2022.5.13 13༄༅།། དཔལ་ལྡན་མཁྱེན་དཔྱོད་མཚུངས་མེད་བཀུར་འོས་མི་རྗེ་ྋསྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། གྲྭ་ཚང་གི་མཁན་རིན་པོ་ཆེ་དང་སྐུ་ཚབ། དགེ་སློབ་ལས་བྱེད་ཡོངས་ལ་ཐོག་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིགསློབ་གཉེར་ཁང་འདིའི་ཤེས་ཡོན་དང་འབྲེལ་བའི་ལས་བསྡོམས་མདོར་བསྡུས་ཤིག་ྋསྙན་སེང་ཞུ་རྒྱུ་ཡིན།

     བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ནི། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་སྐུ་ངལ་དུ་མ་ཁྱད་དུ་བསད་དེ། ཕྱི་ལོ་ ༡༩༨༨ ཟླ་ ༤ པའི་ནང་སློབ་གཉེར་ཁང་འདི་གསར་འཛུགས་ཀྱི་ཐོག་མའི་རྨང་བཏིང་བ་དང་། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༤ པའི་ནང་། མཁན་པོ་དང་དགེ་སྐོས། དབུ་མཛད་བཅས་ལས་ཀྱི་སྣེ་མོ་བ་རྣམས་གསར་བསྐོས་ཀྱིས་གྲྭ་ཚང་གི་ངོ་བོ་ཚུགས།

 

     ལོ་དེའི་ཕྱི་ཟླ་ ༨ པའི་ནང་སློབ་གཉེར་བ་གྲྭ་གྲངས་སུམ་ཅུ་ལྷག་འཛིན་གྲྭ་གཅིག་བྱས་ཏེ་སུམ་རྟགས་དག་གསུམ་དང་གྲུབ་མཐའ། ཡིག་གཟུགས་བཅས་བསླབས་ནས་སློབ་སྦྱོང་གི་མགོ་བཟུང་། དེ་རྗེས་གྲྭ་འབོར་ཇེ་མང་དུ་ཕྱིན་ཏེ་ཕྱི་ལོ་ ༡༩༩༢ ཟླ་ ༤ པ་ནས་སྔོན་འགྲོའི་འཛིན་གྲྭ་གཉིས་དང་དངོས་གཞིའི་འཛིན་གྲྭ་ལོ་ཡུན་གསུམ་ཅན་དང་། དེའི་སློབ་ཚན་དང་རྒྱུགས་སྤྲོད་ཀྱི་འགྲོ་རིམ་ཆ་ཚང་བ་གཏན་འབེབས་བྱུང་སྟེ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཟེར་བ་འདི་དངོས་སུ་ཚུགས།

 

     སྤྱིར་སློབ་གཉེར་ཁང་འདིའི་སློབ་ཐོན་གྱི་མཛད་སྒོ་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༩ ཉིན་གྲྭ་ཚང་འདིའི་སློབ་ཐོན་ཐེངས་དང་པོའི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་མདུན་སློབ་ཐོན་ཕྱག་ཁྱེར་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས་པ་ནས་ཟླ་ཚེས་དེ་ཉིན། སློབ་གཉེར་ཁང་འདི་དངོས་སུ་དབུ་ཚུགས་པའི་དུས་སྟོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་འདིར་ཆིབས་བསྒྱུར་བསྐྱངས་པའི་བཀའ་དྲིན་རྗེས་དྲན། སློབ་གཉེར་ཁང་འདིའི་སློབ་ཐོན་མཛད་སྒོ་བཅས་དུས་ཆེན་སུམ་འཛོམས་ཤིག་ལ་ངོས་འཛིན་གྱིས་ལོ་བསྟར་དམིགས་བསལ་གུང་སེང་དང་ཡང་ན་སློབ་ཐོན་སོགས་ཀྱི་མཛད་སྒོ་ཚོགས་ནས་དུས་དྲན་དེ་སྲུང་བརྩི་ཞུ་བཞིན་ཡོད།

2022.5.13 12 2022.5.13 6 2022.5.13 2
 2022.5.13 9  2022.5.13 3  2022.5.13 4

 

     ཕྱི་ལོ་ ༡༩༩༦ ལོར་དངོས་གཞིའི་ལོ་རིམ་ལོ་ཡུན་གསུམ་ཅན་ཐེངས་དང་པོར་བསླབ་པ་མཐར་ཕྱིན་ཏེ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་ཁྱེར་བཞེས་མི་ ༩ བྱུང་བ་དང་། དེ་རྗེས་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་དངོས་གཞིའི་སློབ་ཡུན་ལོ་གསུམ་ཅན་དེ་ལོ་ཡུན་ལྔ་ལ་སྤར་ནས། དངོས་གཞིའི་སློབ་སྦྱོང་ལོ་ལྔ་བྱས་ནས་མཐོ་རིམ་རིག་གནས་སློབ་ཐོན་པ་སྐབས་བཅུ་གཉིས་བར་གྲྭ་གྲངས་༨༦ དང་། འབྲིང་རིམ་རིག་གནས་སློབ་ཐོན་པ་གྲྭ་གྲངས་ ༤།

 

