སློབ་དཔོན་རེ་མདོ་དཀོན་མཆོག་སེངྒེ།

དང་པོ། རྒྱལ་རབས་དང་ལོ་རྒྱུས་ཀྱི་སྐོར།   

     བོད་ཀྱི་སྲིད་དོན་ལོ་རྒྱུས་དྭངས་གསལ་མེ་ལོང༌། འདིའི་ནང་གི་རྩོམ་ཡིག་མཐའ་དག་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་ནང་མཛད་པ་ཤ་སྟག་ཡིན་པས། དུས་སྐབས་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་དཔྱད་རྩོམ་འབྲི་མཁན་ཤིན་ཏུ་དཀོན་ཡང་། ཁོང་རིན་པོ་ཆེས་ཕྱག་དེབ་འདིའི་ནང་གི་རྩོམ་ཡིག་མང་ཆེ་བ་ཞིབ་འཇུག་དང་དཔྱད་རྩོམ་གྱི་རང་བཞིན་ལྡན་པའི་ཐོག་ནས་མཛད་གནང་ཡོད་ལ།འདི་དག་ལས་ལོ་རྒྱུས་དཔྱད་རྩོམ་གལ་གནད་ཆེ་བ་དམ་ཆོས་མཛད་པའི་བོད་རྒྱལ་དང་པོ་ཞེས་པ་ལྟ་བུར་མཚོན་ན། རྒྱལ་པོ་གྲི་གུམ་བཙན་པོ་དང་ཁོང་གི་སྐུ་དུས་ཀྱི་ཆོས་སྲིད་ལུགས་ཟང་གི་གནས་ཚུལ་མང་པོ་རྩལ་འདོན་གྱིས། 

དུས་རབས་བདུན་པའི་གོང་གི་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་གསལ་བཤད་མཛད་པ་དང་སྦྲགས། གཞན་གྱིས་མ་ཐོན་པའི་ཁྱད་ཆོས་མང་པོ་ཞིབ་འཇུག་གི་ལམ་ནས་སྔོག་འདོན་མཛད་ཡོད་ལ།དེ་བཞིན་གནམ་རུ་སྲོང་བཙན་དང་སྲོང་བཙན་སྒམ་པོའི་སྐོར་གྱི་ལོ་རྒྱུས་དཔྱད་རྩོམ་འདི་དག་ཀྱང་ཞིབ་འཇུག་གི་རིགས་ལམ་དམིགས་བསལ་ལྡན་པ་ཞིག་ཡིན།1

          ༢༽དགེ་འདུན་ཆོས་ཆོས་འཕེལ་གྱི་རབ་བྱེད་དང་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏེགས་མ། དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ལོ་རབས་བདུན་ཅུ་པའི་མཇུག་དང་བརྒྱད་ཅུ་པའི་ནང་མཛད་པ་ཞིག་ཡིན། སྐབས་དེར་བོད་ཕྱི་ནང་གི་གཉིས་ཀར་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལ་ལྟ་ཚུལ་མ་འདྲ་བ་སྣ་ཚོགས་ཡོད་ཀྱང་། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་པ་མེད་སྟབས། ཁོང་རིན་པོ་ཆེས་གཙོ་བོ་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་སྟོད་སྨད་བར་གསུམ་སོ་སོར་དམིགས་བསལ་རྒྱུས་མངའ་ཡོད་པའི་མི་སྣ་ཁག་འདེམས་བསྒྲིགས་ཀྱིས་བཀའ་འདྲི་མཛད་པའི་ཐོག་ནས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ངོ་མ་གང་ཡིན་པ་དེ་གསལ་འདོན་གནང་ཡོད།

དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་མཁས་པ་ཁྱད་ཆོས་དམིགས་བསལ་ལྡན་མཁན་ཞིག་ཡིན་ཞིང་། འཛམ་གླིང་ཐོག་གི་ཞིབ་འཇུག་པ་མང་པོའི་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལ་གསལ་ཁ་དོད་པ་ནི། དགེ་འདུན་ཆོས་འཕེལ་གསལ་པོར་ཆགས་སོང་བ་ཙམ་མ་ཡིན་པར། འདིས་མི་མང་པོ་ཞིག་ལ་ཞིབ་འཇུག་གི་བློ་སྒོ་ཕྱེ་ཡོད་པར་མ་ཟད། དུས་སྐབས་ཤིག་གི་བོད་ཀྱི་ཆབ་སྲིད་དང༌། ཆོས་ལུགས།སྤྱི་ཚོགས་བཅས་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ལ་གསལ་ཁ་དོད་ཐུབ་པ་བྱུང་ཡོད། མདོར་ན། དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏེགས་མ་འདི་བོད་ཕྱི་ནང་གཉིས་ཀར་དགེ་འདུན་ཆོས་འཕེལ་གྱི་དཔྱད་གཞིའི་ཡིག་ཆ་གལ་གནད་ཆེ་ཤོས་དང་འཐུས་སྒོ་ཚང་ཤོས་ཤིག་ཏུ་གྱུར་ཡོད།2Book 012

