི་ནས་མཇལ་རྒྱུ་ཡོད།

 

དེ་རྗེས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་རྡོ་རྗེ་འཆང་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་ནས་ལམ་སྟོན་བཀའ་སློབ་སྩལ་དོན།

སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག།གཙོས་གསེར་ཁྲི་རིན་པོ་ཆེ་དང་ཅོག་རྩེ་གསེར་ཁྲི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་དང་། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ།སྐུ་མགྲོན་རྣམ་པ། དེ་རིང་འདིར་བརྟན་བཞུགས་ལ་ཆེད་དུ་ཕེབས་པའི་འབྲེལ་ཡོད་མང་ཚོགས་བཅས་བརྟན་བཞུགས་ལ་འདུ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞེས་ཐེངས་དང་པོར་ཞུ་རྒྱུ་ཡིན།

 

༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དེ་རིང་འདིར་ཕེབས་པ་ཙམ་མ་ཡིན་པར་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ལ་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་བརྟན་བཞུགས་འབུལ་མཁན་ཚོགས་སྡེ་སོགས་སྡེ་ཚན་མ་འདྲ་བ་བཅོ་ལྔ་ཡོད་འདུག ཁྱེད་ཚོས་དཀའ་ལས་བརྒྱབ།འགྲོ་སོང་བཏང་སྟེ་དད་པ་དང་དམ་ཚིག་བརྟན་པོའི་ཐོག་ནས་བརྟན་བཞུགས་ཕུལ་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྷག་པར་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱིས་དཀའ་ངལ་སྣ་ཚོགས་ཡོད་མེད་ལ་མ་ལྟོས་པར། སེམས་གཏིང་གི་རེ་བའི་ཐོག་ནས་ང་ཚེ་རིང་པོར་སྡོད་རྒྱུར་རེ་བ་བརྒྱབ་ནས་སོ་སོའི་ངོས་ནས་བརྟན་བཞུགས་ཕུལ་གྱི་ཡོད་པ་ཡིན་དུས། ང་ཚོའི་བར་ལ་ལས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན་དུས་རྣམ་པ་ཚོའི་བརྟན་བཞུགས་ལ་ནུས་པ་དམིགས་བསལ་བ་ཞིག་ཡོད་པ་རེད། ངའི་ངོས་ནས་ད་དུང་ཡང་ཚེ་རིང་པོར་སྡོད་རྒྱུར་སྨོན་ལམ་བརྒྱག་གི་ཡིན།  རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཆུང་དུས་བོད་ནང་དུ་ཡོད་སྐབས་དགོན་སྡེ་དང་ལྷ་སྡེ་མང་པོ་ཞིག་ལ་སྐོར་བ་བརྒྱབ་ནས་འགྲོ་བའི་སྐབས། མི་མང་པོ་ཞིག་གིས་མིག་མིག་ཆུ་དང་མ་བྲལ་བར་བྱས་ཏེ་ང་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་ངས་གསལ་པོ་དྲན་གྱི་འདུག ཕྱི་ལོ་  ༡༩༨༤ ལོར་ང་བོད་ནང་ལྟ་སྐོར་དུ་འགྲོ་བའི་སྐབས་སུ་ཡང་འབྲེལ་ཡོད་མང་ཚོགས་ཀྱིས་སེམས་གཏིང་ནས་མིག་མིག་ཆུ་དང་མ་བྲལ་བར་ཞུས་ཏེ་ང་ལ་རེ་བ་བརྒྱབ་པ་དང་།  རྒྱ་གར་ནང་གཉེན་འཕྲད་ལ་ཡོང་མཁན་ཚོས་མིག་ཆུ་བཏང་ནས་རེ་བརྒྱབ་པ་ནང་བཞིན་ངའི་ངོས་ནས་ཁོང་ཚོར་ཕན་ཐོགས་པའི་བྱ་བ་ཆེན་པོ་གང་ཡང་བྱེད་ཐུབ་མེད་ནའང་། ང་རང་གིས་ད་ལྟའི་བར་དུ་གང་ཐུབ་ཐུབ་ཅིག་བྱས་ཡོད།

