མཁན་པོ་ཕུན་ཚོགས་སྤྲུལ་སྐུ།

༡༽ སྐབས་དོན་འཚོལ་བའི་དགོས་པ་རྒྱུ་མཚན་བཅས་སྔོན་གླེང་གི་རིམ་པ།

                དུས་རབས་ཉི་ཤུ་པའི་ནང་གངས་ཅན་འགྲོ་བའི་ལྷ་གཅིག་ཕྱག་ན་པདྨོའི་ཐུགས་རྗེ་དང་བཀའ་དྲིན་གྱི་མཛད་རླབས་ཁོ་ནར་བརྟེན། གོ་ལ་ཧྲིལ་པོ་འདིར་ལྷན་དུ་འཚོ་བའི་འགྲོ་བ་སྤྱིའི་ཕན་གནོད་དང༌། ལྷག་པར་ནང་སེམས་ཀྱི་བདེ་སྐྱིད་དང་འབྲེལ་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་འཕེལ་ཕྱོགས་རྒྱལ་མཚམས་མང་པོར་བརྒལ་བ་དང་ལྷན། བོད་དུ་དར་བའི་ཆོས་བརྒྱུད་ཆེན་པོ་བཞི་ནང་ཕན་ཚུལ་བར་འབྲེལ་ལམ་དང༌། ལྟ་སྤྱོད་མཐར་ཐུག་གི་དགོངས་དོན་གཅིག་ཏུ་གྲུབ་ཚུལ་སོགས་ཀྱི་ཐད་སྒོ་གང་ས་ནས་ཇེ་རྒྱས་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང༌། ཆོས་བརྒྱུད་དེ་དག་གི་ལྟ་བའི་འབབ་སྟེགས་གཅིག་ཏུ་གྲུབ་ཚུལ་ཇི་བཞིན་མ་ཤེས་ཚེ། ཆོས་བརྒྱུད་རིས་མེད་ཅེས་པའི་ཚིག་དེ་བརྒྱ་སྟོང་བགྲངས་ཀྱང་མིང་དོན་མཚུངས་པ་ཞིག་ཡོང་དཀའ་བར་བརྟེན། སྔར་ལོ་རྒྱུས་ཀྱི་བྱུང་བའི་ཁྲོད་བཞག་པའི་ཆོས་བརྒྱུད་ནང་ཁུལ་འཐེན་འཁྱེར་གྱི་བག་ཆགས་ངན་པ་དེ་འབྱུང་འགྱུར་ཡང་ཅུང་ལྷག་མི་སྲིད་པ་ཞིག་མིན།

 

དེས་ན་ངེས་པར་ཤེས་དགོས་པ་ཞིག་ནི། ཆོས་བརྒྱུད་དེ་དག་གི་མཐར་ཐུག་གི་ལྟ་བ་གཅིག་ཏུ་གྲུབ་ཚུལ་ཡང་སྐྱེས་བུ་སྒེར་གྱི་ཆོས་དང་ཆབ་སྲིད་ཀྱི་ཁེ་ཕན་ཞིག་དང་འབྲེལ་ནས་གསར་དུ་བསྒྲུབས་པ་ཞིག་མིན་པར། དོན་དངོས་ལུང་རིགས་ཀྱི་རྒྱབ་རྟེན་ཚད་མ་དང༌། རིས་མེད་གྲུབ་དབང་གོང་མ་དག་གིས་ལྟ་བའི་མྱོང་བཤད་ཁག་ལས་ཡིད་ཆེས་དང་ངེས་པ་སྐྱེ་དགོས་མོད། འོན་ཀྱང་ལྟ་བ་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་དང་ཁས་ལེན་འཛིན་མཚམས་ཀྱི་སྒྲས་ཟིན་མི་འདྲ་བའི་ཁྱད་པར་ཆེས་མང་དུ་མཆིས་པར་བརྟེན། མཐར་ཐུག་གི་ལྟ་བའི་འབབ་སྟེགས་གཅིག་ཏུ་འཚོལ་བར་ཐུགས་སྣང་དང་དཔྱད་ཞིབ་མཛད་མཁན་ཞིག་ཡིན་ཕྱིན། ྋལྷ་གཅིག་ཕྱག་ན་པདྨོ་མཆོག་གིས། ང་ཚོས་མཐུན་ཕྱོགས་རྐྱང་རྐྱང་ནས་བཤད་བསྡད་པ་ཙམ་མིན་པར། སྔོན་ལ་མི་མཐུན་པའི་ཕྱོགས་དེ་དག་གསལ་པོ་ཤེས་པར་བྱས། དེ་ནས་གང་ཞིག་ནས་མི་མཐུན་པའི་ཚུལ་བཙལ་ཏེ། མཁས་དབང་ཕན་ཚུན་དབར་དགག་གཞག་མཛད་པའི་དགོངས་པ་བཞེས་ཕྱོགས་ལ་ཞིབ་བསྡུར་གྱིས་དགོས་པ་རྒྱུ་མཚན་གང་ཞིག་ལ་ཐུག་མིན་འཚོལ་རྒྱུ་ཆེས་གལ་ཆེ་ཞིང༌། དེ་རྗེས་མཐར་ཐུག་གི་དགོངས་པ་འབབ་ས་གང་ཡིན་ཤེས་པ་ཞིག་བྱུང་ན་ཕན་ཐོགས་ཡོད། ཅེས་གསུངས་པ་བཞིན། དགག་བྱ་ངོས་འཛིན་གྱིས་མཚོན་གནད་མང་པོ་ཞིག་ལ་མཁས་གྲུབ་གོང་མ་རྣམས་ཀྱིས་ཕན་ཚུན་དགག་གཞག་གི་རིགས་ལམ་འདྲ་མིན་ཞིག་མཛད་པར་སྣང་ནའང༌། དེ་ནི་དཔེར་ན་གནས་ངེས་ཅན་ཞིག་ཏུ་འགྲོ་བར་ལམ་བུ་མི་འདྲ་བའི་ཁྱད་པར་ཡོད་པ་བཞིན་ལྟ་བ་གཏན་ལ་འབེབས་ཚུལ་གྱི་རྣམ་གཞག་མི་འདྲ་བ་ཙམ་ལས། མཐར་ཐུག་གི་གྲུབ་དོན་གཅིག་ཏུ་སོང་ལུགས་རྟོགས་དགོས་པ་ཆེས་གལ་ཆེ། ཁས་ལེན་འཛིན་མཚམས་མི་འདྲ་བ་དེ་བཞིན་གང་ཞིག་རང་གི་རྨོངས་བློར་འཚམས་མིན་གྱི་རྟོག་འཆར་རེ་ཡོད་ཀྱང༌། འདིར་མཐུར་ཐུག་གི་ལྟ་བ་གཅིག་ཏུ་འབབ་ལུགས་དེ་སྐབས་དོན་འཚོལ་བ་དངོས་ཡིན། སྤྱིར་མདོ་རྒྱུད་གང་གི་སྐབས་སུ་ཡང་ཀུན་རྫོབ་དང་དོན་དམ་གྱི་རྣམ་གཞག་འཇོག་ཚུལ་སོགས་བཞེད་ཕྱོགས་མི་འདྲ་བ་མང་དུ་མཆིས་ཀྱང༌། འདིར་ཆོས་རྗེ་ས་པཎ་གྱིས། ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་རིམ་པ་ཡོད་མོད་ཀྱི། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཅེས་གསུངས་པ་ལྟར་མདོ་སྔགས་ཐུན་མོང་གི་ལྟ་བ་གཏན་ལ་འབེབས་སྐབས་ཀྱི་དཀའ་གནད། བདེན་སྟོང་ཙམ་དོན་དམ་མཐར་ཐུག་ཏུ་འདོད་མིན་དང༌། གཞི་དེའི་སྟེང་དུ་དགག་བྱ་བདེན་གྲུབ་ཁེགས་ཚེ་གཞི་དེ་ཁེགས་དགོས་མིན། ཐ་སྙད་ཚད་གྲུབ་ཁས་ལེན་མིན་བཅས་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པར་བྱེད་ལ། དེ་ལ་ཡང་ཆོས་བརྒྱུད་རང་རང་གི་སློབ་དཔོན་རྣམ་པའི་ནང་ཁུལ་གྱི་བཞེད་མཚམས་མི་འདྲ་བ་ཡོད་ཀྱང་འདིར་སྔ་འགྱུར་པའི་མཁས་པའི་དབང་པོ་འཇུ་མི་ཕམ་པ་དང༌། ས་སྐྱ་པའི་ཀུན་མཁྱེན་གོ་རམས་པ།  བཀའ་བརྒྱུད་པའི་ཀརྨ་པ་མི་བསྐྱོད་རྡོ་རྗེ། དགེ་ལྡན་པའི་རྗེ་ཡབ་སྲས་སོགས་ཀྱི་བཞེད་པ་གཙོར་བཟུང་གིས་བསྡུས་ཏེ་འཆད་ཁུལ་བགྱིའོ།