          ༣༽འདས་ཟིན་པའི་ཀིརྟིའི་བླ་བྲང་གི་ལོ་རྒྱུས། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ནི་དུས་སྐབས་ཤིག་གི་ཆོས་སྲིད་ཟུང་འབྲེལ་གྱི་བླ་མའི་སྲིད་གཞུང་རང་ཚུགས་ཐུབ་པ་ཞིག་ཡིན་ལ།༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་ལུགས་ཟུང་གི་མཛད་འཕྲིན་དང་དམིགས་བསལ་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། ཁོང་རིན་པོ་ཆེས་དུས་རབས་ཀྱི་འགྱུར་བ་དང་བསྟུན་ཏེ་བླ་བྲང་གི་ལམ་ལུགས་མང་གཙོའི་རང་བཞིན་ལྡན་པའི་དགེ་རྩ་ཚོགས་པའི་ངོ་བོར་འཕོ་འགྱུར་མཛད་པ་དེ་ལྟར་ཡང༌། བྱུང་རབས་ལོ་རྒྱུས་ནི་མི་རབས་ནས་མི་རབས་བར་གནས་དགོས་པའི་གལ་གནད་ལ་དགོངས་ཏེ། ཤིན་ཏུ་མཛད་བྲེལ་ཆེ་བའི་བར་གསེང་ནས་ཁོང་རིན་པོ་ཆེས་གསར་རྩོམ་མཛད་པ་ཞིག་ཡིན།

འདིའི་ནང་དོན་གཙོ་གནད་ཆེ་བ་ནི། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་གྱི་བྱུང་རིམ་དང༌། ཀིརྟིའི་བླ་བྲང་གི་གྲུབ་སྟངས་ཀྱི་སྒྲོམ་གཞི། ཀིརྟིའི་བླ་བྲང་གིས་ཆོས་སྲིད་ཀྱི་ལས་དོན་སྒྲུབ་སྟངས། ཀིརྟིའི་བླ་བྲང་གི་ལས་བྱེད་མི་སྣའི་རིམ་པ། ལས་བྱེད་སོ་སོའི་འགན་དབང༌། ཀིརྟིའི་བླ་བྲང་གི་ཆོས་སྲིད་ཀྱི་མངའ་དབང༌། ཀིརྟིའི་བླ་བྲང་གི་སྐུ་ཚབ་དོན་གཅོད་དམ་ས་གནས་སྲིད་གཞུང་གི་གན་སྟངས་བཅས་ཀིརྟིའི་བླ་བྲང་གི་ཕྱི་ནང་གི་ལོ་རྒྱུས་ཡོངས་རྫོགས་ཤིན་ཏུ་གསལ་ཁ་ཐོན་པ་མཛད་ཡོད།

ཀིརྟིའི་བླ་བྲང་གི་ལོ་རྒྱུས་ལ་གསལ་ཁ་མཛད་པ་ནི་ཀིརྟི་ཚང་དང་འབྲེལ་བའི་གནས་ཚུལ་རྐྱང་པ་མ་ཡིན་པར། སྐབས་དེའི་མདོ་སྨད་སྤྱིའི་ཆོས་སྲིད་ལོ་རྒྱུས་ཀྱི་གནས་སྟངས་མང་པོ་ཞིག་རང་བཞིན་གྱིས་གསལ་ཁ་དོད་ཐུབ་པ་བྱུང་ཡོད་ལ།རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་པོ་ཞིག་ལོ་རྒྱུས་སྨྲ་བ་རྣམས་ཀྱི་གཅེས་ནོར་དུ་བཞག་ཐུབ་ཡོད།3

གཉིས་པ། ལུགས་ཟུང་གསུང་བཤད་བསླབ་བཏུས།

          ད་བར་ལུགས་ཟུང་གསུང་བཤད་བསླབ་བཏུས་དཔར་བསྐྲུན་འགྲེམས་སྤེལ་ཟིན་པ་དེབ་ཕྲེང་དྲུག་དང༌། དཔར་སྐྲུན་ཞུ་རྒྱུར་གྲ་སྒྲིག་ཟིན་པའི་དེབ་ཕྲེང་གཅིག་བཅས་བསྡོམས་གསུང་བཤད་དེབ་ཕྲེང་བདུན་ཡོད། གསུང་བཤད་བསླབ་བཏུས་དེབ་ཕྲེང་འདི་དག་གི་ཁྱད་ཆོས་སྤྱི་ཁྱབ་ཀྱི་ཐོག་ནས་ཞུས་ན། ནང་དོན་གྱི་ཆས་ཆོས་ལུགས་དང༌། ཡ་རབས་བཟང་སྤྱོད། བོད་མིའི་གོམས་སྲོལ་བཟང་པོ་ཁག་རྒྱུན་འཛིན་དར་སྤེལ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་རིན་ཐང་དང་ཁྱད་ཆོས། བོད་ཀྱི་དགོན་པའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། དེ་བཞིན་བོད་དོན་དང་འབྲེལ་བའི་ཆབ་སྲིད།དཔལ་འབྱོར།ཁོར་ཡུགགཙང་སྦྲ་འཕྲོད་བསྟེན། རྒྱ་བོད་མི་རིགས་བར་གྱི་མཐུན་སྒྲིལ།བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་སོགས། མདོར་ན། ཆོས་ལྡན་ཞིང་གི་བོད་མི་ཞིག་ལ་མཚོན་ན་མི་ཚེའི་ནང་ངེས་པར་མཁོ་བའི་གནད་དོན་མང་པོ་ཞིག་གསལ་འདོན་མཛད་ཡོད།

