རིགས་ལམ་དགེ་རྒན་དཀོན་མཆོག་རྒྱ་མཚོ།

༄༅།། བདེན་གཉིས་ཟུང་འཇུག་ཡེ་ཤེས་ཀྱིས། །བདེན་གཉིས་ཅིག་ཆར་ཡང་དག་མཁྱེན། །བདེན་གཉིས་གནས་ལུགས་མ་ནོར་བར། །འགྲོ་ལ་འདོམས་མཁས་རྒྱལ་རྣམས་མཆོད། །བློ་གྲོས་བཟང་པོས་ཆོས་ཀུན་གཟིགས། །གྲགས་པའི་སྙན་པ་ཕྱོགས་བཅུར་གཡོ། །ཞིང་འདིར་རྒྱལ་བསྟན་ཕན་བདེའི་དཔལ། །གསལ་མཛད་འཇམ་དབྱངས་བླ་མར་འདུད། །བློ་གྲོས་བཟང་པོའི་རྣམ་དཔྱོད་ཀྱིས། །རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ། །འཇིགས་བྲལ་མཚུངས་མེད་འགྲོ་བའི་སྐྱབས། །ཡེ་ཤེས་རྒྱ་མཚོའི་གཏེར་ཆེན་རྒྱལ།

 

                དེ་ཡང་ཇི་སྐད་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་ལྟར།  ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་གང་གསུངས་ཐམས་ཅད་བདེན་གཉིས་ལས་མ་འདས་པར་གསུངས་ལ། དེའི་ཕྱིར་རང་ཅག་རྣམས་ཀྱིས་བདེན་གཉིས་ཀྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས་དེའི་རྣམ་གཞག་མདོ་ཙམ་བཤད་པ་ལ་གཉིས། གྲུབ་མཐའ་སོ་སོའི་ལུགས་ཀྱི་བདེན་གཉིས་བཤད་པ་དང་ཞར་བྱུང་བདེན་བཞིའི་རྣམ་གཞག་བཤད་པའོ།།

 

                དང་པོ་ལ་བཞི་ལས།

དང་པོ་བྱེ་བྲག་སྨྲ་བས་འདུས་བྱས་ཁོ་ནའི་སྟེང་ནས་བདེན་གཉིས་འཇོག་ལ་དེའི་ཚུལ་ནི། རང་ཉིད་བཅོམ་པའམ་ཞིག་པ་ན་རང་འཛིན་གྱི་བློ་མི་འཇུག་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་དང་བུམ་ནང་གི་ཆུ་ལྟ་བུ། ཀུན་རྫོབ་ལ་དབྱེ་ན། དབྱིབས་ཀྱི་ཀུན་རྫོབ་དང༌། ཚོགས་པའི་ཀུན་རྫོབ་གཉིས། དང་པོ་ནི་བུམ་པ་ལྟ་བུ། ཕྱི་མ་ནི། བུམ་ཆུ་ལྟ་བུའོ། །དབྱིབས་ཀྱི་ཀུན་རྫོབ་ལ་ཚོགས་པའི་ཀུན་རྫོབ་ཀྱིས་ཁྱབ་ཀྱང༌། ཕྱི་མ་ལ་སྔ་མས་མ་ཁྱབ་པར་གསུངས། ཕྱི་མ་འདི་དེར་ཐལ། བུམ་ཆུ་ལྟ་བུ་ཚོགས་པའི་ཀུན་རྫོབ་ཡིན་ཀྱང་དབྱིབས་ཀྱི་ཀུན་རྫོབ་མ་ཡིན་པའི་ཕྱིར་ཏེ། བློས་དྲི་རོ་སོགས་སོ་སོར་བསལ་བ་ཡོད་ཀྱང་བཅོམ་པས་རྡུལ་རྫས་བརྒྱད་སོ་སོར་འབྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །སྒྲ་བཤད་ནི། བུམ་པ་དང་བུམ་ཆུ་གཉིས་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པར་བྱ་སྟེ། ལྟོ་ལྡིར་བ་ལ་སོགས་པའི་དབྱིབས་དང་ཆུའི་གཟུགས་དྲི་རོ་ལ་སོགས་པའི་རྫས་རྣམས་ཕན་ཚུན་བརྟེན་པ་རིམ་བཞིན་གཞི་བུམ་པ་དང་བུམ་ཆུ་ཡོད་དོ། །ཞེས་བརྗོད་པ་ནི་བདེན་པར་སྨྲས་པ་ཡིན་གྱི་རྫུན་པ་མ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཀུན་རྫོབ་བདེན་པ། ཀུན་རྫོབ་ཏུ་གྲུབ་པ། ཀུན་རྫོབ་ཏུ་ཡོད་པ། བཏགས་པར་ཡོད་པ་རྣམས་དོན་གཅིག རང་སྟེང་དུ་ཆོས་གཞན་བསལ་ཀྱང་རང་འཛིན་གྱི་བློ་མི་འདོར་བའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་མི་རྟག་པ། སྔོན་པོ་དང་གཟུགས་ལྟ་བུ། དོན་དམ་བདེན་པ་ལ་དབྱེ་ན། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་དོ། སྒྲ་བཤད་ནི་གཟུགས་དང་བུམ་པའི་སྟེང་གི་མི་རྟག་པ་གཉིས་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བཅོམ་པ་དང་བློས་ཆོས་གཞན་བསལ་ཡང་གཟུགས་དང་མི་རྟག་པ་སོགས་སུ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། དོན་དམ་བདེན་པ། དོན་དམ་པར་གྲུབ་པ། དོན་དམ་པར་ཡོད་པ། རྫས་སུ་ཡོད་པ་རྣམས་དོན་གཅིག དེ་ལྟར་ཡང་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར།