 

༢༽ ལུགས་སོ་སོའི་གཞུང་ཚིག་དང་འབྲེལ་ནས་བཞེད་ཕྱོགས་གསལ་བར་བཀོད་པའི་རིམ་པ།

ཀ༽ དགག་བྱ་བདེན་པར་གྲུབ་པ་བཀག་ཙམ་གྱི་མེད་དགག་དེ་སྟོང་ཉིད་ཕྲ་མོར་འདོད་མིན་སྐོར་བཤད་པ།

                འཇུ་མི་ཕམ་པ་ཆེན་པོའི་དབུ་མ་རྒྱན་གྱི་རྣམ་བཤད་དུ། དེ་ལྟར་ཡོད་མེད་ཀྱི་ཟླས་ཕྱེ་བའི་དགག་བྱ་བདེན་གྲུབ་བཀག་པའི་མེད་རྐྱང་འདི་ནི་ངེས་པའི་དོན་དུ་ཐ་སྙད་དམ་ཀུན་རྫོབ་ཏུ་གཏོགས་པ་ཡིན་གྱི་གནས་ལུགས་མཐར་ཐུག་པ་མ་ཡིན་ཀྱང༌། དམ་པའི་དོན་ནམ་གནས་ལུགས་མཐར་ཐུག་པའི་དོན་དམ་མཚན་ཉིད་པ་དེ་དང་མཐུན་པའི་ཕྱིར། འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་བདེན་ཡོད་ཀྱི་ལྡོག་ཕྱོགས་བདེན་མེད་རྐྱང་པ་འདི་ལའང་དམ་པའི་དོན་ཞེས་བྱ་བར་བརྗོད་ནའང༌། རྣམས་གྲངས་པའི་དོན་དམ་མམ་བཏགས་པ་བ་ཡིན་ནོ། ཞེས་དང༌། བརྒལ་ལན་ཉིན་བྱེད་སྣང་བར་ཡང༌། ཆོས་ཅན་སོ་སོའི་སྟེང་ན་བདེན་གྲུབ་བཅད་ཙམ་གྱི་ལྡོག་ཆ་དེ་དོན་དམ་ཙམ་ཡིན་ཀྱང་དོན་དམ་མཐར་ཐུག་པ་མིན་ཏེ། ཞེས་གསུངས། དེ་བཞིན་དུ་ཀུན་མཁྱེན་གོ་རམས་པ་ཆེན་པོའི་ལྟ་བའི་ཤན་འབྱེད་དུ། འོ་ན་སྐབས་འགའ་ཞིག་ཏུ་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་དོན་དམ་བདེན་པར་གསུངས་པ་དང༌། སློབ་དཔོན་ཟླ་བས་རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་བདེན་པར་འཛིན་པའི་བློ་ལ་ལྟོས་ནས་བདེན་མེད་རྟོགས་པས། དེའི་ཡུལ་ལ་དོན་དམ་པར་འཇོག་པ་རྣམ་གྲངས་པའི་དོན་དམ་བདེན་པ་ཞེས་བཏགས་པ་བར་འཇོག་གོ། ཞེས་དང༌། ལྟ་བའི་ཤན་འབྱེད་དང་དབུ་མ་ངེས་དོན་རབ་གསལ་གཉིས་ཀར། བདེན་པས་སྟོང་པའི་སྟོང་པ་ཁོ་ནར་བཟུང་བ་དབུ་མའི་ལྟ་བ་མཐར་ཐུག་རྟོགས་པར་བྱས་ནས། དེ་དགག་ཏུ་མི་རུང་བ་འདོད་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་རྣམ་གྲངས་དུ་མས་སྨད་ཅིང༌། རྣལ་འབྱོར་ཆེན་པོའི་སྐབས་སུ་རྩ་ལྟུང་བཅུ་གཅིག་པར་འགྱུར་བར་གསུངས་པ་སོགས་རབ་ཏུ་མང་པོ་ཡོད་ཀྱང་སྐབས་འདིར་མ་སྤྲོས་སོ། ཞེས་གསུངས། ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་དྭགས་བརྒྱུད་གྲུབ་ཆེན་དུ། དེས་ན་རྣམ་གྲངས་མིན་པའི་ཟབ་མོ་སྟོང་པ་ཉིད་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་ནི་དཔྱད་བཟོད་པ་དང་མི་བཟོད་པ་གཉིས་ཀས་དབེན་ཞིང༌། དེར་བརྗོད་པ་དང་བྲལ་ཡང་རྣམ་གྲངས་པའི་ཟབ་མོ་སྟོང་པ་ཉིད་དོན་དམ་པ་འཇིག་རྟེན་པའི་རིགས་ཤེས་ཚད་མའི་ཡུལ་དུ་གྱུར་པ་དེ་ནི་འགའ་ཡང་དཔྱད་བཟོད་པ་ཅན་མ་ཡིན་ཀྱང༌། ཞེས་སོགས་བདེན་སྟོང་ཙམ་དེ་རྣམ་གྲངས་པའི་དོན་དམ་དང་དོན་དམ་བཏགས་པ་པར་གསུངས། རྗེ་ཡབ་སྲས་ཀྱིས་ནི། ལྷག་མཐོང་ཆེན་མོར། མདོར་ན་རང་བཞིན་མེད་པའི་སྟོང་ཉིད་ནི་སྟོང་པ་ཉིད་དམ་པ་མ་ཡིན་ནོ་ཞེས་སྨྲ་ཞིང་དེ་འགོག་ན་ཤེར་ཕྱིན་སྤངས་པའི་ཆོས་སྤོང་གིས་ངན་འགྲོར་འགྲོ་ལ། ཞེས་དང༌། རྒྱལ་ཚབ་རྗེའི་བདེན་གཉིས་ལྟ་ཁྲིད་ལས། དོན་དམ་བདེན་པ་འཇལ་བའི་ཡུལ་ཅན་ལ། རྣམ་གྲངས་པའི་དོན་དམ་པ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཡོད་པའི་དབང་གིས་དོན་དམ་བདེན་པ་ལ་ཡང་བློ་ངོ་ལ་ལྟོས་ནས་གཉིས་སུ་དབྱེ་བ་ཡིན་གྱི། རིགས་ཤེས་རྗེས་དཔག་གི་གཞལ་བྱར་གྱུར་པའི་མྱུ་གུ་བདེན་མེད་ལྟ་བུ་རྣམ་གྲངས་པའི་དོན་དམ་བདེན་པ་ཡིན་གྱི། དོན་དམ་བདེན་པ་མཚན་ཉིད་པ་མ་ཡིན་པར་སྨྲ་བ་ནི་རྣམ་པ་ཐམས་ཅད་དུ་མི་རིགས་པར་ཤེས་པར་བྱའོ། དེས་ན་རིགས་ཤེས་རྗེས་དཔག་དེས་བདེན་པའི་སྤྲོས་པ་ཆོད་ཀྱང་རྟགས་ཀྱི་དགག་བྱ་སྣང་བ་དང༌། དོན་དམ་བདེན་པ་གཉིས་སུ་སྣང་བས་སྤྲོས་པ་མ་ཆོད་པས་རྣམ་གྲངས་པའི་དོན་དམ་པ་ཞེས་བྱ་ལ། འཕགས་པའི་མཉམ་གཞག་གི་ངོར་སྤྲོས་པ་དེ་དག་རྣམ་པ་ཐམས་ཅད་དུ་ལོག་པས་རྣམ་གྲངས་མ་ཡིན་པའི་དོན་དམ་པ་ཞེས་བྱའོ། དེས་ན་དོན་དམ་བདེན་པ་བློ་ངོ་གཉིས་ལ་ལྟོས་ནས་རྣམ་གྲངས་པ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཞེས་བྱའོ། ཞེས་སོགས་རྗེ་ཡབ་སྲས་རྣམས་ཀྱིས་སྔར་གྱི་སློབ་དཔོན་རྣམས་དང་མི་འདྲ་བར་བདེན་གྲུབ་བཀག་པའི་མེད་དགག་དེ་སྟོང་ཉིད་ཕྲ་མོར་བཞེད་དོ།