          དེ་ཡང་མཁས་ཉམས་དང་ཆེ་ཉམས།གཞན་ལ་ལྟོས་མེད་ཀྱིས་གང་བྱུང་གིས་བཙན་བཀའ་བཏང་བ་ལྟ་བུ་མ་ཡིན་པར།ཞལ་གསལ་ལ་གོ་བདེ་བ། ཆོས་ལུགས་ཀྱི་ནང་དོན་ལྡན་པ་ལ།དུས་རབས་ཀྱི་འགྲོས་དང་མཐུན་པ། སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་འཚམས་པ། སྐྱེ་བ་ཕྱི་མ་ཕན་ཆོད་ཀྱི་གནད་དོན་གླེང་བསྡད་པ་རྐྱང་པ་མ་ཡིན་པར། སྐྱེ་བ་འདིར་ཆོས་དང་མཐུན་པའི་འཚོ་བ་སྐྱེལ་སྟངས། ཤེས་ཡོན་སློབ་སྦྱོང་བྱེད་སྟངས། དཔལ་འབྱོར་འཚོལ་སྒྲིག་བྱེད་སྟངས། མི་དང་མིའི་བར་འགྲོགས་འདྲིས་དང་མཐུན་ལམ་བྱེད་སྟངས་སོགས། མདོར་ན། ཚེ་འདིའི་ཉིན་རེའི་འགྲོ་ལམ་འདུག་སྟངས་ནས་བཟུང་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་སྟངས་བར་གསལ་ཞིང་གསལ་བར་མཛད་ནས་གསུངས་ཡོད།

          གསུང་བཤད་འདི་དག་གིས་ཆེད་དུ་དམིགས་ནས་གསུང་སའི་ཡུལ་ལུང་དང་དགོན་གྲོང་ཙམ་མ་ཡིན་པར། དེ་ལས་ཀྱང་རྒྱ་ཆེ་བའི་སྐྱ་སེར་ཁྲི་ཕྲག་མང་པོར་འདི་ཕྱིའི་ལམ་སྟོན་མཛད་དང་མཛད་བཞིན་ཡོད་ལ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ལམ་སྟོན་གསུང་བཤད་འདི་དག་གི་མཛད་འཕྲིན་ཡར་ལྡན་གྱི་རང་བཞིན་དུ་གནས་ངེས་ཡིན་པ་ཐེ་ཚོམ་མེད།4

གསུམ་པ། ལུགས་ཟུང་གསུང་འཕྲིན་བསླབ་བཏུས།

          གསུང་འཕྲིན་བསླབ་བཏུས་དེ་སྔ་དཔར་བསྐྲུན་འགྲེམས་སྤེལ་ཟིན་པ་དེབ་ཕྲེང་གསུམ་ཡོད། གསུང་འཕྲིན་བསླབ་བཏུས་འདི་དག་ནི། གནད་དོན་དམིགས་བསལ་བ་རེ་ཟུང་ཐོག་ཆེད་དུ་བསྩལ་པ་འགའ་ཤས་ཡོད་པ་ཕུད་ལྷག་མ་ཡོངས་རྫོགས་འབྲེལ་ཡོད་དགོན་གྲོང་དང༌། སྤྱི་སྒེར་སོ་སོའི་ངོས་ནས་གནད་དོན་བྱེ་བྲག་པའི་ཐོག་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་དུ་གནང་བ་ཤ་སྟག་ཡིན་ཅིང༌། སྤྱིའི་ནང་དོན་གྱི་ཆ་ནས་གསུང་བཤད་བསླབ་བཏུས་དང་ཕྱོགས་མཐུན་པ་ལྟ་བུ་ཡིན་པས། ཟུར་དུ་ནང་དོན་ངོ་སྤྲོད་མི་བྱེད།

དེང་སང་ཀིརྟི་ཚང་དང་འབྲེལ་ཡོད་དགོན་མ་ལག་རྣམས་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་ནས་གཞན་དང་མ་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་གི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པར་མ་ཟད། འབྲེལ་ཡོད་ལྷ་སྡེ་རྣམས་ཀྱང་སྤྱིའི་ཆ་ནས་སྡིག་སྤོང་དགེ་སྒྲུབ་དང༌། ཡ་རབས་བཟང་སྤྱོད། ཤེས་ཡོན་སློབ་གཉེར་ལ་དོ་སྣང་བྱེད་པ་བཅས་སྔ་མོ་དང་བསྡུར་ན་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པ་ནི། ཁོང་རིན་པོ་ཆེས་སྔ་ཕྱིར་ལམ་སྟོན་མཛད་པའི་གསུང་འཕྲིན་དང་གསུང་བཤད་འདི་དག་ལ་གཏིང་ཟབ་མོའི་འབྲེལ་བ་ཡོད་པ་སྨོས་མ་དགོས་ལ། གསུང་གི་མཛད་པ་འདི་དག་གིས་ཀིརྟི་ཚང་གི་དགོན་མ་ལག་དང་རུ་ལྷ་སྡེ་རྐྱང་པ་མ་ཡིན་པར། དེ་ལས་རྒྱ་ཆེ་བའི་མདོ་སྟོད་སྨད་སོགས་ཀྱི་ཡུལ་ཁམས་ཤིན་ཏུ་ཆེན་པོ་དག་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་ནི། གཟུར་བོར་གནས་པའི་དམ་པ་མང་པོའི་གསུང་ཟུར་ལས་རྟོགས་ཐུབ།5