 

                གཉིས་པ་མདོ་སྡེ་པའི་ལུགས་ལ།

དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། ཀུན་རྫོབ་བདེན་པ་ལ་དབྱེ་ན། རྣམ་པ་ཐམས་ཅད་པའི་རྟག་པ་དང༌། རེ་འགའ་བའི་རྟག་པ་གཉིས་ཡོད། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པར་བྱ་སྟེ། རང་གི་འབྲས་བུ་སྐྱེད་པའི་དོན་བྱེད་མི་ནུས་པའི་ཕྱིར་དང༌། སྤྱི་མཚན་དུ་རྟོགས་བྱར་དམིགས་པའི་ཕྱིར་དང༌། རང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར་དང༌། རང་རྒྱུ་བརྡ་དྲན་ལ་ལྟོས་པའི་བློའི་ཡུལ་ཡིན་པའི་ཕྱིར། སྒྲ་བཤད་ནི། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་ཏེ། བློ་ཀུན་རྫོབ་པ་རང་བཞིན་འདྲེས་པའི་སྣང་ངོར་བདེན་པའི་ཕྱིར། ཀུན་རྫོབ་བདེན་པ། རྟག་པ། སྤྱི་མཚན་རྣམས་དོན་གཅིག དོན་དམ་པར་དོན་བྱེད་ནུས་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་ལྟ་བུ། དོན་དམ་བདེན་པ་ལ་དབྱེ་ན། གཟུགས། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད། བུམ་པ་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། རང་གི་འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པའི་ཕྱིར་དང༌། རང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་མ་ཡིན་པའི་ཕྱིར་དང༌། རང་མཚན་དུ་རྟོགས་བྱར་དམིགས་པའི་ཕྱིར་དང༌། རང་རྒྱུད་བརྡ་དྲན་ལ་ལྟོས་པའི་བློའི་ཡུལ་མ་ཡིན་པའི་ཕྱིར། སྒྲ་བཤད་ནི། བུམ་པ་ཆོས་ཅན། དོན་དམ་བདེན་པ་ཡིན་ཏེ། བློ་དོན་དམ་པ་རང་མཚན་ལ་མ་འཁྲུལ་བའི་མངོན་སུམ་གྱི་སྣང་ངོར་བདེན་པའི་ཕྱིར། དོན་དམ་བདེན་པ། རང་མཚན། དངོས་པོ་རྣམས་དོན་གཅིག དེ་ལྟར་ཡང་རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་སོ།