 

ཁ༽ གཞི་གང་ཞིག་གི་སྟེང་དུ་དགག་བྱ་བདེན་གྲུབ་ཁེགས་པའི་ཚེ་གཞི་དེ་ཁེགས་དགོས་མིན་སྐོར་བཤད་པ།

                འཇུ་མི་ཕམ་པ་ཆེན་པོའི་ངེས་ཤེས་སྒྲོན་མེར། ཀ་བ་ཀ་བའི་བདེན་གྲུབ་གཉིས། །གཅིག་ན་གཅིག་ཁེགས་གཅིག་ཀྱང་ཁེགས། །གཞན་ན་ཀ་བ་མ་ཡིན་པའི། །བདེན་གྲུབ་ཁེགས་ཀྱང་ཀ་བ་ནི། །གང་གིས་མི་སྟོང་དཔྱད་བཟོད་འགྱུར། །ཞེས་དང༌། རང་ནི་རང་གིས་མི་སྟོང་ན། །རང་ཡོད་བཞིན་དུ་གཞན་གྱིས་སྟོང༌། །དགག་བྱ་གཞན་དུ་མེད་གྱུར་ན། །རང་གིས་མི་སྟོང་ཁས་ལེན་འགལ། །ཞེས་སོགས་གསུངས། ཀུན་མཁྱེན་གོ་རམས་པའི་དབུ་མ་ངེས་དོན་རབ་གསལ་དུ། དེ་ལྟ་མ་ཡིན་ན་སྣང་བའི་སྟེང་དུ་བདེན་པར་ཡོད་མེད་རྩོད་པའི་ཚེ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་སྣང་བ་ཡོད་པར་འགྱུར་ཏེ། དེའི་ཚེ་སྣང་བའི་སྟེང་དུ་བདེན་པ་ཙམ་འགོག་གི་སྣང་བ་མི་འགོག་པར་ཁས་བླངས་པའི་ཕྱིར། འདོད་ན། ཐལ་འགྱུར་བའི་ལུགས་ལས་ཉམས་སོ། ཞེས་དང༌། གང་དག་རིགས་པས་དཔྱད་པའི་ཚེ་སྣང་བ་མི་འགོག་བདེན་པ་འགོག་ཅེས་འདོད་པ་ནི། ཤིང་རྟ་ཉིད་ཤིང་རྟའི་ཡན་ལག་ལ་དཔྱད་པའི་ཚེ་མ་རྙེད་པ་ཉིད་ལ་ཤིང་རྟ་བདེན་པ་འགོག་པར་བཞག་པའི་དོན་མ་རྟོགས་པའོ། ཞེས་སོགས་གསུངས། ཀརྨ་པ་མི་བསྐྱོད་རྡོ་རྗེའི་དྭགས་བརྒྱུད་གྲུབ་ཆེན་དུ། མདོར་ན་ཤར་ཙོང་ཁ་པ་ཆེན་པོས་ཐལ་འགྱུར་བའི་ལུགས་སུ་གང་ཟག་གི་བདག་མེད་སྨྲ་བ་ན། ལྷན་སྐྱེས་ཀྱིས་བཟུང་བའི་བདག་ལས་འབྲས་ཀྱི་རྟེན་དུ་འགོག་བྱ་མིན་ཞེས་པ་ནི། དེ་འདྲའི་བདག་ཡོད་ན་བདག་མེད་རྟོགས་པའི་ཤེས་རབ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་འགྱུར་བ་དང༌། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་དོན་ལ་མ་འཁྲུལ་བར་འགྱུུར་བ་དང༌། རང་ཡང་ཆོས་ཐམས་ཅད་བདག་མེད་དུ་སྨྲ་བ་དང་ཡང་འགལ་བའི་ཕྱིར་རོ། ཞེས་གསུངས། རྗེ་བླ་མའི་ལྷག་མཐོང་ཆེན་མོར། དེ་བཞིན་དུ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཡོད་ན་རྙེད་པར་ངེས་པའི་དབུ་མ་པའི་རིགས་པས་བཙལ་བ་ན་སྐྱེ་བ་མ་རྙེད་པ་དེས་རང་བཞིན་ནམ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཁེགས་པ་ཡིན་གྱི། སྐྱེ་བ་ཙམ་ཇི་ལྟར་ཁེགས། ཞེས་དང༌། གཟུགས་ལ་སོགས་པའི་སྐྱེ་འགག་རྣམས་ཀྱང་ཐ་སྙད་པའི་ཤེས་པས་འགྲུབ་པ་ཡིན་གྱི། དེ་དག་ཡོད་ཀྱང་རིགས་ཤེས་ཀྱིས་མི་འགྲུབ་པས་དེས་མ་རྙེད་པས་དེ་དག་ཇི་ལྟར་ཁེགས་ཏེ༑ དཔེར་ན། མིག་གི་ཤེས་པས་སྒྲ་མ་རྙེད་ཀྱང་དེས་མི་ཁེགས་པ་བཞིན་ནོ། ཞེས་སྔ་མ་རྣམས་ཀྱིས་གཞི་དེའི་སྟེང་དུ་བདེན་གྲུག་འགོག་པའི་རིགས་པས་གཞི་དེ་ཁེགས་པར་བཞེད་པ་དང་རྗེ་ཡབ་སྲས་ཀྱིས་མི་ཁེགས་པར་གསུངས།