བཞི་པ། གསུང་རྩོམ་ཐོར་བུ།

          ༡༽བཅའ་ཡིག་གི་སྐོར།ཕྱག་དེབ་འདིའི་ནང་མཚོ་སྔོན་ཀིརྟི་དགོན་པ་དང༌། གདོང་རིའི་ཀིརྟིའི་དགོན་པ། གཅའ་དགོན་པ། ཀིརྟིའི་བྱེས་པ་གྲྭ་ཚང༌བཅས་འབྲེལ་ཡོད་དགོན་པ་དང་གྲྭ་ཚང་ཁག་བཅུ་གཅིག་གི་བཅའ་ཡིག་འཁོད་ཡོད། བཅའ་ཡིག་འདི་དག་ཏུ་ཐོག་མ་དགེ་འདུན་གྱི་སྡེ་ལ་འཇུག་པའི་ཚུལ་དང༌། བར་དུ་མདོ་རྒྱུད་གཞུང་ལུགས་ལ་འཆད་ཉན་སློབ་གཉེར་བྱ་བ་སོགས་བསྟན་པ་ལ་ཞུགས་པའི་དགོས་དོན་སྒྲུབ་སྟངས། མཐའ་མ་ཐོས་དོན་ཉམས་ལེན་དུ་འཁྱེར་བའི་ཚུལ་བཅས་ཤིན་ཏུ་གསལ་བར་མཛད་ཡོད་པས། དགེ་འདུན་པ་དང་དགེ་འདུན་པའི་སྡེ་ཞིག་ལ་མཚོན་ན་འདི་ལས་རིན་ཐང་ཆེ་བའི་གཅེས་ནོར་ཞིག་གང་དུ་འཚོལ་དུ་མེད་པ་ལྟ་བུ་ཡིན།6

          ༢༽ཆོས་སྤྱོད་ཀྱི་སྐོར། ཕྱག་དེབ་འདིའི་ནང་ཞབས་བརྟན་གསོལ་འདེབས་དང༌། སྤྲུལ་སྐུ་མྱུར་བྱོན། ཞལ་འདོན་གྱི་རིགས། སྒྲུབ་ཆོག་བཅས་ཆོས་ཚན་ཁག་མ་འདྲ་བ་ཉི་ཤུ་རྩ་བཞི་འདུས་ཡོད་ལ། ཁོང་རིན་པོ་ཆེས་བཀའ་རྩོམ་མཛད་པའི་སྒྲུབ་ཆོག་གི་རིགས་ཤིག་འབྲེལ་ཡོད་དགོན་སྡེ་འགའ་ཤས་ཀྱིས་ལོ་རེའི་ཉམས་བཞེས་ཀྱི་རིམ་པར་གཏན་འབེབས་ལག་བསྟར་ཞུ་བཞིན་ཡོད་ལ།ཞལ་འདོན་གྱི་རིགས་སྤྱི་སྒེར་གཉིས་ཐད་ནས་རྒྱུན་འདོན་ཞུ་མཁན་ཤིན་ཏུ་མང༌།7

          ༣༽ལོ་རྒྱུས་དང་སྙན་རྩོམ།ཕྱག་དེབ་འདིའི་ནང་རྗེ་ཙོང་ཁ་པར་བསྟོད་པའི་སྙན་ཚིག་བཅད་ལྷུག་སྤེལ་མ་ཅན་དང༌། ཡོངས་འཛིན་མགོན་པོ་ཀླུ་སྒྲུབ་ཚང་གི་རྣམ་ཐར། ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གི་རྣམ་ཐར། གཞན་ཡང་བཤད་པ་སྣ་ཚོགས་དང༌། ངག་རྒྱུན་ལོ་རྒྱུས་དཀོན་རིགས་སྣ་ཚོགས།སྙན་ངག་གི་དཔེར་བརྗོད་བཅས་ཚན་པ་མ་འདྲ་བ་བདུན་ཅུ་དོན་ལྔ་བཞུགས། འདི་དག་ནི་ཚིག་གི་ཉམས་འདོན་ལུགས་ཀྱི་ཁྱད་པར་ཙམ་མ་ཡིན་པར། ནང་དོན་ཡོངས་རྫོགས་གནས་ལུགས་དང་བདེན་པས་ཁེངས་ཤིང༌། ཉམས་རྟོགས་ཀྱི་དྲི་བསུང་ཡུག་གཅིག་ལ་ཁྱབ་པའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཡིན། ལྷག་པར་ཡོངས་འཛིན་རྣམ་པ་གཉིས་ཀྱི་རྣམ་ཐར་ལྗགས་རྩོམ་མཛད་པ་ནི། རང་ཅག་འབྲེལ་ཡོད་དགོན་གྲོང་རྣམས་ལ་མཚོན་ན་ཤིན་ཏུ་བཀའ་དྲིན་ཆེན་པོར་གྱུར་ཡོད།8

ལྔ་པ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཐེམ་སྐས་ཉེར་དྲུག་པ།

          ༡༽ཐེམ་སྐས་ཉེར་དྲུགསྟོད་ཆ། ཕྱག་དེབ་འདིའི་ནང་ཐུགས་རྗེ་ཆེན་པོ་གཉན་ཚེམ་བུ་པའི་ལུགས་ཀྱི་སྙན་རྒྱུད་དམར་ཁྲིད་འདི་ཐོག་མར་ཇི་ལྟར་བྱུང་བ་ནས་རང་རེའི་གདན་ས་གོང་འོག་ལ་ཡང་འདིའི་ཉམས་བཞེས་ཀྱི་ཕྱག་སྲོལ་བྱུང་བའི་བར་གྱི་ཆོས་འབྱུང་གི་སྐོར་དང༌། དམར་ཁྲིད་འདིའི་སྔོན་འགྲོའི་ཆོས་སྐོར།དངོས་གཞིའི་སྐོར་བཅས་ཐེམ་སྐོར་བཅུ་གསུམ་འཁོད་ཡོད།9

          ༢༽ཐེམ་སྐས་ཉེར་དྲུགསྨད་ཆ། ཕྱག་དེབ་འདིའི་ནང་དངོས་གཞིའི་ཆོས་སྐོར་ལས་བསྙེན་ཆེན་སྐབས་ཀྱི་བདག་བསྐྱེད་རྒྱུན་འཁྱེར་བསྡུས་པ་སོགས་དང༌། མཇུག་གི་ཆོས་སྐོར།གཞན་རྗེས་སུ་འཛིན་པའི་ཆོས་སྐོར་བཅས་ཐེམ་སྐས་བཅུ་བཞི་པ་ནས་ཉེར་དྲུག་པའི་བར་འདིར་འཁོད་ཡོད།10