 

                གསུམ་པ་སེམས་ཙམ་པའི་ལུགས་ལ།

རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་མ་གྲུབ་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་དང་གང་ཟག་གི་བདག་མེད་ལྟ་བུ། གང་ཟག་གི་བདག་མེད་ཀུན་རྫོབ་བདེན་པ་ཡིན་ཏེ། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུར་ཁོ་ན་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་བདེན་པ་ལ་དབྱེ་ན། གཞན་དབང་དང་ཀུན་བཏགས་གཉིས་ལས། རང་རྒྱུ་ལས་སྐྱེས་པ། གཞན་དབང་གི་མཚན་ཉིད། དཔེར་ན། སྔོན་པོ་ལྟ་བུ། དབྱེ་ན་དག་པའི་གཞན་དབང་དང་མ་དག་པའི་གཞན་དབང་གཉིས། རང་འཛིན་རྟོག་པས་བཏགས་ཙམ། ཀུན་བཏགས་ཀྱི་མཚན་ཉིད། དཔེར་ན། གཟུང་འཛིན་རིག་གསུམ་ཐ་དད་པའི་ཆ་དང༌། གང་ཟག་གི་བདག་མེད་ལྟ་བུ། དབྱེ་ན། རྣམ་གྲངས་པའི་ཀུན་བཏགས་དང༌། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་གཉིས་ཡོད། ཡང་ཀུན་རྫོབ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། བཏགས་པའི་ཀུན་རྫོབ། ཤེས་པའི་ཀུན་རྫོབ། བརྗོད་པའི་ཀུན་རྫོབ་དང་གསུམ་ཡོད། སྒྲ་བཤད་ནི། བུམ་པ་དང་གང་ཟག་གི་བདག་མེད་གཉིས་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བློ་ཀུན་རྫོབ་པ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ངོར་བདེན་པའི་ཕྱིར། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། གཞིའི་ཆོས། འཇོག་ཚུལ་དང་པོའི་ཀུན་རྫོབ། རྫུན་པ་དང་བསླུ་བའི་ཆོས། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་རྣམས་དོན་གཅིག རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྲུབ་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་ཕྱི་རོལ་དོན་གྱིས་སྟོང་པའི་སྟོང་པ་ལྟ་བུ། དོན་དམ་བདེན་པ་ལ་དབྱེ་ན། སྟོང་ཉིད་བཅུ་དྲུག་དང་ཉི་ཤུ་ཡོད། དོན་དམ་བདེན་པ་དང་ཡོངས་གྲུབ་དོན་གཅིག་ལ། རང་ཉིད་ལ་དམིགས་ནས་གོམས་ན་ཤེས་སྒྲིབ་མཐའ་དག་ཟད་པར་འགྱུར་བའི་དམིགས་པ་མཐར་ཐུག  ཡོངས་གྲུབ་ཀྱི་མཚན་ཉིད། དཔེར་ན། སྔོན་པོ་ཕྱི་རོལ་དོན་སྟོང་ལྟ་བུ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས། དང་པོ་དང༌། ཡོངས་གྲུབ་དང༌། འཇོག་ཚུལ་དང་པོའི་དོན་དམ། དོན་དམ་བདེན་པ་རྣམས་དོན་གཅིག མཚན་གཞི་ནི། གཟུགས་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལྟ་བུ། ཕྱི་མ་ནི་གཉིས་སྣང་དང་བྲལ་བའི་མཉམ་བཞག་ལྟ་བུ། གང་ཟག་གི་བདག་མེད་ཡོངས་གྲུབ་མ་ཡིན་པ་སྔར་བཤད་པས་ཤེས་སོ། །ལུགས་འདི་ལ་གཞན་དབང་དང་ཡོངས་གྲུབ་གཉིས་རང་མཚན་དང༌། ཀུན་བཏགས་སྤྱི་མཚན་ཡིན་ནོ། །སྒྲ་བཤད་ནི། བུམ་པ་ཕྱི་རོལ་དོན་སྟོང་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བློ་དོན་དམ་པ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་བདེན་པའི་ཕྱིར། དེ་ལྟར་ཡང་ཆོས་ཉིད་རྣམ་འབྱེད་ལས། འདི་དག་ཐམས་ཅད་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཆོས་དང་དེ་བཞིན་ཆོས་ཉིད་ཀྱིས། །ཐམས་ཅད་བསྡུས་པ་ཉིད་ཕྱིར་རོ། །ཞེས་གསུངས།