 

ག༽ དབུ་མ་པ་ལ་ཁས་ལེན་ཡོད་མེད་དམ་ཐ་སྙད་ཚད་གྲུབ་ཁས་ལེན་མིན་བཅས་བཤད་པ།

                འཇུ་མི་ཕམ་པའི་ངེས་ཤེས་སྒྲོན་མེར། དེས་ན་དབུ་མ་ཆེན་མོ་ལ། །ཁས་ལེན་མེད་པ་རང་གི་ལུགས། །ཞེས་དང༌། དེས་ན་རང་གི་བཞེད་པ་ལ། །དོན་དམ་གནས་ལུགས་གཞལ་བའི་ཚེ། །གཤིས་ལ་ཅིར་ཡང་མ་གྲུབ་ལྟར། །ཁས་ཀྱང་ཅི་ཞིག་ལེན་པར་བྱེད། །དེ་ཕྱིར་གྲུབ་མཐའ་གནས་ལུགས་ཀྱི། །ཁས་ལེན་ཡིན་ཕྱིར་རྩོད་སོགས་ཚེ། །གཤིས་བཞིན་ཁས་ལེན་ཅི་ཡང་མེད། །ཅེས་པའི་ཚིག་ཟིན་ལ་ལེགས་པར་མ་བརྟགས་ན། དབུ་མ་པ་ལ་ཁས་ལེན་མེད་པ་ལྟ་བུ་ཞིག་གསུངས་ཀྱང༌། ཐ་སྙད་ཚད་གྲུབ་ཁས་ལེན་མིན་ཐད། དེ་ཉིད་ཀྱི་བརྒལ་ལན་ཉིན་བྱེད་སྣང་བར། ཐ་སྙད་དཔྱོད་པའི་ངོར་ཡུལ་རང་གི་ངོ་བོས་གྲུབ་པར་སྣང་ཡང་དེས་ཡུལ་དེ་བདེན་གྲུབ་ཏུ་ག་ལ་འགྱུར་ཏེ། ཐ་སྙད་ཚད་མས་གྲུབ་པ་འཐད་དགོས་ལ། དེ་ཐ་སྙད་དཔྱོད་བྱེད་ཀྱི་ངོར་ཡང་མ་གྲུབ་ན་གང་དུའང་གྲུབ་པར་མི་འགྱུར་རོ། ཞེས་དང༌། དེས་ན་ཐ་སྙད་ཚད་མས་གྲུབ་ཚུལ་ཡང་མ་དཔྱད་མ་བརྟགས་པའི་འཇིག་རྟེན་གྱི་ངོར་གྲུབ་ཀྱི་བརྟགས་ཤིང་དཔྱད་ན་གྲུབ་པར་མི་འགྱུར་རོ། ཞེས་སོགས་དང༌། ཤེར་འགྲེལ་ཀེ་ཏ་ཀར། སྣང་བའི་དངོས་པོ་ཙམ་ལ་ཡོད་མེད་དུ་རྩོད་པ་མིན་ཏེ་སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་དོ། ཞེས་སོགས་དང༌། དབུ་མ་རྒྱན་གྱི་རྣམ་བཤད་དུ། དེས་ན་ཐ་སྙད་ཚད་གྲུབ་འདོད་པའི་ལུགས་ལ་བདེན་གཉིས་ཕྱེ་སྟེ་སྨྲ་ཞིང༌། མ་ཕྱེས་པར་དཔྱད་ཙམ་གྱིས་དོན་དམ་དཔྱོད་པར་མི་འགྲོ་བའི་ཚུལ་ཤེས་པར་བྱའོ། ཞེས་སོགས་ཐ་སྙད་ཙམ་གྲུབ་བམ་སྣང་ཙམ་མྱོང་ཙམ་དེ་ཐལ་འགྱུར་བའི་ལུགས་ལ་བཞེད་པར་མཛད་པས། སྔར་ངེས་ཤེས་སྒྲོན་མེར་དབུ་མ་པ་ལ་ཁས་ལེན་མེད་པ་ལྟ་བུ་ཞིག་གསུངས་པ་དེ་ཡང༌། སྒྲས་ཟིན་ཇི་ལྟ་བ་བཞིན་དབུ་མ་ཆེན་མོ་འཕགས་པའི་མཉམ་བཞག་གི་ངོར་ཁས་ལེན་མེད་པ་དང༌། ཡང་ན་དོན་དམ་གནས་ལུགས་ལ་དཔྱོད་པའི་སྐབས་གཤིས་ལུགས་ལ་ཅི་ཡང་མ་གྲུབ་པ་ལྟར་ཁས་ཀྱང་ཅི་ཡང་མི་ལེན་ཞེས་འགྲེལ་དགོས་ཏེ། དེ་ལྟར་ན། དབུ་མ་རྒྱན་གྱི་རྣམ་བཤད་དུ། འཕགས་པའི་མཉམ་གཞག་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པའི་གཟིགས་དོན་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་བླ་ན་མེད་པ་ཡིན་ལ། དེའི་ངོ་ལ་ལྟོས་ན་ཁས་ལེན་ཀུན་དང་བྲལ་བ་ཡིན་ནོ། ཞེས་གསུངས་པ་དང་གནད་མཐུན་པར་འགྱུར་བས། དབུ་མ་ཐལ་འགྱུར་བའི་ལུགས་ལ་ཁས་ལེན་མེད་ཅེས་འགྲེལ་མི་རུང་ངོ༌། སྤྱིར་ན་ཀླུ་སྒྲུབ་དགོངས་རྒྱན་དུ། མ་བརྟགས་མ་དཔྱད་འཇིག་རྟེན་རྣམ་གཞག་དང༌། བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས། །གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་སོགས་གསུངས་པ་བཞིན་སྔ་འགྱུར་བའི་མཁས་དབང་དུ་མས་ཐ་སྙད་ཚད་གྲུབ་འགོག་པར་མཛད་པའང་ཡོད་དོ། ཀུན་མཁྱེན་གོ་རམས་པའི་དབུ་མ་ངེས་དོན་རབ་གསལ་དུ། དབུ་མ་པར་རློམ་པ་ཁ་ཅིག