སྤྱིར་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཐོར་བུ་སྣ་ཚོགས་བཞུགས་ཀྱང་། འདོན་ཆོག་ནག་འགྲོས་སུ་བཀོད་པ་ཞིག་མེད་སྟབས་ཁོང་རིན་པོ་ཆེས་གསར་དུ་བཀའ་རྩོམ་མཛད་པ་ཞིག་ཡིན། ཆོས་སྐོར་འདི་མཛད་པ་པོ་ནི། སྤྲུལ་གཞི་སྤྱན་རས་གཟིགས་དོན་ཡོད་ཞགས་པ་དང་ངོ་བོ་གཅིག་ཡིན་པ་དང་། གང་དུ་མཛད་པའི་གནས་ནི།སངས་རྒྱས་སྟོང་རྩ་གཅིག་པོ་མངོན་པར་རྫོགས་པར་འཚང་རྒྱ་བའི་མཛད་པ་སྟོན་པའི་གནས་རྡོ་རྗེ་གདན་ཡིན་པ། མཛད་པའི་དུས་ནི། ཁོང་རིན་པོ་ཆེ་བསྙེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་མཚམས་ལ་བཞུགས་པའི་སྐབས་ཡིན་པ། གང་མཛད་པར་བྱ་བའི་ཆོས་ནི། ཐུགས་རྗེ་ཆེན་པོའི་བསྙེན་ཆེན་གྱི་ཆོས་སྐོར་ཡིན་པ་བཅས། མདོར་ན། མཛད་པ་པོ་དང༌། མཛད་པའི་གནས། མཛད་པའི་དུས། གང་མཛད་པར་བྱ་བའི་ཆོས་བཅས་གང་ཐད་ནས་དམིགས་བསལ་བྱིན་རླབས་ཀྱི་མཚན་ཁ་ལྡན་པ་ཞིག་ཡིན་པ་སྨོས་མ་དགོས།

དྲུག་པ། བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ།

          ༡༽ བཅའ་ཡིག་བློ་གསལ་འཇུག་ངོགས། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།འདྲེན་པ་གང་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་སྒྲུབ་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་ཐུགས་སྨོན་མཛད་པའི་དགོངས་དོན་དང་མཐུན་པར། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱུན་པར་རྒྱལ་བའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཡང་སྒོས་ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་པའི་དགོན་མ་ལག་རྣམས་ཀྱི་འཆད་ཉན་སློབ་གཉེར་དང༌། འགྲིག་ལམ་ཀུན་སྤྱོད། ཐུགས་མཐུན་ཁྲིམས་གཙང་བཅས་མདོ་སྨད་ལྷོ་རྒྱུད་ཀྱི་བསྟན་པའི་གཞི་མར་གྱུར་པའི་སྲོལ་རྒྱུན་བཟང་པོ་འདི་དགདུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་བའི་བར་གསེང་ནས་ཉམས་བརླག་ཏུ་མི་འགྲོ་བར། རྒྱུན་གནས་དར་སྤེལ་ཡོང་བའི་དོན་དུ་དགོངས་ཞིབ་ཐུགས་དཔྱོད་སྣ་མང་མཛད་དང་མཛད་བཞིན་པའི་ཐོག ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་ཉམས་ཞིབ་ཚོགས་ཆུང་གི་སྙན་ཐོག་དང༌། འཛམ་གླིང་གི་སྤྱི་སྲོལ་ལྟ་བུར་ཆགས་པའི་སློབ་སྦྱོང་ལམ་སྲོལ་ཁག་ལ་ཐུགས་ཞིབ་དགོས་ངེས་མཛད་དེ། ༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་གོང་མ་རྣམས་ཀྱིས་མཛད་པའི་བཅའ་ཡིག་ཁག་གི་དགོངས་དོན་ལས་མ་འགལ་ཞིང༌། དེང་དུས་ཀྱི་ལུགས་སྲོལ་དང་མཐུན་པར་འགྱུར་བཞིན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་འབྲས་དགེ་གསུམ་དང༌། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་འཆད་ཉན་ལམ་སྲོལ་ཁག་ནས་ལེགས་ཆ་བསྡུ་ལེན། ད་ལྟའི་ཀིརྟིའི་དགོན་ཁག་གི་དངོས་ཡོད་གནས་སྟངས་དང་འཚམས་པ། དགེ་འདུན་པ་མི་རེ་ངོ་རེའི་ཚེ་འདི་དང་ཚེ་རབས་གཏན་གྱི་འདུན་མ་སྒྲུབ་སྟངས་གསལ་ཞིང་གསལ་བར་མཛད་པ་བཅས།མདོར་ན། སྲོལ་རྒྱུན་གྱི་རྩ་བ་མ་བརླག་པའི་ཐོག་ངེས་པར་མཁོ་བའི་གསར་གཏོད་ཀྱི་ཁྱད་ཆོས་སྣ་མང་ལྡན་པའི་བཅའ་ཡིག་བློ་གསལ་འཇུག་ངོགས་འདི་བཀའ་རྩོམ་བཀའ་དྲིན་བསྐྱངས་པ་ཞིག་ཡིན།