 

                བཞི་པ་དབུ་མ་པའི་ལུགས་ལ་གཉིས་ལས།

དང་པོ་རང་རྒྱུད་པའི་ལུགས་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་གང་ཞིག དེ་རང་ཉིད་ལ་ལྟོས་ཏེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ། རང་ཉིད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། དཔེར་ན། བུམ་པ་དང་ཤེས་བྱ་ལྟ་བུ། དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས། ཀུན་རྫོབ་བདེན་པ་གང་ཞིག རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་དུ་མ་གྲུབ་པར་འཇིག་རྟེན་རང་དགའ་བས་རྟོགས་མི་ནུས་པ་དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དཔེར་ན། བུམ་པ་དང་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། དེ་གང་ཞིག རང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་མ་གྲུབ་པར་འཇིག་རྟེན་རང་དགའ་བས་རྟོགས་ནུས་པ་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། དཔེར་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དང༌། སྒྱུ་མའི་དཔེ་བདུན་ལྟ་བུ། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་གྱི། གནས་ཚོད་ལ་བརྫུན་པ་ཡིན་པའི་ཕྱིར། སྟོང་ཉིད་མ་ཡིན་པའི་ཆོས་དང་ཀུན་རྫོབ་བདེན་པ་དོན་གཅིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་གང་ཞིག དེ་རང་ཉིད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མར་སོང་བ། རང་ཉིད་དོན་དམ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་བདེན་སྟོང་ལྟ་བུ། དོན་དམ་བདེན་པ་ལ། སྟོང་གཞི་ཆོས་ཅན་གྱི་སྒོ་ནས་ཕྱེ་ན། སྟོང་ཉིད་ཉི་ཤུ། བཅྭོ་བརྒྱད། བཅུ་དྲུག བཞི་རྣམས་སུ་ཡོད་དོ། །བུམ་པ་བདེན་སྟོང་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བློ་དོན་དམ་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པའི་ཕྱིར། དོན་དམ་བདེན་པ་དང་སྟོང་ཉིད་དོན་གཅིག དེ་ལྟར་ཡང༌། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང༌། དབུ་མ་སྙིང་པོ་ལས། བདེན་པ་གཉིས་ལ་ཉེར་བརྟེན་ནས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དོན་དམ་ཉིད་ཀྱི་བདེན་པའོ། །ཞེས་དང༌། བདེན་གཉིས་ལས། ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལས། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་གསུངས་སོ།

 