དབུ་མ་པ་ལ་རང་ལུགས་ཀྱི་ཁས་བླངས་ཅི་ཡང་མེད་དེ་དབུ་མ་པ་ནི། ཞེས་པ་ནས། ཞེས་འདོད་དོ། དེ་ལ་འཇིག་རྟེན་པའི་དོན་གང་ཡིན་ཞེས་འདྲི། ཞེས་སོགས་ཁ་ཅིག་གིས་དབུ་མ་པ་ལ་ཁས་བླངས་མེད་ཅེས་སྨྲས་པར་དགག་པ་མཛད་པ་དང༌། ལྟ་བའི་ཤན་འབྱེད་དུ། ཐ་སྙད་ཀྱི་རྣམ་བཞག་དཔལ་ལྡན་ཟླ་བའི་བཞེད་པ་བཞིན་དུ་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་མ་བརྟགས་པར་ཁས་ལེན་པ་ཡིན་ནོ། མ་བརྟགས་པའི་དོན་ཡང་གནས་ལུགས་དཔྱོད་པའི་རིགས་པས་མ་བརྟགས་པ་ཡིན་གྱི། ཐ་སྙད་པའི་ཚད་མས་མ་བརྟགས་པ་ནི་མིན་ཏེ། ཐ་སྙད་པའི་ཚད་མས་ཡིན་མིན་ཡོད་མེད་ལ་སོགས་པ་ཇི་ལྟར་གཞལ་བ་ལྟར་རྣམ་གཞག་སོ་སོར་ཕྱེ་ནས་ཁས་བླངས་དགོས་པའི་ཕྱིར་རོ། ཞེས་དང༌། ཁ་ཅིག་དབུ་མ་ཐལ་འགྱུར་བའི་ལུགས་ལ་ང་ཙམ་ཐ་སྙད་དུ་ཡོད་པ་འགོག་པ་ལ་བརྩོན་པ་ནི། གཞན་གྱིས་ཁས་བླངས་པའི་རྒྱུ་མཚན་གྱིས་འགོག་པའམ། ཡང་ན་རང་ཉིད་ཀྱིས་འཇུག་པ་རྩ་འགྲེལ་མ་མཐོང་བར་ཟད་དེ། ཞེས་སོགས་འཇིག་རྟེན་པའི་ངོར་ཐ་སྙད་ཚད་གྲུབ་བམ་ཐ་སྙད་པའི་ཚད་མ་ཡོད་པར་གསུངས། འོན་ཀྱང་ལུགས་འདིར་ཐ་སྙད་པའི་ཚད་མ་ཁས་ལེན་ཀྱང་དེའི་ཡུལ་རྫུན་པས་ཁྱབ་པས་དེ་ཚད་མར་མི་འདོད་པ་དང༌། ལུགས་འདིར་ཚད་མ་ལ་དོན་དམ་འཇལ་བའི་ཚད་མ་ཁོ་ནས་ཁྱབ་པར་བཞེད་ལུགས་སོགས་ཀྱང་ཤེས་དགོས་ཏེ། དབུ་མ་ངེ་དོན་རབ་གསལ་་དུ། དེ་དག་ནི་ཐ་སྙད་པའི་ཚད་མ། འཇིག་རྟེན་ན་གྲགས་པའི་ཚད་མ། འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་མིན་ཏེ། ཡུལ་བརྫུན་པ་དང་ཡུལ་ཅན་ཚད་མ་འགལ་བའི་ཕྱིར་དང༌། ཚད་མ་ཡིན་ན་ཡང་དག་ཤེས་པའམ་ཡང་དག་མཐོང་བ་ཡིན་དགོས་པ་ལས། འདི་དག་བརྫུན་པ་མཐོང་བ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། ཀརྨ་པ་མི་བསྐྱོད་རྡོ་རྗེས་ནི། དྭགས་བརྒྱུད་གྲུབ་ཆེན་དུ། ཁ་ཅིག་དབུ་མ་པ་ལ་དམ་བཅའ་ཡོད་ཟེར་བ་མི་འཐད་དེ། ཞེས་དང༌། རང་ལུགས་ལ་དམ་བཅའ་མེད་པའོ་ཞེས་པ་དེའང་ཐལ་འགྱུར་བའི་རང་ལུགས་ཀྱི་ཁྱད་ཆོས་སུ་མི་རུང་སྟེ། ཐལ་འགྱུར་བ་ལ་རང་ལུགས་འདི་ཡིན་སྨྲ་བམས་བརྗོད་པ་དང་བྲལ་ཞིང༌། དེས་དམ་བཅའ་མེད་པའོ་ཞེས་ཀྱང་བསམ་བརྗོད་ཀྱིས་རྟོགས་པར་མི་བྱེད་པའི་ཕྱིར། ཞེས་སོགས་དང༌། ཀརྨ་པ་དབང་ཕྱུགས་རྡོ་རྗེའི་འཇུག་ཊཱིཀ་སྐལ་བཟང་དགའ་སྟོན་དུ། དེས་ན་དབུ་མ་པས་ཐ་སྙད་དུ་སྐྱེ་བ་ཁས་མི་ལེན་ཡང་དེས་ཐ་སྙད་གཞན་གྲགས་སུ་སྐྱེ་བ་སོགས་ཀྱི་རྣམ་གཞག་ཙམ་ཁས་ལེན་པ་ལ་འགལ་བ་མེད་དེ། གཞན་གྲགས་སུ་ཁས་བླངས་པ་དེ་ནི་རང་ལུགས་མ་ཡིན་པར་གཞན་གྱི་རྗེས་བརྗོད་བྱས་བྲག་ཆ་བཞིན་དུ་བརྗོད་པ་ཡིན་པའི་ཕྱིར། ཞེས་སོགས་དབུ་མ་པ་ལ་ཁས་ལེན་དང་ཐ་སྙད་ཚད་གྲུབ་མེད་པ་གསལ་བར་གསུངས། རྗེ་ཙོང་ཁ་པའི་འཇུག་པའི་རྣམ་བཤད་ཆེན་མོར། རྣམ་ཀུན་འཇིག་རྟེན་ཚད་མིན་ཞེས་པས་ལུགས་འདིས་ཚད་མ་གཏན་མི་འདོད་པར་སྟོན་པས། ལུགས་དེ་ཡང་དག་པ་མ་ཡིན་ནོ་ཞེས་སྨྲ་བ་དང༌། ཁ་ཅིག་ལུགས་དེ་ལེགས་སོ་ཞེས་སྨྲ་བ་གཉིས་ཀས་ཀྱང་སློབ་དཔོན་འདིའི་བཞེད་པ་མ་རྟོགས་བཞིན་དུ་སྨྲས་པས། རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་དེ། འཇིག་རྟེན་གྱི་མཐོང་བ་དེ་ཁོ་ན་ཉིད་ལ་རྣམ་པ་ཀུན་ཏུ་ཚད་མ་མིན་པར་བསྟན་པ་ལ། སྤྱིར་ཚད་མ་མི་བཞེད་པར་གོ་འདུག་པའི་ཕྱིར་རོ། ཚད་མ་དང་གཞལ་བྱ་ཡང་ཚིག་གསལ་ལས་གསུངས་པ་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་ནས། ལྟོས་འཇོག་གི་ཚད་མ་དང་གཞལ་བྱ་འཇོག་པར་བཤད་པ་ལྟ་བུར་བྱེད་དགོས་ཏེ་འོག་ཏུ་འཆད་པར་འགྱུར་རོ་ཞེས་སོགས་ཐ་སྙད་ཚད་གྲུབ་ཡོད་ལུགས་གསལ་བར་གསུངས་པ་ཆེས་མང་ངོ༌།