     ཕྱི་ལོ་ ༢༠༡༢ ནས་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་འགལ་རྐྱེན་དུ་མི་འགྲོ་བའི་ཆེད་སྔར་ཡོད་རིག་གནས་ཀྱི་སློབ་ཚན་ལ་ཉུང་འཕྲི་བྱས་ཏེ་སུམ་རྟགས་དང་སྙན་ངགཆོས་འབྱུང་ཙམ་ལས་མི་དགོས་པའི་རིག་གནས་ཟུར་སྦྱོང་ལོ་རིམ་དྲུག་ཅན་ཞིག་གཏན་འབེབས་བྱས་པ་ནས་སྐབས་དང་པོ་དང་གཉིས་པར་སློབ་ཐོན་པ་གྲྭ་གྲངས་༢༢བཅས་ཁྱོན་བསྡོམས་རིག་གནས་སློབ་ཐོན་པ་གྲངས་ ༡༡༢ བྱུང་ཡོད།

 

འོན་ཀྱང་འདི་ནས་མཐོ་རིམ་རིག་གནས་རབ་འབྱམས་པ་རྣམས་ཀྱིས་ལོ་ལྔ་ལ་སྦྱངས་པའི་རིག་གནས་སློབ་ཚན་ཆ་ཚང་བར་བསྐྱར་སྦྱོང་གིས་མཐར་ཕྱིན་རྒྱུགས་སྤྲོད་གནང་དགོས་པས། དངོས་གཞིའི་སློབ་ཡུན་ལོ་ལྔའི་རིང་གི་རྒྱུགས་ཆ་ཚང་བ་འཕྲོད་ནའང་མཐར་ཕྱིན་སློབ་ཐོན་གྱི་རྒྱུགས་ཆེན་མ་འཕྲོད་པས་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་བཞེས་མ་ཐུབ་པ་གྲྭ་གྲངས་ ༧ དང་། རིག་གནས་ཟུར་སྦྱོང་བྱེད་མཁན་རྣམས་ལ་མཐར་ཕྱིན་གྱི་རྒྱུགས་ཆེན་མེད་ནའང་ལོ་དྲུག་རིང་གི་རྒྱུགས་འབྲས་ཁག་སྤྱི་བསྡོམས་བརྒྱ་ཆ་ ༤༦ མ་ལོངས་ཚེ་ཕྱག་ཁྱེར་འབུལ་ཐབས་མེད་པ་སྒྲིག་གཞིའི་གཏན་འབེབས་བཞིན་རྒྱུགས་ཚད་མ་ལོངས་པ་གྲྭ་གྲངས་ ༢ བྱུང་བས། ལོ་ཡུན་དང་སློབ་ཚན་མང་ཉུང་ལ་མ་ལྟོས་པར་རིག་གནས་སློབ་ཐོན་པའི་ཕྱག་ཁྱེར་བཞེས་མཁན་འདི་ལོ་བར་ ༡༠༣ བྱུང་བ་དང་། ཕྱག་ཁྱེར་བཞེས་པ་རྒྱུགས་ཚད་ཀྱིས་མ་འདངས་པའི་སློབ་ཐོན་པ་གྲྭ་གྲངས་ ༩ བྱུང་བ་བཅས་ཐུན་མོང་རིག་གནས་ལ་སློབ་སྦྱོང་སྤྲད་པའི་སྐོར་དང་།

 

     སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་ལམ་སྟོན་དང་། ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་བསྐྱེད་བཞིན་ལུས་ལ་གྲྭ་ཆས་ཤིག་མནབས་ཕྱིན་ནང་ཆོས་ཀྱི་གོ་རྟོགས་ལེགས་པོ་ཞིག་དགོས་པ་ཤིན་ཏུ་གལ་ཆེར་དགོངས་ཏེ། ཕྱི་ལོ་ ༡༩༩༣ ལོར་གྲྭ་ཚང་འདིར་མཚན་ཉིད་དམ་རིགས་ལམ་འཛིན་གྲྭ་གསར་འཛུགས་ཀྱི་དབུ་ཙམ་བཟུང་བ་དང། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༦ ཉིན་རིག་གནས་སྡེ་ཚན་ལས་ལོགས་སུ་རིགས་ལམ་འཛིན་གྲྭ་ཞིག་གསར་འཛུགས་གནང་བ་ནས། བསྡུས་གྲྭ་དང་། བློ་རིགརྟགས་རིགས། གྲུབ་མཐའ་དང་ས་ལམ་སོགས་ལོ་ཡུན་བཞི་དང་། ཕར་ཕྱིན་ལོ་ཡུན་བདུན། དབུ་མ་ལོ་ཡུན་བཞི། མཛོད་ལོ་ཡུན་གསུམ། འདུལ་བ་ལོ་ཡུན་གསུམ། དགེ་བཤེས་རྒྱུགས་སྤྲོད་ལོ་ཡུན་ལྔ། སྔགས་ལ་ལོ་ཡུན་གསུམ་བཅས་མདོ་སྔགས་གཉིས་ཀར་སློབ་གཉེར་གྱི་ལོ་ཡུན་ཉེར་དགུ་ཅན་རིམ་གྱིས་གཏན་འབེབས་བྱས་པ་ནས། ད་བར་ཕར་ཕྱིན་སློབ་ཐོན་པ་སྐབས་ལྔའི་རིང་གྲྭ་གྲངས་ ༤༢ དང་། དབུ་མ་སློབ་ཐོན་པ་སྐབས་གསུམ་རིང་གྲྭ་གྲངས་ ༢༦། མཛོད་སློབ་ཐོན་པ་སྐབས་གསུམ་རིང་གྲྭ་གྲངས་ ༢༣། འདུལ་བ་སློབ་ཐོན་པ་སྐབས་གཉིས་རིང་གྲྭ་གྲངས་ ༡༦ བྱུང་བ་བཅས་ཆ་ཚང་གིས་སྐབས་སོ་སོར་རབ་འབྱམས་པའི་ཕྱག་ཁྱེར་ཁག་བཞེས་ཐུབ་སྟེ། དེ་རིང་བར་གཞུང་ཆེན་རབ་འབྱམས་པ་ཁག་གི་ཕྱག་ཁྱེར་བཞེས་མཁན་གྲྭ་གྲངས་ ༡༠༧ བྱུང་ཡོད།

