01༄༅།། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༧ ཉིན་སློབ་ཐོན་མཛད་སྒོ་དང་ལོ་རེའི་སློབ་སྦྱོང་དང་ལས་བྱེད་ལེགས་གྲས་ཀྱི་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོ་བཅས་གཟབ་རྒྱས་ངང་ཚོགས། དེ་ཡང་སྔ་དྲོའི་ཆུ་ཚོད་༩ ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་ཞབས་སོར་བཀོད་པ་དང་མཛད་སྒོ་དབུ་འཛུགས་གནང་བའི་ཐོག་མར་སྐབས་དང་གཉིས་ཀྱི་མཛོད་སློབ་ཐོན་པ་རྣམས་དང་།

སྐབས་གསུམ་པའི་དབུ་མ་སློབ་ཐོན་པ་རྣམས། ཕྱི་ལོ་ ༢༠༡༧ ལོར་རིག་གནས་འཛིན་རིམ་བཅུ་པ་ཐོན་པ་རྣམས་ཀྱི་མཚན་དང་རྒྱུགས་འབྲས་ཀྱི་བརྒྱ་ཆའི་ཐོབ་ཆ་སོགས་རེ་རེ་བཞིན་སྒྲོག་སྦྱང་གནང་བ་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་དང་ལེགས་དར་གསོལ་བསྩལ་གནང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོའི་རིག་གནས་དང་རིགས་ལམ་འཛིན་གྲྭ་སོ་སོའི་སློབ་གཉེར་པ་རྒྱུགས་འབྲས་མཐོ་ཤོས་ཨང་དང་གཉིས་གསུམ་པ་བཅས་དང་། ལོ་དེའི་ལས་བྱེད་ཁོངས་ནས་འོས་གྲངས་མང་ཤོས་ཨང་དང་གཉིས་གསུམ་པ་བཅས་ལ་བྱ་དགའི་ཕྱག་འཁྱེར་དང་ལེགས་དར་གསོལ་བསྩལ་གནང་།02

                གཞན་ཡང་འདི་ག་གྲྭ་ཚང་གི་དགེ་རྒན་ཁོངས་ནས་སློབ་དཔོན་གྱི་ཕྱག་འཁྱེར་བཞེས་མཁན་དང་། ཤེས་ཡོན་དང་འཛིན་སྐྱོང་ཐོག་ལོ་ཉེར་ལྔ་དང་ཉི་ཤུ། བཅོ་ལྔ་ལྷག་ཞབས་ཕྱི་ཞུས་ཟིན་པ་རྣམས་ལ་ཡང་ཕྱག་འཁྱེར་དང་ལེགས་དར་བསྩལ་གནང་གྲུབ་པ་དང་། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་སྒོར་ཕེབས་པའི་བླ་སྤྲུལ་དགེ་སློབ་ལས་བྱེད་ཡོངས་ལ་འདི་ཕྱི་དགེ་བའི་ལམ་སྟོན་གསུང་བཤད་གནང་དོན།ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་བླ་སྤྲུལ་འདུས་མང་རྣམས་དང་། ཕྱག་འཁྱེར་དང་དགའ་རྟགས་བཞེས་མཁན་རྣམ་པ་ཡོངས་ལ་ཐེངས་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་གནས་སྟངས་ལ་ཆ་བཞག་ན་བོད་ནས་ཕེབས་པའི་དགེ་འདུན་པའི་སྡེ་ཚན་ཞིག་དང་།

                རྡོར་གླིང་སུ་ཁེ་ཀིརྟིའི་དགོན་པ་ནས་ཕེབས་པའི་དགེ་འདུན་པའི་སྡེ་ཁག་གཅིག་སྟེ་རྩ་བའི་སྡེ་ཁག་གཉིས་དང་། ཆོས་བརྒྱུད་ཀྱི་དབང་དུ་བྱས་ན་ཐོག་མ་ནས་བཟུང་སྟེ་ཆོས་03བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཡོད་ལ། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་ཡང་རྒྱ་གར་པ་དང་། བོད་པ། བལ་ཡུལ་པ་བཅས་རྒྱལ་ཁབ་གསུམ་གྱི་མི་སྣའང་ཡོད། ཆོལ་ཁའི་དབང་དུ་བྱས་ན་མང་ཆེ་བ་ཨ་མདོ་པ་ཡིན་ཡང་བོད་ཆོལ་ཁ་གསུམ་གྱི་མི་སྣ་ཡོད་པ་བཅས་ལས་གྲུབ་པའི་ཀིརྟིའི་བྱེས་པ་གྲྭ་ཚང་ཞིག་ཡིན།

