2022.1.2

༄༅།། མཚུངས་མེད་རང་གྲྭའི་བླ་གྲྭ་དགེ་སློབ་ལས་བྱེད་ཡོངས་ཀྱི་༸གསེར་སྙན་རིན་པོ་ཆེར་ཞུ་སྙིང་།

རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཆེར་སྙིགས་ལྔ་བདོའི་དུས་འདིར་ཡང་རང་ཅག་རྣམས་ཐུགས་རྗེ་བྱིན་རླབས་ཀྱི་ཐུ་འོག་ནས་མི་འབོར་བར་བདག་སོགས་གདུལ་བྱ་རྒྱ་མཚོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པའི་བརྟན་བཞུགས་ཞབས་བརྟན་གཙོ་བོ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་ནི། རང་རེ་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་སྡེ་སོ་སོའི་སློབ་གཉེར་པ་རྣམས་ནས་འཆད་ཉན་སློབ་གཉེར་ཡར་རྒྱས་ཀྱི་ཆེད་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་བོད་ཀྱི་གཞུང་ཆེན་སོགས་བློ་འཛིན་གྱིས་ཁུངས་སོ་སོར་རྒྱུགས་འབུལ་བྱས་ན་ལེགས་པའི་ལམ་སྟོན་གནང་བ་བཞིན། 

འདི་གའི་གྲྭ་ཚང་གི་སློབ་གཉེར་པའི་ཁོངས་ནས་༸སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་དུ་དམིགས་ནས་བློ་རྒྱུགས་གང་ཞིག་འབུལ་འདོད་ཡོད་པ་རྣམས་ཀྱིས་༸ཁོང་རིན་པོ་ཆེའི་སྐུ་མདུན་ལ་དངོས་སུ་རྒྱུགས་འབུལ་རྒྱུ་ནི་དགུང་ལོའི་བབས་ཀྱིས་སྐུ་ངལ་ཆེ་བར་སོང་། ཕྱི་ལོ་ ༢༠༢༢ ཟླ་ ༤ པའི་ཟླ་གསུམ་དང་པོའི་ཞབས་བརྟན་ཆེན་མོ་གྲུབ་རྗེས་སུ་འདི་གའི་ལས་སྣེ་ལྷན་རྒྱས་ནས་བློ་རྒྱུགས་ལེན་འཆར་དང་། བློ་རྒྱུགས་གང་ཞིག་ཕུལ་བ་རྣམས་༸ཁོང་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཚེའི་༸ཞབས་བརྟན་དང་བདག་སོགས་རྣམས་ཀྱང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུ་རུ་འགྱུར་བའི་ཐུགས་སྨོན་བདེན་ཚིག་གི་མཚམས་སྦྱོར་གནང་བའི་གསོལ་འདེབས་ཞུ་རྒྱུ་དང་འབྲེལ་དྲན་རྟེན་དུ་༸ཁོང་རིན་པོ་ཆེ་དང་ལྷན་དུ་སྐུ་པར་སྒྲོན་ཆོག་པའི་༸སྙན་སེང་ཞུ་ངེས་ཡིན་ལགས་ན།སྡེ་ཚན་སོ་སོའི་ཁོངས་ནས་བློ་རྒྱུགས་འབུལ་རྒྱུར་དེ་སྔོན་ཐོ་འགོད་ཞུས་ཟིན་པ་རྣམས་དང་། བསྐྱར་དུ་སྐུ་ཚབ་ལས་ཁུངས་སུ་ཐོ་འགོད་ཞུས་པ་སུ་ཡིན་ནས། བླ་མའི་༸ཞབས་བརྟན་དང་རང་གི་ཚེ་འདི་ཕྱིའི་དོན་ལ་དགོངས་པ་ཆེ་བཞེས་ཀྱིས་ད་དུང་ཡང་ཟླ་གསུམ་ཡོད་པ་དེའི་རིང་བླ་གྲྭ་རྒན་གཞོན་སུ་རུང་ནས་གསར་དུ་བློ་འཛིན་ནམ་བསྐྱར་སྦྱོང་གནད་དུ་ཐིངས་པ་ཞིག་གནང་སྐྱོང་ཡོང་བ་ཞུ།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ལས་སྣེ་ཐུན་མོང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.