 

གྲྭ་ཚང་འདི་ནས་མཛོད་འདུལ་གཉིས་ཕུད་པའི་ཕར་ཕྱིན་དང་དབུ་མའི་གཞུང་ཆེན་རབ་འབྱམས་ལ་སློབ་གཉེར་གནང་བའི་རྗེས་མཐར་ཕྱིན་རྒྱུགས་སྤྲོད་ཆེན་པོ་ཞིག་དམིགས་བསལ་གྱིས་སྤྲོད་དགོས་པ་དང་། དབུ་ཕར་སློབ་ཐོན་པ་དང་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་མཁན་རྣམས་ཀྱིས་གཞུང་ཆེན་གང་ལ་སྦྱངས་པའི་འབྲས་རྟགས་སུ་དེ་སྔོན་གདན་ས་ཆེ་ཆུང་གང་དུའང་མ་བྱུང་བ་གཞུང་ཆེན་མོ་ཇི་ལྟར་རྩོད་ཚུལ་གྱི་རྣམ་གཞག་གསལ་བར་བསྟན་པའི་ཁྱབ་མཐའི་རྩོམ་རྒྱུགས་དང་། ཡང་ན། ཆེད་རྩོམ་རེ་འཛིན་གྲྭ་སྤྱི་གཞུང་ནས་ངེས་པར་དུ་བྲི་དགོས་པའི་ལམ་སྲོལ་བཏོད་པ་ནས་ད་བར་ཁྱབ་མཐའི་དེབ་དྲུག་པར་འགྲེམས་བྱེད་ཐུབ་ཡོད།

 2022.5.13 7  2022.5.13 8  2022.5.13 10
 2022.5.13 11  2022.5.13 5  2022.5.13 1

 

སློབ་གཉེར་ཁང་འདིའི་སློབ་ཚན་གྱི་རིམ་པ་ནི་གྲྭ་ཚང་འདི་གསར་ཚུགས་སྐབས་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་འབྲེལ་ཡོད་མཁས་དབང་མང་པོར་གོ་བསྡུར་གྱིས་སྤྱིར་བཏང་གི་རིག་གནས་ཙམ་སློབ་སྦྱོང་བྱེད་པའི་སློབ་གཉེར་ཁང་ཞིག་མིན་པར། བོད་རང་དུ་གནའ་རབས་ནས་འཕེལ་རྒྱས་བྱུང་བ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རིག་གནས་བཅུ་དང་། དེ་ཡང་སློབ་ཚན་གྱི་གཞུང་རྣམས་ཀྱང་རིས་སུ་མ་ཆད་པ་སྔོན་བྱོན་མཁས་པའི་གསུང་ཚད་ལྡན་གྲགས་ཅན་ཤ་སྟག་གཏན་འབེབས་བྱས་ཡོད། དེ་ནི་དུས་རབས་ཉི་ཤུ་པའི་ནང་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉི་གར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་དང་འཇིག་གི་མཚམས་ལ་ལྷུང་བ་བསྐྱར་གསོའི་དུས་ལ་སླེབས་ནས་འབད་བཞིན་པའི་སྐབས་ཁེལ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་སྟབས།ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱིས་རྒྱུན་འཛིན་བྱེད་རྒྱུ་བོད་མི་ཡོངས་ཀྱི་འོས་འགན་གལ་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཡང་སྒོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་རང་གཞུང་ནས་མི་མང་ལ་དེའི་ཐོག་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་དང་། འཆར་གཞི་ལྡན་པའི་མཛད་བྱུས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་བཟུང་ནས་ཕེབས་བཞིན་པའི་སྐབས་འདིར་སློབ་གཉེར་ཁང་འདི་ནས་ཀྱང་འཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་བོད་རང་ལ་གནའ་རབས་ནས་དར་བའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་ཡོད་པ་རྣམས་ཀྱི་ཐོག་སློབ་སྦྱོང་སྤྲོད་པའི་ལམ་སྲོལ་ཕྱེས་པས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས།ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་པ་འདི་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་བོད་སྤྱིའི་དོན་དག་ཐོག་ཕན་ཐོགས་ཀྱི་ཡོད་ཙང་ད་རུང་ཡིན་ནའང་མུ་མཐུད་དུ་ཧུར་ཐག་བྱེད་རོགས་གྱིས། དེང་སང་བོད་སྤྱིའི་གནས་སྟངས་དཀའ་ཉེན་ལས་སྐྱོབ་པའི་ཐབས་ཤེས་ནི་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་རེད། འདིར་བོད་གནའ་རབས་ཀྱི་རིག་གཞུང་གཙོ་བོར་བཟུང་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ནི་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་ཉམས་ཆག་ཤུལ་མེད་དུ་འགྲོ་བཞིན་པའི་སྐབས་སུ་རྣག་ཐོག་གཙག་འཁེལ་ལྟ་བུའི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།ཅེས་བཀའ་ཕེབས་ཡོད།