 

༣༽ བཞེད་ཚུལ་སོ་སོའི་སྒྲུབ་བྱེད་ལུང་དང་བཅས་མཐར་ཐུག་གཅིག་ཏུ་འབབ་ཚུལ་དཔྱད་པའི་རིམ་པ།

ཀ༽ བདེན་སྟོང་ཙམ་དོན་དམ་མཐར་ཐུག་ཏུ་བཞེད་མིན་གྱི་ལུགས་གཉིས་དོན་ལ་གཅིག་ཏུ་འབབ་ལུགས།

                དེ་ལ་དང་པོ་བདེན་སྟོང་ཙམ་དེ་དོན་དམ་མཐར་ཐུག་མ་ཡིན་པར་བཞེད་པ་རྣམས་ཀྱིས་ནི། དབུ་མ་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་བདེན་སྟོང་རྣམ་གྲངས་པའི་དོན་དམ་དུ་གསུངས་པས་དོན་དམ་མཚན་ཉིད་པ་མིན་པར་བཞེད་པ་དང༌། རྣམ་གྲངས་མིན་པའི་དོན་དམ་འཆད་སྐབས། དེ་ཉིད་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སྐྱེ་བ་དང་སྐྱེ་མེད་གཉིས་ཆ་བཀག་པར་གསུངས་པ་དང༌། དེ་བཞིན་དུ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་དང༌། རྩ་ཤེས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པའི་གནས་པར་མི་བྱའོ། །ཞེས་དང༌། སྟོང་ངོ་ཞེས་ཀྱང་མི་བརྗོད་དོ༑ ༑མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །ཞེས་སོགས་དང༌། མདོར་ན། ཡུམ་བར་བ་ལས། །གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་དང༌། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། མདོ་ལས། འོད་སྲུངས། བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཞེས་སོགས་ཁུངས་སུ་བྱས་ཏེ་སྟོང་པ་ཉིད་མཐར་ཐུག་པ་ནི། ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་གང་དུ་ཡང་བརྗོད་དུ་མེད་པའི་མཐའ་བཞི་སྤྲོས་བྲལ་ཞིག་ལ་འདོད་པ་ལས་བདེན་སྟོང་ཙམ་དེ་དོན་དམ་མཐར་ཐུག་མིན་ཞེས་བཞེད་དོ། བདེན་པར་གྲུབ་པས་སྟོང་ཙམ་དོན་དམ་མཐར་ཐུག་ཏུ་དགོངས་པ་རྣམས་ཀྱིས་ནི། ཚིག་གསལ་ལས། འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་ཅི་ཡང་མེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་ན། མེད་པར་དགག་པ་བརྗོད་པ་འདོད་པའི་ཕྱིར། དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། །ཞེས་སོགས་དང༌། རྗེས་སུ་དཔག་པ་དག་ནི་གཞན་གྱིས་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་ནོ། ཞེས་དང༌། ཁོ་བོ་ཅག་འདི་མེད་པ་དང་ཡོད་པར་མི་བསྒྲུབ་ཀྱི། གཞན་གྱིས་ཡོད་པར་བཏགས་པ་དང་མེད་པར་བཏགས་པ་འགོག་སྟེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། ཞེས་མཐའ་གཉིས་བཀག་ཙམ་གྱི་དབུ་མ་སྐབས་འདིའི་བསྒྲུབ་བྱར་གསུངས་པ་དང༌། སྔར་ཡོད་མེད་གང་དུ་ཡང་མི་བལྟ་བར་གསུངས་པའི་མདོ་ཚིག་རྣམས་ལ་ཡང་དགག་བྱའི་ཁྱད་པར་དོན་གྱིས་སྦྱར་དགོས་ཏེ། ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་ལྟའོ། ཞེས་དང༌། ཡུམ་བར་བ་ལས། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། ཞེས་སོགས་དང༌། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། ཅེས་དང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་དང༌། མདོར་ན་ལང་གཤེགས་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པོའོ་ཞེས་བསྟན་ཏོ། ཞེས་སོགས་མདོ་མང་པོ་ཞིག་ལས་དགག་བྱའི་ཁྱད་པར་དངོས་སུ་སྦྱར་བ་བཞིན་གཞན་ལ་ཡང་དོན་གྱིས་སྦྱར་དགོས་པ་དང༌། དེ་བཞིན་ཏུ་བསྟན་བཅོས་རྣམས་ལས་ཀྱང༌། དབུ་མ་རིན་ཆེན་ཕྲེང་བར། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། ཅེས་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། རྐྱེན་རྣམས་ལས་ནི་འབྲས་འབྱུང་བ། །མ་སྐྱེས་ལེགས་པར་ཁྱེད་ཀྱིས་གསུངས། །ངོ་བོ་ཉིད་ཀྱིས་དེ་མ་སྐྱེས། །དེ་ཕྱིར་སྟོང་པར་རབ་ཏུ་བསྟན། །ཞེས་དགག་བྱའི་ཁྱད་པར་སྦྱར་ཏེ། ངོ་བོ་ཉིད་དམ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