འབྲེལ་ཡོད་དགོན་གྲོང་ཡོངས་རྫོགས་ཀྱིས་ངའི་གང་བཤད་པ་ལ་རྒྱབ་སྐྱོར་གནང་སྟེ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འགྲིག་ལམ་ཀུན་སྤྱོད།  དེ་བཞིན་དུ་མང་ཚོགས་ཀྱི་ངོས་ནས་སྡིག་སྤོང་དགེ་སྒྲུབ་དང་ཡ་རབས་སྤྱོད་བཟང་བྱ་རྒྱུས་མཚོན་པའི་ངས་གང་བཤད་པ་ལ་ཉན་ཏེ་ཧུར་ཐག་འབད་ཐག་གནང་སོང་། དཔེར་ན།  བསླབ་བྱ་སོ་གཉིས་གསེར་བྲིས་བྱས་ཏེ་ཤིན་ཏུ་ནས་བརྩི་མཐོང་ཆེན་པོ་གནང་སོང་། ཁོང་ཚོས་ད་བར་དུ་ཧུར་ཐག་འབད་ཐག་གནང་བ་དང་།  ང་ལ་རེ་བ་ཆེན་པོ་བརྒྱབ་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ང་ཚེ་རིང་པོར་གནས་ཀྱི་རེད་བསམ་གྱི་འདུག

འོན་ཀྱང་ང་མ་ལག་རྡུམ་མ་ལྟར་ཆོས་སྲིད་གཉིས་ཐད་ནས་ནུས་པ་མེད་མཁན་ཞིག་ཡིན་ནའང་། སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་ལ།  འབྲེལ་ཡོད་མང་ཚོགས་རྣམས་ངའི་སེམས་ནས་ནམ་ཡང་བརྗེད་ཀྱི་མེད། ཐ་ན་རྨི་ལམ་ཚུན་ཆོད་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་བྱ་བ་ལ་བསམ་བློ་འཁོར་ཡོང་གི་འདུག

 

རྣམ་པ་ཚོས་བརྟན་བཞུགས་ཕུལ་བ་ཡིན་དུས་ང་རང་གིས་རྒྱུན་དུ་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་དོ་སྣང་བྱས་ཏེ་ང་རང་ཚེ་རིང་པོར་སྡོད་ཐུབ་པར་འབད་བརྩོན་གང་ཡོང་བྱ་རྒྱུ་ཡིན།

ངས་བཤད་རྒྱུ་གཙོ་བོ་ཞིག་ནི། འབྲེལ་ཡོད་རྒྱ་མིའི་ལས་བྱེད་ཚོའི་ངོས་ནས་ངའི་སྐྱེས་སྐར་ལ་ཁ་གཡར་ནས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ལ་དཀའ་ངལ་ཐོལ་བ་ཞིག་མི་སྤྲོད་པའི་རེ་བ་ཞུ་ཡི་ཡོད། འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་མང་ཚོགས་ལ་གནོན་བཙིར་དང་དཀའ་ངལ་སྤྲད་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། འབྲེལ་ཡོད་མང་ཚོགས་ལ་བཙིར་གནོན་དང་དཀའ་ངལ་ཐོལ་བ་མེད་པ་ཞིག་གནང་རོགས་ཞེས་རེ་བ་ཞུ་ཡི་ཡོད།

ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་བར་དུ་ཆོས་སྐྱོང་སྲུང་མ་ཚོ་ཡིན་ན་ཡང་ང་ལ་གྲོགས་དང་འཕྲིན་ལས་མིག་མཐོང་ལག་ཟིན་ཡོད་པ་གནང་སོང་། དཔེར་ན།  ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་རྒྱལ་ཆེན་རྡོ་རྗེ་དཔའ་བོ་རྩལ་ཡིན་ན་ཡང་རེད། གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་ན་རེད། ( ང་ཚོའི་ཕ་ཡུལ་དུ་གནའ་སྔ་མོ་ནས་གནས་ཆུང་ཆོས་རྒྱལ་གྱི་སྐུ་རྟེན་ཡང་ཡོད་པ་རེད།) འབྲེལ་ཡོད་སྲུང་མ་རྣམས་ཀྱིས་གྲོགས་འཕྲིན་ལས་ཐུན་མོང་མ་ཡིན་པ་ཞིག་བསྒྲུབས་སོང་།  དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་ཐུགས་རྗེ་ཆེ་ཞེས་༸སྙན་སེང་ཞུ་ཡི་ཡིན།ཐུགས་རྗེ་ཆེ། ཞེས་བཀའ་གནང་།

དེ་རྗེས་གཏང་རག་མཎྜལ་སོགས་ཆོ་ག་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་ཞབས་བརྟན་གསོལ་འདེབས་དང་། ༸ཁོང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དཔག་ཡས་མ་དང་། མཇུག་ཏུ་བསྟན་འབར་མ་སོགས་གསུངས་ནས་བརྟན་བཞུགས་ལེགས་པར་གྲུབ་པ་དང་། སྐུ་མགྲོན་རྣམས་དང་སེར་སྐྱ་འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་བསྟར་འབུལ་ཞུས་པ་བཅས།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.