 

     སློབ་གཉེར་ཁང་འདིའི་སློབ་མའི་ཡོང་ཁུངས་ནི། གཞིས་ཀྱི་ཀིརྟི་ཚང་གི་གདན་ས་ཁག་དང་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གྲྭ་གཞོན་རྣམས་ཡིན།གྲྭ་ཚང་འདིར་ད་ལྟའི་བར་དགོན་སྡེ་ཁག་མི་འདྲ་བ་སུམ་ཅུ་མ་ཟིན་ཙམ་གྱི་གྲྭ་རྒྱུན་གྲངས་ ༦༨༨ འབྱོར་ཡོད།

 

     ྋསྐྱབས་མགོན་ཀིརྟི་རིན་པོ་ཆེར་ལ་དྭགས་རྒྱ་བོའམ་རྡོར་གདན་མཁན་པོ་ངག་དབང་བསམ་གཏན་རིན་པོ་ཆེས། རྡོ་རྗེ་གླིང་སུ་ཁེ་དགེ་ལྡན་བཀྲ་ཤིས་ཆོས་གླིང་རྟེན་དང་བརྟེན་པ་བཅས་ཕྱི་ལོ་ ༡༩༦༨ དད་འབུལ་ཞུས་པ་ནས་༸ཁོང་རིན་པོ་ཆེ་མཆོག་གིས་གཟིགས་སྐྱོང་གནང་མུས་ལ་བརྟེན། ཕྱི་ལོ་ ༢༠༠༠ ཙམ་ནས་དགོན་དེའི་གྲྭ་རྒྱུན་ཕལ་མོ་ཆེར་འདི་ནས་སློབ་སྦྱོང་སྤྲོད་པའི་ལམ་སྲོལ་བཟོས་ཏེ། དེང་སྐབས་འདི་གར་སློབ་གཉེར་བ་གྲངས་བདུན་ཅུ་རྩ་གྲངས་ཤིག་ཡོད་པ་ལས་འགའ་ཤས་དབུ་མའི་འཛིན་གྲྭ་དང། འགའ་ཤས་ཀྱིས་ཕར་ཕྱིན་གྱི་གཞུང་ལ་སློབ་གཉེར་གནང་བཞིན་པ་བཅས་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་ནུས་པ་ཅན་དུ་སྐྱེད་སྲིང་བྱེད་ཐུབ་ཡོད་པ་དང་། གོམས་གཤིས་ཀྱི་དབང་གིས་རྒྱུན་རིང་གྲྭ་པ་བྱས་ཏེ་སྡོད་མི་ཐུབ་པ་དང་། སློབ་སྦྱོང་གི་ཐོག་ནུས་པ་དེ་ཙམ་འདོན་མི་ཐུབ་མཁན་རེ་ཟུང་ཡོང་གི་འདུག་པ་ལས་སྤྱི་ཡོངས་ནས་སུ་ཁེ་ཀིརྟི་དགོན་གྱི་གྲྭ་རྒྱུན་རྣམས་ཡག་ཐག་ཆོད་ཡོད།

 

     སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་གི་ཐུགས་རྗེ་བཀའ་དྲིན་དང་། སློབ་གཉེར་ཁང་འདིའི་དབུ་ཁྲིད་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཐད་ཀར་གཟིགས་སྐྱོང་གནང་བས། སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱེད་ཡུལ་གྱི་སློབ་ཚན་དང་དེ་ཇི་ལྟར་སྦྱོང་བའི་བརྒྱུད་རིམ་ཡང་དག་པ་དང་གྲངས་ཚང་ལ། གོ་རིམ་མ་ནོར་བ་སློབ་གཉེར་གནང་ཐུབ་ཡོད།

 

    སློབ་གཉེར་ཁང་འདིའི་ཐོག་མའི་དམིགས་ཡུལ་བཞིན་བོད་ནང་དུ་རིག་གནས་འཆད་ཁྲིད་བྱེད་པ་ལྟོས་འཇོག་གིས་དཀའ་ནའང་། ད་བར་གང་འཚམ་བོད་ནང་དུ་ཕྱིན་ཏེ་སོ་སོའི་དགོན་པ་གྲྭ་ཚང་ལ་རིག་གནས་ཀྱི་ཐོག་ནས་སློབ་སྤྱི་དང་དགེ་རྒན་གྱི་ཞབས་ཞུ་ཞུ་བསྡད་པ་དང་། དེ་བཞིན་བཙན་བྱོལ་ནང་དུ་སློབ་སྤྱི་དང་དགེ་རྒན།རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་སྟེ་སྤྱི་ཚོགས་ནང་གྲུབ་འབྲས་གཟེངས་ཐོན་བྱུང་བ་ཡང་མང་དུ་འདུགཀིརྟིའི་བྱེས་པ་གྲྭ་ཚང་རང་དུ་ཡང་སློབ་སྤྱི་དང་དགེ་རྒན། རྩོམ་སྒྲིག་པ།འཛིན་སྐྱོང་ཐོག་ཕྱག་ལས་གནང་དང་གནང་བཞིན་པ་སོགས་རིམ་པར་བྱུང་ཡོད།