                གཉིས་པ་ཐལ་འགྱུར་བའི་ལུགས་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་གང་ཞིག དེ་རང་ཉིད་ལ་ལྟོས་ཏེ་ཐ་སྐད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན། བུམ་པ་དང་བུམ་པ་རྟོག་པས་བཏགས་ཙམ་ལྟ་བུ། ཕྱི་མ་འདི་ཀུན་རྫོབ་བདེན་པ་ཡིན་ཏེ། དེ་ཐ་སྙད་ཕྲ་མོ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་ལ་དབྱེ་ན། བུམ་པ་སོགས་ཤེས་བྱ་ཐ་སྙད་པ། བུམ་འཛིན་རྟོག་པ་སོགས་ཤེས་པ་ཐ་སྙད་པ། བུམ་པའི་མིང་སོགས་རྗོད་བྱེད་ཐ་སྙད་པ་རྣམས་ཡོད་དོ། །ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་ཀུན་རྫོབ་དང༌། དེ་ལ་ལྟོས་པའི་ལོག་པའི་ཀུན་རྫོབ་གཉིས་ཡོད། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ལ་མ་ལྟོས་པར་ཐ་སྙད་པའི་ཚད་མ་ཁོ་ནས་ལོག་པར་འཇོག་མི་ནུས་པའི་ཀུན་རྫོབ་ཀྱི་རིགས་སུ་གནས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དཔེར་ན། གཟུགས་སོགས་དོན་ལྔ་དང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་ཤེས་ལྔ་ལྟ་བུ། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ལ་མ་ལྟོས་པར་ཐ་སྙད་པའི་ཚད་མ་ཁོ་ནས་ལོག་པར་འཇོག་ནུས་པའི་ཀུན་རྫོབ་ཀྱི་རིགས་སུ་གནས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། དཔེར་ན། སྒྱུ་མའི་དཔེ་བདུན་དང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་ཤེས་ལྔ་ལྟ་བུ། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པས་དེ་ལྟར་བརྗོད་པའི་ཕྱིར། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། བསླུ་བའི་ཆོས། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་རྣམས་དོན་གཅིག མཐར་ཐུག་དཔྱོད་པའི་ཚད་མའི་རྙེད་དོན་གང་ཞིག དེ་རང་ཉིད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་རིགས་སུ་གནས་པ། དོན་དམ་བདེན་པའི་མཚན་ཉིད། དཔེར་ན། བུམ་པའི་སྟོང་ཉིད་དང༌། མཐོང་ལམ་རྣམ་གྲོལ་ལམ་མཐོང་སྤང་གིས་དག་པའི་ཆ་ལྟ་བུ། ལུགས་འདིར་འགོག་བདེན་དོན་དམ་བདེན་པ་ཡིན་པས་དོན་དམ་བདེན་པ་ལ་ཆོས་ཉིད་དང༌། དེ་མ་ཡིན་པའི་འགོག་བདེན་གཉིས་སུ་ཡོད་ལ། དེས་ན་འགོག་བདེན་ཡིན་ན་ཆོས་ཉིད་ཡིན་པས་མ་ཁྱབ་ཀྱང༌། འགོག་བདེན་དང་ཆོས་ཉིད་ཀྱི་གཞི་མཐུན་ཡོད་དོ། །རང་རེའི་ཡིག་ཆར། འགོག་བདེན་ཁོ་རང་ཆོས་ཉིད་མ་ཡིན་པའི་སྒྲུབ་བྱེད་གསུངས་ཀྱི། འགོག་བདེན་ཡིན་ན་ཆོས་ཉིད་མ་ཡིན་པས་ཁྱབ་པ་མ་གསུངས་པ་དང༌། རྩ་འཇུག་གི་རྣམ་བཤད་གཉིས་སོགས་རྗེ་ཡབ་སྲས་ཀྱི་ལེགས་བཤད་རྣམས་ལས། འགོག་བདེན་དང་ཆོས་ཉིད་ཀྱི་གཞི་མཐུན་ཡོད་པར་གསུངས་ཀྱི། འགོག་བདེན་ཡིན་ན་ཆོས་ཉིད་ཡིན་པས་ཁྱབ་པ་མ་གསུངས་པས། རྗེ་ཡབ་སྲས་ཀྱི་ལེགས་བཤད་དང༌། རང་རེའི་ཡིག་ཆ་རྣམས་འགལ་མེད་ཀྱི་སྒོས་དངོས་ཟིན་རྣམས་སྒྲ་ཇི་བཞིན་པར་ཁས་བླང་བར་བྱའོ། །དོན་དམ་བདེན་པ་ལ་འགོག་བདེན་དང་དེ་མ་ཡིན་པའི་ཆོས་ཉིད་གཉིས་ཡོད་པས་ཆོས་ཉིད་དུ་གྱུར་པའི་དོན་དམ་བདེན་པ་ལ། རྒྱས་པར་ཕྱེ་ན། སྟོང་ཉིད་བཅུ་དྲུག འབྲིང་དུ་ཕྱེ་ན་སྟོང་ཉིད་བཞི། མདོར་བསྡུས་ན་བདག་མེད་གཉིས་རྣམས་ཡོད་དོ། །སྒྲ་བཤད་ནི། བུམ་པའི་ཆོས་ཉིད་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། ཁྱོད་དོན་དང་དམ་པ་ཡང་ཡིན། བདེན་པ་ཡང་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དོན་དམ་བདེན་པ། མི་བསླུ་བའི་ཆོས། སྣང་ཚུལ་དང་གནས་ཚུལ་མཐུན་པའི་ཆོས་རྣམས་དོན་གཅིག དེ་ལྟར་ཡང༌། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོགས་དང༌། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར།། ཞེས་སོགས་གསུངས། དེ་ལྟར་སྔར་བཤད་པའི་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་པ་ལ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་ཏེ། དབུ་མ་བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་དང༌། འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ཞེས་པ་ནས། རྒྱལ་བའི་ཡོན་ཏན་རྒྱ་མཚཱུའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པའི་ཕྱིར་རོ།