་དང་སྐྱེ་མེད་སོགས་མཐའ་གང་དུ་ཡང་མ་གྲུབ་པར་གསུངས་པ་ལ་དགོངས་པར་བཞེད་པ་དང༌། རྩོད་ཟློག་ལས། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་ལ་ཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་སོགས་རང་བཞིན་གྱིས་གྲུབ་མ་གྲུབ་གཉིས་ཕན་ཚུན་རྣམ་བཅད་ཡོངས་གཅོད་ཀྱི་དངོས་འགལ་དུ་གསུངས་པ་དང༌། དབུ་མ་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །ཞེས་སོགས་ཀྱི་དོན་ཡང༌། རྒྱལ་ཚབ་རྗེའི་བདེན་གཉིས་ལྟ་ཁྲིད་ལས། དོན་དམ་བདེན་པ་འཇལ་བའི་ཡུལ་ཅན་ལ་ཞེས་སོགས་སྔར་དྲངས་པ་ལྟར་དུ་དགོངས་པ་འགྲེལ་བ་དང༌། གཞན་ཡང་ལྷག་མཐོང་ཆུང་བ་དང༌། དེ་བཞིན་དབུ་མ་རྒྱན་གྱི་བརྗེད་བྱང་ལས། དམ་སོགས་བཅུ་གཉིས་ལ། ཞེས་སོགས་ཀྱི་སྐབས་དེའི་འགྲེལ་ཚུལ་ལས་ཀྱང་རྟོགས་པར་འགྱུར་རོ། ཡང་དགག་བྱའི་བདག་གཉིས་ངོས་འཛིན་སྐབས། བཞི་བརྒྱ་པར། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་པའི་ཐད་ཀྱི་འགྲེལ་བར། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ༑ དེ་མེད་པ་ནི་བདག་མེད་པའོ། དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་རྣམ་པ་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། ཞེས་བདག་མེད་གཉིས་གཞི་ཆོས་ཅན་གྱིས་ཕྱེས་པ་ལས་དགག་བྱའི་ཁྱད་པར་མེད་པར་རང་དབང་བའི་ངོ་བོས་སྟོང་པར་གསུངས་པ་སོགས་ཁུངས་སུ་མཛད་དོ། འོ་ན་ཁས་ལེན་དེ་གཉིས་དོན་ལ་མི་འགལ་ཚུལ་གང་ཞེ་ན། སྤྱིར་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་རབ་དང་ཞལ་གདམས་ཁག་ལས་མཐར་ཐུག་གི་ལྟ་བ་གཅིག་ཏུ་འབབ་ཅེས་གསུངས་པ་ཆེས་མང་ན་ཡང༌། འདིར་ཡིག་ཚོགས་བསྐྱུངས་ཕྱིར་རྒྱབ་རྟེན་དེ་དག་གི་གསུང་འགོད་མི་དགོས་པར་རང་གི་རྨོངས་བློར་འཆར་ཚུལ་ཙམ་དོགས་སློང་གི་ཚུལ་དུ་བརྗོད་ན། དེ་ལ་བདེན་སྟོང་ཙམ་སྟོང་ཉིད་མཐར་ཐུག་ཏུ་འདོད་མིན་གྱི་ལུགས་དེ་གཉིས་ཚིག་ཟིན་གྱི་ཆ་ནས་འགལ་ཡང་དོན་ལ་མི་འགལ་ཚུལ་དངོས་ནི། དོན་དམ་མཐར་ཐུག་ཏུ་དགོངས་པའི་བདེན་སྟོང་ཙམ་དང་མཐའ་བཞི་སྤྲོས་བྲལ་གཉིས་མིང་མི་འདྲ་ཡང་དོན་ལ་གཅིག་ཏུ་འབབ་ལུགས་ཡིན་མོད། འོ་ན་དེ་གང་ཞེ་ན། ལུགས་སྔ་མ་རྣམས་ཀྱིས་དོན་དམ་མཐར་ཐུག་འཆད་སྐབས་སུ། འཇུ་མི་ཕམ་པ་ཆེན་པོས། སྐྱེ་བ་ཡོད་མེད་སོགས་མཐའ་ཐམས་ཅད་ལས་འདས་ཤིང་སྒྲ་དང་རྟོག་པའི་སྤྱོད་ཡུལ་ཐམས་ཅད་སྤངས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པའི་གཟིགས་དོན་ནི། རྣམ་གྲངས་མ་ཡིན་པའི་དོན་དམ་བླ་ན་མེད་པ་ཡིན་ལ། དེའི་ངོ་ལ་ལྟོས་ན་ཁས་ལེན་ཀུན་དང་བྲལ་བ་ཡིན་ནོ། ཞེས་དང༌། ཀུན་མཁྱེན་གོ་རམས་པ་ཆེན་པོས། སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་འཕགས་པའི་མཉམ་བཞག་ཟག་པ་མེད་པའི་ཡེ་ཤེས་ཀྱིས་གཉིས་སུ་སྣང་བ་ནུབ་ཅིང༌། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་གང་དུ་ཡང་མ་མཐོང་བ་ཉིད་དོན་དམ་བདེན་པར་གསུངས་པའི་ཕྱིར། ཞེས་དང༌། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་ཡོད་མིན་མེད་མིན་གྱི་ལྟ་བ་ཁས་བླངས་པ་ལ། ཞེས་སོགས་དང༌། ཀརྨ་པ་མི་བསྐྱོད་རྡོ་རྗེས། དམ་བཅའ་དང་ཁས་ལེན་དང་འདོད་པ་རྣམས་ནི་ཡུལ་གང་ཡང་རུང་བ་ལ་མངོན་པར་ཞེན་པ་དང༌། དངོས་པོ་ལ་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ན། བདེན་པ་གཉིས་ཀ་ཡང་རིགས་པས་དཔྱད་ན་རྙེད་པ་རྡུལ་ཕྲ་རབ་ཀྱི་ཆ་ཤས་བརྒྱ་སྟོང་དུ་བགོས་པ་ཙམ་ཡང་མེད་ཅིང༌། འཕགས་པའི་མཉམ་བཞག་ལ་རྣམ་པར་རྟོག་པ་གང་ཡང་མི་མངའ་བས་དབུ་མ་པས་ཕྱོགས་གང་ཡང་ཁས་བླངས་པ་མེད་ཕྱིར། ཞེས་དང༌། རྟེན་འབྲེལ་སྐྱེ་བ་མེད་པ་ནི་འཕགས་པའི་མཉམ་བཞག་གི་ཡུལ་དུ་ཡིན་ལ། ཞེས་སོགས་ཐམས་ཅད