03ཕྱི་ལོ་ ༢༠༢༠ ལོ་ནི་འཛམ་གླིང་གི་ལོ་ནག་ཅིག་ཡིན་པར་སོང་། འདི་ག་གྲྭ་ཚང་དུ་ཡང་ལོ་གཅིག་མ་ཟིན་ཙམ་རིང་ཁྱིམ་སྡོད་བཀའ་རྒྱའི་འོག་ཕྱི་ནང་གི་འགྲོ་འོང་བཀག་སྡོམ་བྱས་པ་དང་། བསླབ་པ་སློབ་གཉེར་གཙོ་བོར་གྱུར་པའི་གནང་སྒོ་མང་པོ་ཞིག་ལའང་སྔར་བཞིན་བྱེད་མ་ཐུབ་པར་དཀའ་ངལ་བྱུང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༢༡ ཟླ་༢ པ་ནས་བཟུང་རྡ་སའི་ཉེ་འཁོར་ལ་དགེ་འདུན་པ་རྣམས་ཕེབས་ཆོག་པའི་སྒོ་འབྱེད་བྱས་པར་མ་ཟད།

ཕྱི་ཟླ་ ༣ པ་ཆ་ཚང་སྔར་ལམ་བཞིན་ཆོས་མཚམས་ཆེན་མོ་བྱས། ཕྱི་ཟླ་ ༤ པ་ནས་ལོ་གཅིག་གི་སློབ་གཉེར་སོགས་ཀྱི་འགོ་འཛུགས་ཀྱི་ཐོག་མ་ཞབས་བརྟན་ཆེན་མོ་ཉིན་བཅུ་གསུམ་རིང་འཚོག་གནང་སྟེ་སྒྲོལ་མ་འབུམ་འདོན་དང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག ཆོས་སྲུང་ཡེ་ཤེས་པ་རྣམས་ཀྱི་བསྐང་གསོ་སོགས་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་། གུས་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བརྟན་ཅིང་། བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་བསྐྱེད་རླབས་པོ་ཆེ་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། གྲྭ་ཚང་འདིའི་སྡེར་གཏོགས་པའི་དགེ་འདུན་པ་རྒན་གཞོན་ཚང་མའི་སྐུ་ཚེ་ལ་ཉེ་ཞོ་མེད་པར་ཐུགས་མཐུན་ཁྲིམས་གཙང་ངོས་བསླབ་པ་སློབ་གཉེར་གཙོ་བོར་གྱུར་པའི་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་བསམ་པ་བཞིན་འགྲུབ་པ། འབྲེལ་ཡོད་བསྟན་པའི་སྦྱིན་བདག་འདས་གསོན་ཡོངས་ཀྱི་འདི་ཕྱི་དགེ་བའི་སྨོན་ལམ་དང་། ལྷག་པར་དུ་འཛམ་གླིང་ཧྲིལ་པོ་ནད་མནར་གྱིས་གདུང་བའི་གནས་སྟངས་ཡ་ང་བ་འདི་ལས་མྱུར་དུ་གྲོལ་ནས་ཕན་ཚུན་བྱམས་བརྩེའི་སྙིང་པོར་གྱུར་པའི་མི་ཚེ་བཟང་པོ་འགོ་འཛུགས་ཐུབ་པ་བཅས་ཀྱི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས་ཞབས་རིམ་གང་ཡོད་སྨིན་བསྒྲུབས་གནང་བ་དང་། ཕྱི་ཟླ་ ༤ ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་ནས་ལོ་འདིའི་སློབ་འགོ་ཚུགས་རྒྱུ་ཡིན་ཞིང་། ལོ་གཅིག་གི་གནང་སྒོ་ཐམས་ཅད་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་འདུན་བཅས།

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.