 

                གཉིས་པ་ཞར་བྱུང་བདེན་བཞིའི་རྣམ་གཞག་འབྲས་བློ་གླིང་མི་ཉག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་བཞིན་འགོད་པ་ནི། འཁོར་བའི་ཉེས་དམིགས་བསམ་པ་ལ་བརྟེན་ནས་སྡུག་བསྔལ་ལ་འབྲལ་འདོད་སྐྱེས་པ་ན། སྡུག་བསྔལ་རང་གི་ངོ་བོ་ཚེར་མ་འདོན་པ་ལྟར་སྤོང་དུ་མེད་པར་ཤེས་ནས། དེའི་རྒྱུ་ཡོད་དམ་མེད། ཡོད་ན་རྟག་གམ་མི་རྟག མེད་པ་འམ་རྟག་ན། འབྲས་བུ་སྡུག་བསྔལ་ཀྱང་གཏན་ནས་མེད་པ་འམ་རྟག་ཏུ་ཡོད་པར་འགྱུར་སྙམ་དུ་དཔྱད། དེ་ནས་རེས་འགའ་སྐྱེས་པའི་རྟགས་ཀྱིས་རྒྱུ་ཡོད་པ་དང༌། དེ་ཡི་རྒྱུ་འབྲས་མི་རྟག་པར་གྲུབ་ནས་རྒྱུ་དེ་ཇི་ལྟར་ཡིན་ན། བདག་འཛིན་ནི། སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་དེའི་རྒྱུའི་རྣམ་པ་དང༌། བདག་འཛིན་གྱིས་དྲངས་པའི་བདག་ལ་སྲེད་པ་དང༌། སྲེད་པ་དེས་དྲངས་པའི་བདག་བདེ་བར་སྲེད་པ་དང༌། དེ་དག་གིས་ཀུན་ནས་བསླངས་པའི་སྒོ་གསུམ་ཅི་རིགས་པའི་ལས་རྣམས་ནི། སྡུག་བསྔལ་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། དེའི་རྐྱེན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་ཡང་ནས་ཡང་དུ་སྐྱེད་བྱེད་སོགས་ཡིན་པའི་ཕྱིར། དེས་ན་སྡུག་བསྔར་དེ་ལས་ཉོན་གྱི་གཞན་དབང་ཅན་དུ་གྲུབ་པས་བདེན་པ་དང་པོའི་སྟེང་གི་སྡུག་བསྔལ་བའི་རྣམ་པ་གྲུབ་བོ། །འོ་ན་རྒྱུ་དེ་སྤོང་ནུས་སམ་མི་ནུས་བརྟགས་པ་ན། དགག་བྱ་བདག་འཛིན་གྱི་ཞེན་ཡུལ་ངོས་བཟུང༌། དེ་ནས་དགག་བྱ་དེ་ཆོས་ཅན། རང་བཞིན་གྱིས་མེད་དེ། གང་ཟག་གི་གདགས་གཞིའི་ཕུང་པོ་དང༌། ངོ་བོ་ཐ་དད་ཀྱིས་སྟོང་པ་གང་ཞིག