 

སློབ་གཉེར་ཁང་འདི་ནས་རིག་གནས་སློབ་ཐོན་པ་ཚོར་རྒྱུགས་སྤྲོད་ལེན་བྱེད་སྟངས་སོགས་ཀྱི་ཉམས་མྱོང་གསོག་པ་དང་ཆབས་ཅིག་རྩོམ་སྒྲིག་གི་ལས་ཀ་ཡང་ཤུགས་ཆེ་ཙམ་བྱེད་འཇུག་གི་ཡོད། དེའི་རྒྱུ་མཚན་གཙོ་བོ་བོད་རང་གི་སྐད་ཡིག་གི་ནུས་པ་དང་དེའི་བེད་སྤྱོད་དེ་ཉམས་གསོ་དང་རྒྱུན་འཛིན་བྱེད་ཐུབ་པར་དམིགས་ཏེ་ད་བར་བོད་རང་གི་སྐད་ཡིག་ཐོག་ནས་རྩོམ་མང་པོ་བྲིས་ཏེ་དུས་དེབ་དང་ཚགས་པར་གང་མང་པར་འགྲེམས་བྱས་ཡོད། གོང་དུ་མི་རྗེ་ྋསྲིད་སྐྱོང་མཆོག་ལ་སྤྱན་འབུལ་ཞུས་པ་བཞིན་འདི་ནས་རྩོམ་སྒྲིག་དང་པར་སྐྲུན་བྱས་པ་དེབ་གྲངས་མ་འདྲ་བ་ཉིས་བརྒྱ་དང་དྲུག་ཅུ་རེ་གསུམ་ཡོད། དེབ་གྲངས་བརྒྱ་ལོངས་པའི་སྐབས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ད་ལྟའི་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྣམ་པ་གཉིས་ཀྱིས་གཙོས་པའི་བཀའ་བློན་དང་སྤྱི་འཐུས། སྐུ་ངོ་བཀའ་དྲུང་མཆོག་གིས་གཙོས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་། དབུ་འཛིན། སློབ་གྲྭ་ཁག་གི་སློབ་སྤྱི། གཞན་ཡང་བོད་ཀྱི་ཆོས་རིག་སྐོར་ལ་དོ་སྣང་ཡོད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་སོགས་རྣམ་དཔྱོད་ཅན་གྱི་སྐྱེ་བོ་མང་འཛོམས་སར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་པ་གཉིས་ནས་བྱེས་པ་གྲྭ་ཚང་འདི་ནས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེས་དབུ་ཁྲིད་འོག་འབུར་དུ་ཐོན་པའི་ཕྱག་ལས་བགྱིས་ཡོད་པ་སོགས་ཀྱིས་གཟེངས་བསྟོད་ཀྱང་གནང་ཡོད།

 

     འདི་ནས་པར་འགྲེམས་བྱས་པའི་དཔེ་དེབ་ཁག་ནི། གྲྭ་ཚང་འདིའི་སློབ་སྦྱོང་གི་ཁ་ཕྱོགས་དང་མཐུན་པ་བོད་ཀྱི་གནའ་རབས་ཀྱི་ཆོས་དང་རིག་གཞུང་སྟེ། བོད་དུ་འཕེལ་རྒྱས་བྱུང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཞེས་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པ་བརྗོད་སྙིང་བྱས་ཏེ་མཐའ་དཔྱོད་དང་དྲི་བ་དྲིས་ལན་སོགས་ལས་གྲུབ་པ་རྣམས་མི་རབས་མང་པོར་གནས་ཐུབ་ཆེད་དེབ་གཟུགས་སུ་པར་བསྐྲུན་གྱིས་དགོན་སྡེ་ཁག་དང་། ཚོགས་སྡེ། སློབ་གྲྭ་ཆེ་ཁག་བཞི་བཅུ་ཙམ་གྱི་དཔེ་མཛོད་ཁང་སོ་སོར་རིན་མེད་ཀྱིས་པར་ཕུད་རེ་འབུལ་བཞིན་ཡོད།

 

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཤེས་བྱའི་གནས་གཞན་དག་ལའང་རྩོད་རིགས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་པ་ཞིག་བྱུང་ན་འཛམ་གླིང་གི་ཤེས་ཡོན་ལམ་སྲོལ་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་རྒྱུའི་ཐུགས་རེ་ཆེ་བ་བཞིན། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་གནང་བ་ལྟར་སྔར་མེད་གསར་གཏོད་ལྟ་བུར། བོད་ཀྱི་བརྡ་སྤྲོད་པའི་སུམ་རྟགས་གཉིས་རིགས་ལམ་སྦྱོང་སྟངས་དང་སྦྱར་བའི་སྔོན་འགྲོ་དང་དངོས་གཞིའི་སློབ་དེབ་གཉིས་རེ་གསར་བཟོ་དང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་མཐའ་དཔྱོད་རྒྱས་བསྡུས་འཚམ་པ་རེ་ཕྱོགས་བསྒྲིགས་བྱས་པ་སོགས་ཐུན་མོང་བའི་རིག་གནས་ཐོག་གྲྭ་ཚང་འདི་ནས་ཞབས་འདེགས་གང་འཚམ་ཞུས་པའི་ཁུལ་ཡིན།