  མང་གི་ནུས་པ་དང་མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་ཐུབ་ན་ལས་དོན་ཆེ་ཕྲ་ཀུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོན་རྒྱུ་ཡིན་པ་ཆོས་ཉིད་ལྟར། ཁོང་རིན་པོ་ཆེས་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིས་གཙོས་པའི་འབྲེལ་ཡོད་དགོན་སྡེ་རྣམས་འགྲིག་ལམ་གཅིག་གྱུར་དང༌། འཆད་ཉན་ལམ་སྲོལ་གཅིག་གྱུར།མཐུན་ལམ་ཟུངས་ཁ་གཅིག་སྒྲིལ། ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་ཐུབ་པའི་ཐུགས་རེ་མཛད་པ་ནི། བཅའ་ཡིག་བཅའ་ཡིག་བློ་གསལ་འཇུག་ངོགས་མཛད་པའི་དགོངས་གཞི་དང་སྒྲུབ་དོན་གཙོ་བོ་ལགས་པས། ཁོང་རིན་པོ་ཆེའི་ཐུགས་རེ་གྲུབ་འབྲས་ལྡན་པར་ལག་བསྟར་བྱ་བ་ནི་བླ་མ་ཐུགས་མཉེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་དང༌། འཁྲུངས་སྐར་གྱི་འབུལ་རྫས་གཞན་འགྲན་མེད་པ་ཞིག་ཡིན་པ་ཁོང་རིན་པོ་ཆེའི་བཀའ་སློབ་སྔ་ཕྱིར་གསལ་བས། ང་ཚོས་ཀྱང་དེ་ལུགས་ཀྱིས་འཁྲུངས་སྐར་སྲུང་བརྩི་དོན་སྙིང་ལྡན་པ་ཞུ་དགོས་སྙམ།

          བཅའ་ཡིག་བློ་གསལ་འཇུག་ངོགས་ལ་མཆོད་བརྗོད་དང་མཇུག་བསྡུ་སོགས་མ་བརྩིས་པའི་རྩ་དོན་གྱི་ཆ་ནས་དོན་ཚན་བཅུ་དགུ་ཡོད། འདི་དག་གི་རྒྱས་བཤད་ཟུར་རྒྱན་ཁག་ཏུ་གསལ་བར་འབྱུང༌ཞིང༌། ཟུར་རྒྱན་དེབ་ཕྲེང་ཁག་ངོ་སྤྲོད་མདོར་བསྡུས་རེ་གཤམ་དུ་རིམ་པས་ཞུ་རྒྱུ། མདོར་ན། བཅའ་ཡིག་བློ་གསལ་འཇུག་ངོགས་ལ་བསྟོད་བསྔགས་ཞུ་འདོད་མཁན་དང༌། སྐྱོན་བརྗོད་བྱེད་འདོད་མཁན་སུ་ཞིག་ཡིན་ཡང་རུང་།བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པར་ཞིབ་ཏུ་གཟིགས་དགོས་པ་གནད་ཆེ་ཞིང༌། ལྷག་པར་བཅའ་ཡིག་ཟུར་རྒྱན་དེབ་ཕྲེང་གསུམ་པའི་དབུར་བཀོད་པའི་ཁོང་རིན་པོ་ཆེའི་ལམ་སྟོན་བཀའ་སློབ་འདི་ལ་ངེས་པར་གཟིགས་དགོས།11

          ༢༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དང་པོ། ཟུར་རྒྱན་དང་པོའི་ནང་འབྲེལ་ཡོད་གྲྭ་བཙུན་སྔགས་གསུམ་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དང༌། སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སྒྲིག་གཞི། གྲྭ་རྒྱུན་གསར་པ་འཛུལ་ཞུགས་བྱེད་སྟངས། སྔགས་པ་གྲྭ་ཚང་ཁག་གིས་གཞུང་ཆེན་མོར་སློབ་གཉེར་གནང་སྟངས།ཕར་ཕྱིན་དབྱར་ཆོས། ཚད་མའི་དགུན་ཆོས། རིགས་གྲྭའི་ཚོགས་ལངས། སློབ་གཉེར་པའི་རྒྱུགས་སྤྲོད་ཀྱི་སྒྲིག་གཞི། ལས་སྣེ་རྣམས་ཀྱི་འགན་དབང༌། དགེ་བཤེས་རྡོ་རམས་པ། དགེ་བཤེས་བཀའ་བཅུ་པའི་སྐོར་བཅས་གསལ།12

          ༣༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་གཉིས་པ།ཕྱག་དེབ་འདིའི་ནང་དགེ་བཤེས་ལྷ་རམས་པ་དང༌། སྔགས་རམས་པ། དུས་བཟང་ཁག་གི་སྐོར། དུས་འབྲེལ་གསོ་སྦྱོང་སོགས་ཀྱི་ཚོགས་འདོན་སྐོར་བཅས་གསལ་ཞིང་། ཚོགས་ཆོས་ར་དང་ཚོགས་ཆོས་རའི་འདོན་པའི་སྐོར་ལྟ་བུར་མཚོན་ན། ཟུར་རྒྱན་འདིར་རྒྱབ་ལྗོངས་ཀྱི་རིམ་པ་དང་གཏན་འབེབས་ཀྱི་རིམ་པ་གཉིས་ཡོད། དཔེར་ན། སྔོན་མ་འབྲས་སྤུངས་བློ་གསལ་གླིང་གིས་གསུང་གི་ཡོད་མེད་དང་། སྟག་ཚང་ལྷ་མོ་ཀིརྟི་དགོན་གྱིས་ག་རེ་གསུང་གི་ཡོད་མེད། རྔ་པ་ཀིརྟི་དགོན་པས་ག་རེ་གསུང་གི་ཡོད་མེད་བཅས་རྒྱབ་ལྗོངས་ཀྱི་ཚུལ་དུ་བསྒྲིགས་པའི་འོག་ཏུ། མ་འོངས་པར་དངོས་སུ་ལག་བསྟར་བྱ་དགོས་པའི་རིམ་པ་གཏན་འབེབས་མཛད་ཡོད། བྱེད་ཐབས་འདི་ནི་འགྱུར་བ་བཏང་བའི་རྗེས་སུ་ཡང་སྲོལ་རྒྱུན་གྱི་འགྲོ་སྟངས་རྩ་བརླག་ཏུ་མི་འགྲོ་བའི་དགེ་མཚན་ཆེན་པོ་ལྡན་པ་ཞིག་ཡིན།