ངོ་བོ་གཅིག་ཏུ་རང་མ་གྲུབ་པའི་ཕྱིར། འདིའི་རྟགས་སྔ་ཕྱི་གཉིས། སྟོང་པ་དང་བདག་མེད་པའི་རྣམ་པ་ཡིན་ཏེ། རྗེའི་ཚད་མའི་ལམ་བསྒྲིགས་ལས། རང་བཞིན་གཅིག་ཁེགས་པས། སྡུག་བསྔལ་གྱི་ཁྱད་ཆོས་བཞིའི་བདག་མེད་མ་གྲུབ་ལ། རང་བཞིན་ཐ་དད་ཁེགས་པས་ཁྱད་ཆོས་བཞིའི་སྟོང་པ་འགྲུབ་བོ། །དེ་རྟགས་སུ་བཀོད་ནས་འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་མེད་པར་བསྒྲུབ་པ་ཡིན་ནོ། །ཞེས་གསུངས། དེས་ན་དེ་ལ་བརྟེན་ནས་བདག་མེད་རྟོགས་ཤིང༌། དེས་བདག་འཛིན་སྤོང་ནུས་སུ་གྲུབ། དེ་གྲུབ་པ་ན་འབྲས་བུ་སྡུག་བསྔལ་འགོག་ནུས་པ་དང༌། དེའི་རྒྱུ་ཉོན་མོངས་མཐའ་དག་ཞི་ནུས་ཡིན་པ་དང༌། འགོག་ཞིའི་རྣམ་པ་དེ། སེམས་ལ་གནོད་པ་དང༌། གདུང་བའི་ལྡོག་ཕྱོགས་ཡིན་པའི་ཆ་ནས་ཕན་བདེའི་གྱ་ནོམ་པ་དང༌། སྡུག་བསྔལ་གཏན་དུ་ཟད་པའི་བྲལ་བར་ངེས་པ་ཡིན་ནོ། །དེ་ལྟ་བུའི་འགོག་བདེན་ཐོབ་པར་བྱེད་པའི་ཐབས་ཡོད་དེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ། ཐར་པར་བགྲོད་པའི་ལམ་དང༌། མི་རིགས་པ་ཉོན་མོངས་ཀྱི་གཉེན་པོར་རིགས་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་སྒྲུབ་སྟེ་རྟོགས་པ་དང༌། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་ཡིན་པའི་ཕྱིར། ལམ་བདེན་གྱི་ལམ་གྱི་རྣམ་པ་སོགས་ཡིན་ལ། གཞན་ལོག་ཞུགས་བཅུ་དྲུག་ལས། སྡུག་བདེན་གྱི་སྟེང་གི་མི་གཙང་བ་ལ་གཙང་བར་འཛིན་པའི་གཉེན་པོར་སྟོང་པའི་རྣམ་པ་གསུངས་པ་ནི་འདི་ལྟར་ཡིན་ཏེ། ཕྱི་རོལ་པ་རྣམས་ཀྱིས་བདག་དང་གང་ཟག་གི་བདག་ཀྱང་མེད་པ་དང༌། བདག་ཕུང་ངོ་བོ་ཐ་དད་ཁོ་ན་ཡིན་པས་ཕུང་པོ་མི་གཙང་བ་དང༌། བདག་གཙང་བའི་རང་བཞིན་ཅན་དུ་འདོད་ཅིང༌། རང་ལུགས་ལ་གང་ཟག་གི་བདག་ཕུང་པོ་དང་ངོ་བོ་ཐ་དད་དུ་གྲུབ་པ་ཁེགས་པས། དེས་བདག་མཐའ་གཅིག་ཏུ་གཙང་བར་འཛིན་པའི་ཞེན་ཡུལ་ཁེགས་ཏེ། བདག་ཕུང་ངོ་བོ་ཐ་དད་དུ་གྲུབ་པ་ཁེགས་པས། བདག་ཕུང་པོ་བཞིན་མི་གཙང་བར་འགྲུབ་པའི་ཕྱིར་ཏེ། བདག་ཕུང་པོ་དང་ངོ་བོ་གཅིག་ཏུ་གྱུར་པའི་འདུ་བྱེད་ཀྱི་ཕུང་པོར་འགྲུབ་པའི་ཕྱིར་ཞེས་པའི་དོན་ཏེ། པཎ་ཆེན་གྱིས་གཙང་བའི་བདག་དོན་གཞན་གྱིས་སྟོང་པའི་ཕྱིར་ཞེས་པའང་དེ་ཡིན་ནོ། །ཀུན