 

གྲྭ་ཚང་འདིའི་ལས་ཀྱི་སྣེ་མོ་བ་དང་གྲྭ་ཚང་གི་ཚོགས་འདུའི་གྲུབ་ཆ་རྣམས་གྲྭ་མང་གི་འོས་བསྡུའི་ལམ་ནས་བསྐོ་འཇོག་གིས་མཐའ་མའི་གཏན་འབེབས་བྱས་ཏེ་མང་གཙོའི་རིན་ཐང་ཡང་ཞར་དང་ཞོར་ལ་ཤེས་སུ་འཇུག་གི་ཡོད།

 

     གོང་ཞུས་བཞིན་ཕྱི་ལོ་ ༡༩༩༠ ནས་ད་ལྟའི་བར་གྲྭ་ཚང་འདིར་སློབ་གཉེར་བ་གྲྭ་གྲངས་ ༦༨༨ འབྱོར་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ནས་བོད་མི་བཙན་བྱོལ་ལ་འབྱོར་མཁན་ཉུང་དུ་ཕྱིན་པས་གྲྭ་ཚང་འདིར་ཡང་སློབ་གཉེར་བའི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག ད་ལྟའི་ཆར་སློབ་གཉེར་ཁང་འདིར་དགེ་སློབ་ལས་བྱེད་ཡོངས་ ༡༧༩ ཡོད་དེའི་ནང་སློབ་གཉེར་གནང་མཁན་གྲྭ་ ༡༠༩ དང་། དགེ་རྒན་གྲངས་༡༨། གཞན་དག་རྣམས་རྩོམ་སྒྲིག་སྡེ་ཚན་དང་ཀློག་ཀླད་ལས་བྱེད། ཚེམ་བཟོ་ཁང་དང། འཛིན་སྐྱོང་ནང་ཕྱག་ལས་གནང་མཁན་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ནང་། བི་ཀྲ་མ་ལ་ཤཱི་ལ་ན།།རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ།།རྩ་བའི་སྡེ་བཞི་ཚང་བར་བཞུགས།།ཞེས་གསུངས་པ་བཞིན་འདིར་སློབ་གཉེར་བའི་གྲངས་འབོར་དེ་ཙམ་མེད་ནའང་སློབ་སྦྱོང་གི་ཁ་ཕྱོགས་དང་ལམ་སྟོན་མ་ནོར་བའི་ཉེར་ལེན་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཐོག་འཆད་རྩོད་རྩོམ་གསུམ་གང་བྱེད་དགོས་ཀྱང་བྱེད་ཐུབ་མཁན་རིགས་རིམ་གྱིས་ཡོང་བསྡད་ཀྱི་འདུག

 

     སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པའི་འདུས་སྡེ་ཁག་གི་ནང་ཚན་རིག་སློབ་དགོས་པའི་ལམ་སྟོན་བཀའ་སློབ་རིམ་པར་གནང་སྟེ། ཆོས་སྡེ་ཆེ་ཁག་མང་ཆེ་བར་སྡེ་ཚན་ཟུར་འཛུགས་བྱས་ཡོད་ནའང་གྲྭ་ཚང་འདི་ནས་དམིགས་བསལ་སྡེ་ཚན་ཟུར་འཛུགས་བྱེད་མ་དགོས་པར་རང་གཞུང་ཆོས་རིག་ལས་ཁུངས་ནས་ཚན་རིག་ཟབ་སྦྱོང་གི་གོ་སྐབས་ནམ་གནང་སྐབས་ཆ་ཤས་ལེན་རྒྱུ་བྱས་ཏེ། ཕྱི་ལོ་ ༢༠༡༢ ནས་རང་གཞུང་གིས་བཀོད་སྒྲིག་གང་གནང་དེར་གྲྭ་གྲངས་ཅི་དགོས་འཛིན་གྲྭ་རྒན་རིམ་ནས་འདེམས་བསྒྲུགས་བྱས་ཏེ་གཏོང་མུས་ཀྱིས་མཚོན་ལུགས་གཉིས་གང་ཐད་ལ་རང་གཞུང་ནས་བཀའ་ཇི་ཕེབས་བཞིན་དུས་རྒྱུན་མཉམ་ཞུགས་དང་ཆ་ཤས་ལེན་བཞིན་ཡོད།

 