ཟུར་རྒྱན་འདིའི་གཤམ་དུ་ལུས་ངག་གི་སྤྱོད་ལམ་སོགས་ལ་ཐུགས་སྣང་དང་བསྐྱར་ཞིབ་མཛད་དགོས་ས་ཞེས་པའི་དོན་ཚན་ཞིག་ཡོད་པ་འདི་ལ་ངེས་པར་ཐུགས་སྣང་མཛད་རྒྱུ་གལ་ཆེ།13

          ༤༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་གསུམ་པ། ཕྱག་དེབ་འདིའི་ནང་ཀིརྟིའི་དགོན་ཁག་གི་འགྲིག་ལམ་གཅིག་གྱུར་ལག་བསྟར་བྱེད་ཕྱོགས་ཐད་བསྩལ་པའི་ལམ་སྟོན་བཀའ་སློབ་དང་། གདན་ས་གསུམ་གྱི་གྲྭ་ཚང་དྲུགབཀྲ་ཤིས་ལྷུན་པོ།རྒྱུད་གྲྭ་སྟོད་སྨད། རྙིང་མའི་གདན་ས་སྨིན་གྲོལ་གླིང་དང་རྣམ་གྲོལ་གླིང༌། ས་སྐྱའི་གདན་ས་ཐུབ་བསྟན་རྣམ་རྒྱལ་གླིང༌དང་རྫོང་གསར་བཤད་གྲྭབཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང༌དང་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང༌། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང༌།ཞྭ་དཀར་བོན་གྱི་གདན་ས་བཤད་སྒྲུབ་འདུས་སྡེ་གླིང་བཅས་ཆོས་བརྒྱུད་རིས་མེད་ཡོངས་རྫོགས་ཀྱི་འཆད་ཉན་གྱི་ལམ་སྲོལ་གང་འདྲ་ཡིན་པའི་གནས་ཚུལ་བཀོད་ཡོད།

          དེ་ཡང་ཆོས་བརྒྱུད་འདི་དག་གི་གནའ་སྔ་མོའི་འགྲོ་སྟངས་གང་འདྲ་ཡིན་པ་དང་། བར་ལམ་ནས་འགྱུར་བ་གང་འདྲ་ཕྱིན་ཡོད་མེད། འགྱུར་བ་འགྲོ་དགོས་པའི་རྒྱུ་མཚན། འགྱུར་བ་ཕྱིན་པའི་རྗེས་ཀྱི་དེང་སང་གི་གནས་སྟངས་བཅས་ཧ་ཅང་གོ་རིམ་ལྡན་པའི་ཐོག་ནས་ཡིག་འབེབས་མཛད་ཡོད་ལ། འདི་དག་ནི་རང་རེའི་སློབ་གཉེར་པ་རྣམས་ཀྱིས་བོད་ཁམས་སྤྱིའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་འཆད་ཉན་ལམ་སྲོལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཐུབ་པའི་གཞི་རྟེན་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད།14

          ༥༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་བཞི་པ།ཆོས་སྤྱོད་མུ་ཏིག་ཕྲེང་མཛེས་སྟོད་ཆ། ཚོགས་འདོན་གྱི་སྐོར།ཆོས་ཚན་ཁག་མ་འདྲ་བདུན་ཅུ་དོན་དགུ་ཡོད།15

          ༦༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་ལྔ་པ། ཆོས་སྤྱོད་མུ་ཏིག་ཕྲེང་མཛེས་བར་ཆ། གཞུང་ཆེན་མོའི་རྩ་བ་དང༌། ལམ་རིམ་བློ་སྦྱོང༌། བླ་མའི་རྣལ་འབྱོར་བཅས་ཀྱི་སྐོར།ཆོས་ཚན་ཁག་མ་འདྲ་བ་བཞི་བཅུ་ཞེ་བརྒྱད་ཡོད།16

          ༧༽བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དྲུག་པ། ཆོས་སྤྱོད་མུ་ཏིག་ཕྲེང་མཛེས་སྨད་ཆ།སྔགས་ཆོག་དང་བསྔོ་སྨོན་གྱི་སྐོར། ཆོས་ཚན་ཁག་མ་འདྲ་བ་དགུ་བཅུ་གོ་གཅིག་ཡོད།17

          མདོར་ན། ད་བར་ཁོང་རིན་པོ་ཆེའི་གསུང་རྩོམ་དཔར་བསྐྲུན་འགྲེམས་སྤེལ་ཟིན་པ་ཕྱག་དེབ་གྲངས་མ་འདྲ་བ་ཉེར་བཞི་བཞུགས་པ་ལས། བརྒྱ་ཆ་མང་ཆེ་བ་སློབ་བརྒྱུད་སེར་སྐྱ་མང་ཚོགས་ཀྱི་སྐྱེ་བ་འདི་དང་ཕྱི་མའི་བདེ་དོན་ལ་དམིགས་ཏེ་མཛད་པ་ཤ་སྟག་ཡིན་པས།སློབ་བརྒྱུད་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཀྱང་ཁོང་རིན་པོ་ཆེའི་དཀའ་སྤྱད་དང་ཐུགས་རེ་གནང་བ་འདི་དག་གྲུབ་འབྲས་ལྡན་པ་ཡོང་བའི་དོན་དུ། རང་ནུས་ཅི་ལྕོགས་ཀྱིས་ཆ་ཤས་གཅིག་མ་གཏོགས་མ་བྱུང་ན་ཡང་ཅི་ནས་ཀྱང་ལག་བསྟར་ཡོང་བར་ཞུ་ཞེས་གུས་པ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེངྒེ་ནས་ཕུལ།