་འབྱུང་བདེན་པའི་རྣམ་པ་གཉིས་ལས་སྡུག་བསྔལ་རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པའི་ལོག་ཞུགས་ཁེགས་ཚུལ། འབྲས་བུ་སྡུག་བསྔལ་སྣ་ཚོགས་དང༌། ཡང་ཡང་བྱུང་བའི་དོན་གྱིས་རྒྱུ་གཅིག་ཁོ་ནས་བྱས་པ་འགལ་ཏེ། སྡུག་བསྔལ་གྱི་རྒྱུ་གཅིག་ཁོ་ན་ཡིན་ན་སྡུག་བསྔལ་སྣ་ཚོགས་དང༌། ཡང་ཡང་འབྱུང་བ་འགལ་བས་སོ། རབ་སྐྱེའི་རྣམ་པས་རྟག་པ་རང་བྱུང་གི་དབང་ཕྱུག་སོགས་ཀྱི་བློ་ཡི་གཡོ་བ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་ཁེགས་ཏེ། སྡུག་བསྔལ་རབ་ཏུའམ་དྲག་ཏུ་འབྱུང་བ་ཡོད་པར་ངེས་པས། དེ་ཡི་རྒྱུ་མི་རྟག་པར་གོ་བར་འགྱུར་བའི་ཕྱིར་ཏེ། རྒྱུ་རྟག་པས་བྱས་པའི་འབྲས་བུར་ཤུགས་དྲག་ཞན་ཡོད་པ་འགལ་བའི་ཕྱིར་རོ། རྒྱུ་རྟག་ཀྱང་རྐྱེན་གྱིས་བསྒྱུར་བས་དྲག་ཞན་འབྱུང་བ་མི་འགལ་ལོ། ཞེ་ན། རྐྱེན་གྱི་རྣམ་པས། སྡུག་བསྔལ་གྱི་རྒྱུ་རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པ་ཁེགས་ཏེ། རྒྱུའི་རང་བཞིན་རྟག་པ་ཡིན་ན་རྟག་པ་ལ་ལྷན་ཅིག་བྱེད་རྐྱེན་གྱིས་གནས་སྐབས་མི་རྟག་པར་བསྒྱུར་བ་ནམ་ཡང་མི་སྲིད་པས་སོ། ལམ་བདེན་གྱི་སྒྲུབ་པའི་རྣམ་པས། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པའི་ལོག་ཞུགས་ཁེགས་ཚུལ་ནི། རྗེ་བླ་མས། རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞེས་སོགས་གསུངས་པ་ལྟར། བདག་མེད་མངོན་སུམ་དུ་རྟོགས་པའི་ཞི་གནས་དང་ཟུང་དུ་འབྲེལ་བའི་ལྷག་མཐོང་ཉིད་གྲོལ་བྱེད་ལམ་གྱི་གཙོ་བོར་ངེས་པ་ལས། རྩེ་གཅིག་པའི་འཇོག་སྒོམ་ཙམ་གྱིས་གྲོལ་ནུས་པ་ཁེགས་སོ། ཞེས་གསུངས་སོ།

 

                སྨྲས་པ། འདིར་འབད་དགེ་བའི་ལེགས་བྱས་མཐུས། །བདག་སོགས་ཡིད་ཅན་འགྲོ་བ་ཀུན། །བདེན་གཉིས་ཟུང་འཇུག་མྱུར་ལམ་ལ། །བརྟེན་ནས་སྒྲིབ་གཉིས་མྱུར་བྱང་ཤོག

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.