སྔན་ཆད་ས་གནས་འགོ་འཛིན་དང་སྤྱི་འཐུས་ལ་བཞེངས་མཁན་རིགས་ཀྱིས་མཚོན་ཆབ་སྲིད་མི་སྣ་རེ་ཟུང་ནས་གྲྭ་ཚང་ནང་སོ་སོའི་སྤྱི་ཚོགས་ཀྱི་བདེ་དོན་ཐད་དགོངས་པ་བཞེས་ཕྱོགས་ཀྱི་བགྲོ་གླེང་རེ་བྱེད་ཆོག་པའི་རེ་ཞུ་བྱུང་བར་གོ་སྐབས་ཕུལ་ཡོད། འོན་ཀྱང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་རིམ་འཕྲད་དང། གྲྭ་ཚང་འདི་ཕྱོགས་ཉེ་རིང་སྣ་ཚོགས་པ་ནས་འདུས་པའི་ཚོགས་སྡེ་ཞིག་ཡིན་པར་བརྟེན། རིམ་གྱིས་གྲྭ་ཚང་འདིའི་གྲྭ་པ་རེ་ཟུང་ཆབ་སྲིད་ལ་ཁ་ཕྱོགས་ཏེ་སློབ་སྦྱོང་གི་འགལ་རྐྱེན་དུ་གྱུར་དོགས་ཀྱི་རྣམ་པ་རེ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༢ ནས་བཟུང་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་མི་སྣ་སུ་ཞིག་གྲྭ་ཚང་འདིའི་ནང་བགྲོ་གླེང་བྱེད་པར་གདན་ཞུ་དང་རང་དགར་ཕེབས་མི་ཆོག་པ་དང་། གྲྭ་ཚང་འདིའི་གྲྭ་པ་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་སྟེ་གསལ་བསྒྲགས་དང་འགྲེལ་བརྗོད་འདྲ་མིན་བྱེད་མི་ཆོག་པ་སོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་པ་རྣམས་ཆབ་སྲིད་ནང་ཞུགས་ན་ལེགས་པོ་མིན་པའི་ལམ་སྟོན་བཀའ་སློབ་སྔ་ཕྱིའི་དགོངས་དོན་བཞིན་སྒྲིག་གཞི་གཏན་འབེབས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་བླ་ན་མེད་པའི་དབུ་ཁྲིད་འོག་རྒྱ་ཆེའི་བོད་མི་མང་གི་མངོན་འདོད་དང། དཔལ་ལྡན་བོད་མི་མང་སྤྱི་འཐུས་ནས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལངས་ཕྱོགས་གཙིགས་སུ་བཟུང་སྟེ་འགྲོ་བཞིན་ཡོད་པ་སོགས་གྲྭ་མང་རྣམས་ལུགས་གཉིས་ཀྱི་གདམ་ག་མ་ནོར་བའི་ཐོག་ཤར་བསྐྱོད་གནང་ཐུབ་པའི་ཆིག་སྒྲིལ་འདི་ཡང། འཇམ་མགོན་ས་སྐྱ་པཎྜིཏས། འཁོར་ལ་ཕུན་སུམ་ཚོགས་གྱུར་པ།།རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན།།ཞེས་གསུངས་པ་ལས་མ་འདས་པར་གྲྭ་ཚང་འདི་ནས་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་རང་གཞུང་དགྱེས་པའི་རྒྱུ་ཚོགས་གང་ཞིག་བསགས་ཡོད་པ་རྣམས། བདག་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་གནང་བའི་ཐུགས་རྗེ་བཀའ་དྲིན་དང་རླབས་ཆེན་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཞིག་ཡིན།

 

     དེ་རིང་འདིར་སྐབས་གཉིས་པའི་འདུལ་བ་སློབ་ཐོན་པ་དང་། སྐབས་གསུམ་པའི་མཛོད་སློབ་ཐོན་པ། སྐབས་ལྔ་པའི་ཕར་ཕྱིན་སློབ་ཐོན་པ། སྐབས་གཉིས་པའི་འབྲིང་རིག་གནས་སློབ་ཐོན་པ་རྣམས་ཀྱིས་གཞུང་ཆེན་སོ་སོར་སྦྱངས་པ་བྱས་ཏེ་གྲུབ་འབྲས་གང་ལེགས་བྱུང་བའི་འབྲས་རྟགས་སུ།དཔལ་ལྡན་མི་རྗེ་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཛད་བྲེལ་ཤིན་ཏུ་ཆེ་ནའང་གདན་ཞུས་བཞིན་ཆིབས་བསྒྱུར་གནང་སྟེ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས་པ་འདི། སློབ་ཐོན་པ་མི་རེ་ངོ་རེ་ནས་ཟླ་ནས་ལོ་བསྟུད་དེ་སློབ་གཉེར་ཐོག་ཤུགས་སྣོན་བརྒྱབས་པའི་གྲུབ་འབྲས་ལ་མཐོང་ཆེན་དང་གདེང་འཇོག་ཞུས་པ་ཞིག་ཡིན།

 