1གསུང་རྩོམ་འདི་ལ་ནང་གསེས་ཚན་པ་མ་འདྲ་བ་དང་། ཤོག་གྲངས་༢༠༠ཡོད། གསུང་རྩོམ་སྤྱིའི་དེབ་ཕྲེང་དང་པོ་ཡིན།

2གསུང་རྩོམ་འདི་ལ་ནང་གསེས་ཚན་པ་མ་འདྲ་བ་༡༦དང་། ཤོག་གྲངས་༤༢༣། གསུང་རྩོམ་སྤྱིའི་དེབ་ཕྲེང་གཉིས་པ་ཡིན།

3གསུང་རྩོམ་འདི་ལ་ནང་གསེས་ཚན་པ་མ་འདྲ་བ་༤༥དང་། ཟུར་བཀོད་ཚན་པ་དགུ། ཤོག་གྲངས་༢༦༤། གསུང་རྩོམ་སྤྱིའི་དེབ་ཕྲེང་བཅུ་གསུམ་པ་ཡིན།

4 གསུང་བཤད་དེབ་ཕྲེང་དང་པོ་ལ་ནང་གསེས་ཚན་པ་མ་འདྲ་བ་༢༩་ཤོག་གྲངས་༣༢༣། གསུང་བཤད་དེབ་ཕྲེང་གཉིས་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༢༡ཤོག་གྲངས་༢༧༩།གསུང་བཤད་དེབ་ཕྲེང་གསུམ་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༡༤། ཤོག་གྲངས་༣༢༣། གསུང་བཤད་དེབ་ཕྲེང་བཞི་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༡༤ ། ཤོག་གྲངས་༢༨༨ ། གསུང་བཤད་དེབ་ཕྲེང་ལྔ་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༢༣ ། ཤོག་གྲངས་༤༧༩ ། གསུང་བཤད་དེབ་ཕྲེང་ལྔ་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༢༡ ། ཤོག་གྲངས་༥༦༣

5གསུང་འཕྲིན་དེབ་ཕྲེང་དང་པོ་ལ་ནང་གསེས་ཚན་པ་མ་འདྲ་བ་༢༤ ་ཤོག་གྲངས་༢༦༠ ། གསུང་འཕྲིན་དེབ་ཕྲེང་གཉིས་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༥༤ ། ཤོག་གྲངས་༣༤༠ ། གསུང་འཕྲིན་དེབ་ཕྲེང་གསུམ་པ་ལ་ནང་གསེས་ཚན་པ་མ་འདྲ་བ་༡༠༥ ། ཤོག་གྲངས་༢༢༣ །

6 གསུང་རྩོམ་ཐོར་དང་པོ་བཅའ་ཡིག་གི་སྐོར་ལ་ནང་ཚན་པ་མ་འདྲ་བ་༡༡་ཤོག་གྲངས་༢༥༣།

7གསུང་རྩོམ་ཐོར་བུ་དེབ་ཕྲེང་གཉིས་པ་ཆོས་སྤྱོད་སྐོར་ལ་ཚན་པ་མ་འདྲ་བ་༢༤ ། ཤོག་གྲངས་༢༥༨།

8གསུང་རྩོམ་ཐོར་བུར་དེབ་ཕྲེང་གསུམ་པ་སྙན་རྩོམ་དང་ལོ་རྒྱུས་ལ་ཚན་པ་མ་འདྲ་བ་༧༥ཤོག་གྲངས་༤༨༨།

9 ཐེམ་སྐས་ཉེར་དྲུགསྟོད་ཆ།ཐེམ་སྐས་བཅུ་གསུམ་དང་། ཤོག་གྲངས་༣༤༢།

10ཐེམ་སྐས་ཉེར་དྲུགསྨད་ཆ།ཐེམ་སྐས་བཅུ་བཞི་ནས་ཉེར་དྲུག་བར་དང་།ཤོག་གྲངས་༣༢༡།

11 བཅའ་ཡིག་བློ་གསལ་འཇུག་ངོགས་ལ་ཚན་པ་༡༩། ཤོག་གྲངས་༡༢༠།

12བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་དང་པོ་ལ་ཚན་པ་༡༩། ཤོག་གྲངས་༤༠༧།

13བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་གཉིས་པ་ལ་ཚན་པ་༣༠། ཤོག་གྲངས་༤༤༩།

14བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་གསུམ་པ་ལ་ཚན་པ་། ཤོག་གྲངས་༣༤༧།

16བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་ལྔ་པ་ལ་ཚན་པ་༤༨། ཤོག་གྲངས་༣༩༩།

17བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་དྲུག་ལ་ཚན་པ་༩༡། ཤོག་གྲངས་༤༢༨།

གོང་གསལ་གསུང་རྩོམ་ཡོངས་རྫོགས་བསྡོམས་ན་ཚན་པ་མ་འདྲ་བ་༨༠༣་དང་། ཤོག་གྲངས་༨༣༣༤ཡོད།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.