                དེ་རིང་འདིར་ཕྱག་འཁྱེར་བཞེས་མཁན་ཚོ་ལ་མཚོན་ན་མི་ལོ་ཉེར་ལྔའི་རིང་གྲྭ་ཚང་གི་ཕྱག་ལས་གནང་མཁན་དང་། མི་ལོ་བཅུ་དང་མི་ལོ་ལྔའི་རིང་ལ་ཕྱག་ལས་གནང་མྱོང་མཁན་མང་པོ་ཞིག་འདུག རྩ་བའི་རྒན་པ་ཡོངས་རྫོགས་ཕྱག་འཁྱེར་བཞེས་མྱོང་མཁན་ཤ་སྟག་རེད། མདོར་བསྡུས་ན་ཁྱེད་ཚོ་ལོ་མང་པོའི་རིང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཞབས་ཕྱི་དང་ཀིརྟི་ཚང་གི་ཞབས་ཕྱི་ཡིན་སྙམ་པའི་ལྷག་བསམ་རྣམ་དག་གི་ཐོག་ནས་དགོན་པ་གྲྭ་ཚང་གི་དོན་དུ་དཀའ་ལས་རྒྱག་མཁན་གྱི་མི་ཤ་སྟག་ཡིན། རྒན་པའི་རིགས་ཤིག་ལ་མཚོན་ན་རྒྱ་གར་ནང་དུ་སླེབས་ནས་ལོ་བཞི་བཅུ་ཟིན་ལ་ཉེ་བ་རེད། མི་ལོ་བཞི་བཅུ་ནི་མིའི་མི་ཚེའི་ནང་གི་བཟང་ཤོས་དང་དུས་ཚོད་རིང་ཤོས་རེད། མི་ཚེའི་རིང་ཤོས་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཀིརྟི་ཚང་གི་ཞབས་ཕྱིའི་དོན་དུ་བཏང་ཡོད། ཀིརྟི་ཚང་ཟེར་བ་ནི་སྒེར་པའི་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ཞིག་མ་ཡིན་པར་བསྟན་པ་སྤྱི་ལ་བསམ་བློ་བཏང་ནས་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ཞིག་ཡིན་དུས། ཁྱེད་རྣམས་ཀྱིས་ད་ལྟའི་བར་དུ་བསྟན་པ་སྤྱིའི་ཞབས་འདེགས་སྒྲུབ་པའི་དོན་དུ་ནུས་པ་གང་ཡོད་ཀྱིས་འབད་བརྩོན་ལྷོད་མེད་ཞུས་སོང་། ངས་ད་ལྟའི་བར་དུ་སངས་རྒྱས་ཀྱི་བསྟན་པ་དང་བོད་སྤྱི་པའི་བསྟན་སྲིད་གཉིས་ཀྱི་ཞབས་ཕྱི་ཕྲན་བུ་ཞིག་སྒྲུབ་ཐུབ་པ་བྱུང་བ་དེ་ཡང་ཁྱེད་རྣམ་པའི་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་གཏོགས། ང་མི་གཅིག་རྐྱང་པའི་ལག་པ་གཉིས་འགུལ་བསྐྱོད་ཅི་ཙམ་བྱས་ནའང་དེ་ཙམ་གྱི་ནུས་པ་ཐོན་ཐུབ་ཀྱི་མེད་པ་དངོས་ཡོད་གནས་ཚུལ་རེད། ཁྱེད་ཚོས་ཉིན་མཚན་སྦྲེལ་ནས་ལས་ཀ་བྱས་ཏེ་དཀའ་ལས་བརྒྱབས་ཡོད། དེ་ནི་ཀིརྟི་ཚང་གི་བླ་སློབ་གཉིས་ཀའི་གཟི་བརྗིད་ལ་བརྩིས་ཆོག ལྷག་པར་དུ་ཁྱེད་རྣམས་ནི་ང་དང་ནང་ཚགས་ཐུན་མོང་མ་ཡིན་པའི་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་མི་ཞིག་རེད།ཅེས་སོགས་ཐུགས་བརྩེས་རྗེས་སུ་བཟུང་བའི་བཀའ་སློབ་ལམ་སྟོན་གནང་། མཇུག་ཏུ་ཕྱག་འཁྱེར་བཞེས་མཁན་རྣམས་དང་སྐུ་པར་ལྷན་སྒྲོན་གནང་སྟེ་མཛད་སྒོ་ལེགས་པར་གྲོལ།

གསུང་བཤད་ཆ་ཚང་ཟུར་དུ་ཡོད་པ་དེར་གཟིགས་པར་ཞུ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.