འདིར་འདུས་དགེ་འདུན་འདུས་མང་ཡོངས་ནས་ད་བར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་དབུ་ཁྲིད་འོག་འཛིན་སྐྱོང་གི་ཐུགས་འགན་བཞེས་པ་དང་། དགེ་རྒན་དང་རྩོམ་སྒྲིག་པ། ཚེམ་བཟོ། གློག་ཀླད་ལས་བྱེད། དཔེ་མཛོད་ལས་བྱེད། སློབ་གཉེར་གནང་བ་སོགས་བསྟན་འགྲོར་སྨན་པའི་ཐུགས་འགན་རྒྱ་ཆེར་བཞེས་ཡོད་ལ། སླད་དུའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་ཇི་གནང་བཞིན། དགེ་འདུན་པ་རང་རང་སོ་སོའི་མི་ཚེའི་གདམ་ཁ་མི་འཆུག་པ་དང་། མི་དྲང་པོ་དྲང་བཞག་དང་གཞན་ལ་ཕན་སེམས་དང་ལྡན་པ། གཞན་གྱི་སེམས་ཁམས་མི་དཀྲུག་པ། སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་ནང་། སྒོ་གསུམ་ལྷུག་པོར་བཞག་ཀྱང་ཉེས་ལྟུང་གིས་དྲི་མས་མ་གོས་པ། ཞེས་གསུངས་པ་བཞིན་ལུས་ངག་ཡིད་གསུམ་གྱི་འདུན་པ་བག་ཡངས་སུ་གནས་དགོས་པ་དང་། དེ་འཕྲོད་བསྟེན་གྱི་ཆ་ཤས་སུ་འགྱུར་བ་ངོས་ཟིན་པའི་ཐོག་རང་ཚུགས་ཐུབ་པ། ཕྱིའི་སྤྱོད་ལམ་གྱིས་བསྟན་པ་སྤྱི་བྱེའི་ཞབས་འདྲེན་དུ་མ་སོང་བར་རང་གཞན་གཉིས་ཕན་དང་ཀུན་ལ་མཐུན་པ། སྤྱི་དོན་ཆེ་ལ་རང་དོན་ཆུང་བ་ཞིག་གནང་མ་ཐུབ་པ་ཡིན་ནའང་སྤྱི་སྙོམས་ཤིག་ཡོང་བར་སྒོ་ཀུན་ནས་འབད་དེ་བོད་མི་རིགས་སུ་སྐྱེས་པ་དང་། དེའི་ནང་ནས་ཀྱང་བཟང་ངན་གྱི་རྣམ་དབྱེ་འབྱེད་ཤེས་པའི་ཡོན་ཏན་ཅན་ཞིག་ཏུ་གྱུར་པ་དེས་མི་རིགས་ལ་ཞབས་འདེགས་ཞུ་བའི་འདུན་པ་དང་། དེང་ཕྱི་ནང་གི་མཐུན་རྐྱེན་གང་འཚམ་འཛོམས་པ་རྣམས་འགལ་རྐྱེན་དུ་མི་འགྱུར་བར་མཐུན་རྐྱེན་དུ་བསྒྱུར་བའི་ཆོད་སེམས་དང། རྗེ་མི་ལའི་རྣམ་ཐར་ནང་གསུངས་པར་དཔེར་བྱས་ན། ང་ཚོ་བོད་མི་རིགས་རྣམས་སྐྱིད་མ་ཐེག་པས་ས་མཐར་འཁྱམས་པ་མིན་པར་སྡུག་མ་ཐེག་པར་ཡུལ་གྱར་བྱེད་དགོས་བྱུང་བ་དེ་རྒྱུན་དུ་ཐུགས་ལ་བཟུང་ནས་སློབ་སྦྱོང་དང་ལས་ཀ་གང་ཞིག་གནང་ནའང་དེ་ལ་བརྩོན་པ་བསྐྱེད་དེ་གྲུབ་འབྲས་ཡོད་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

 

     དེ་བཞིན་རྡོ་རྗེ་གླིང་དང་རྒྱ་གར་གྱི་ཡུལ་གྲུ་སོགས་ཕྱོགས་གང་ནས་ཕེབས་པའི་གྲྭ་རྒྱུན་ཚོ་ཡིན་ནའང། སྔར་སོ་སོའི་ཡུལ་གྲུར་ནང་པ་སངས་རྒྱས་པའི་ཆོས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཁྱད་པར་དུ་སོ་སོའི་ཕ་མེས་ཡང་མེས་རྣམས་ནང་པ་ཡིན་ནའང་། བར་སྐབས་ཡུལ་དུས་གནས་བབས་སྣ་ཚོགས་པས་ཉམས་ཆག་ཤུགས་ཆེན་བྱུང་ཡོད་པ་ངོས་ཟིན་པ་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་པ་དུས་ལས་ཡོལ་མེད་གནང་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་པའི་དུས་སྐབས་ལ་སླེབས་འདུག་ཅེས་ཡང་ཡང་གསུངས་པ། ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འབའ་ཞིག་ལ་རག་ལས་པར་དགོངས་པ་ཡིན་སྟབས། གྲྭ་རྒན་གཞོན་ཚང་མས་དགོངས་པ་ཆེ་བཞེས་ཀྱིས་འགྲོ་ཀུན་གཏན་བདེའི་རྒྱུ་ཚོགས་བསྒྲུབ་ཕྱིར་རྒྱུན་དུ་སློབ་སྦྱོང་ལ་བརྩོན་པ་བསྐྱེད་རོགས་གནང་བའི་འབོད་སྐུལ་ཞུ་འདོད་བྱུང་།

 

     མཐའ་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། གྲྭ་ཚང་འདིའི་འཆད་ཉན་དང་སློབ་གཉེར།འགྲིག་ལམ་ཀུན་སྤྱོད་སོགས་མི་ཉམས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

                        སློབ་སྤྱིའི་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༣ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.