་ཀྱིས་འཕགས་པའི་མཉམ་བཞག་གི་ངོར་དང༌། གནས་ལུགས་དཔྱོད་པའི་རིགས་ཤེས་ཀྱིས་དཔྱད་ངོར་མཐའ་བཞིས་སྟོང་ཚུལ་གསུངས་པ་དང༌། མཐའ་བཞི་ཅིག་ཆར་དུ་ཁེགས་ཚུལ་ཡང༌། ལྟ་བའི་ཤན་འབྱེད་དུ། དེ་ལྟར་སོ་སོ་སྐྱེ་བོའི་གནས་སྐབས་སུ། མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ་བཀག་ནས་བསྒོམས་པས། ཐེག་ཆེན་གྱི་མཐོང་ལམ་སྐྱེས་པའི་ཚེ། མཐའ་བཞིའི་སྤྲོས་པ་ཅིག་ཆར་དུ་འགགས་ནས་རྟོགས་བྱའི་ཆོས་ཉིད་དང་རྟོགས་བྱེད་ཀྱི་བློ་གཉིས་སོ་སོར་མི་སྣང་བར། བློ་དེ་ཉིད་སྤྲོས་བྲལ་དང་དབྱེར་མེད་པར་མངོན་དུ་གྱུར་པའི་ཡུལ་དེ་ཉིད་ལ། དོན་དམ་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་ཡིན་གྱི། དེའི་ཚེ་ཡང་དོན་དམ་བདེན་པ་འདིའོ་ཞེས་ཅུང་ཟད་ཀྱང་བཟུང་བར་བྱ་བ་མེད་དོ། འདི་ལ་དགོངས་ནས་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལས། མ་མཐོང་བའི་ཚུལ་གྱིས་མཐོང༌། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་སོགས་མང་དུ་གསུངས་སོ། ཞེས་གསལ་བར་གསུངས་པ་བཞིན། མཐའ་བཞི་སྟེ་ཡོད་མཐའ་དང་མེད་མཐའ། གཉིས་ཀ་དང་གཉིས་མིན་བཅས་རིམ་གྱིས་བློ་ངོར་ཁེགས་ནས་མཐར་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མཐའ་གང་དུ་ཡང་མ་རྙེད་པའམ་མཉམ་བཞག་དེའི་ངོར་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཙམ་ལ་མཐའ་བཞི་ཅིག་ཆར་ཁེགས་ཞེས་གསུངས་པ་ལས། མཐའ་བཞི་ཅིག་ཆར་བའི་དགག་བྱ་དམིགས་བསལ་བ་ཞིག་ངོས་འཛིན་མཛད་མེད་སྙམ། དེ་ལྟར་ན་རྗེ་བླ་མའི་དབུ་མའི་རྣམ་བཤད་ཆེན་མོར། དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དེ་དོན་དམ་ཤེས་པ་དང༌། དོན་དམ་བདེན་པ་དེའི་ཤེས་བྱར་འཇོག་ཐུབ་ཀྱང༌། ཡེ་ཤེས་དེའི་ངོར་བྱ་བྱེད་དེ་གཉིས་དང་བྲལ་བ་མི་འགལ་བ་ནི། བྱ་བྱེད་གཉིས་ནི་ཐ་སྙད་པའི་བློ་ཁོ་ནའི་ངོར་འཇོག་པའི་ཕྱིར་ཏེ། དཔེར་ན་རིགས་ཤེས་རྗེས་དཔག་ཡུལ་ཅན་དང༌། དོན་དམ་བདེན་པ་ཡུལ་དུ་འཇོགས་ནུས་ཀྱང༌། ཡུལ་དང་ཡུལ་ཅན་གྱི་བྱ་བྱེད་གཉིས་རིགས་ངོར་མི་འཇོག་པ་བཞིན་ནོ། ཞེས་གསུངས་པ་ལྟར་རྗེ་ཡབ་སྲས་ཀྱིས་ཀྱང་བདེན་སྟོང་དོན་དམ་མཐར་ཐུག་དང༌། མཉམ་བཞག་ཡེ་ཤེས་ཀྱིས་རྟོགས་པར་བཞེད་པ་སོགས་ནི། རྗེས་ཐོབ་བམ་ཐ་སྙད་གཏན་ལ་འབེབས་སྐབས་ཀྱི་དབང་དུ་བྱས་ཏེ་དེ་ལྟར་ལན་མཛད་པ་ལས། འཕགས་པའི་ཉམས་བཞག་གི་གཟིགས་ཚུལ་ལ་ནི། སྔར་རྣམ་གྲངས་མིན་པའི་དོན་དམ་འཆད་ཚུལ་གསུངས་པ་བཞིན་མཉམ་བཞག་རང་ཉིད་གཉིས་སྣང་གི་སྤྲོས་པ་དང་བྲལ་ཞིང༌། ཡུལ་དང་ཡུལ་ཅན་ཆུ་ལ་ཆུ་བཞག་གི་ངང་ཚུལ་དུ་སོང་བ་ལ་བརྟེན་ནས། མཉམ་བཞག་པ་རང་གིས་ནི་བདེན་སྟོང་རྟོགས་མ་རྟོགས་དང༌། གཞི་དེ་བདེན་གྲུབ་ཀྱིས་སྟོང་མ་སྟོང་སོགས་ཀྱི་ལན་གང་ཡང་མི་མཛད་པར་བཞེད་པས། དེ་ལྟར་ན་ལུགས་དེ་གཉིས་གནད་གཅིག་ཏུ་སོང་ངོ༌། འོ་ན་དགག་བྱ་ལ་ཁྱད་པར་མེད་ན་ལུགས་དེ་གཉིས་ལ་སོ་སོའི་སྐྱེ་བོས་དོན་དམ་མཐར་ཐུག་རྟོགས་པ་ཡོད་མཻད་ཀྱི་ཁྱད་པར་ཇི་ལྟར་འགྱུར་སྙམ་ན། དེ་ནི་ཀུན་མཁྱེན་གོ་རམས་པ་ཆེན་པོས། གནས་ལུགས་དཔྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས། །མཐའ་བཞིའི་སྤྲོས་པ་ཅིག་ཆར་མི་ཁེགས་ཀྱང༌། །རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི། །ཚུལ་བཞིན་བསྒོམས་པས་མཐོང་ལམ་སྐྱེས་པའི་ཚེ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཅེས་གསུངས་པ་ལྟར། ལུགས་སྔ་མ་རྣམས་ཀྱིས་ནི། མཐའ་བཞི་རིམ་ཅན་དུ་ཁེགས་ནས་མཐར་མཐའ་གང་དུ་ཡང་མ་རྙེད་པའམ་རང་གི་བློ་ངོར་མཐའ་བཞི་ག་ཁེགས་པ་དེ་ལ་མཐའ་བཞི་སྤྲོས་བྲལ་རྟོགས་པའི་ཐ་སྙད་མཛད་ཡོད་པས། དེ་ལྟར་ན་བློ་ངོ་དེར་གཉིས་སྣང་གི་སྤྲོས་པ་ཡང་ཁེགས་དགོས་ཤིང༌། དེ་ལྟར་ཁེགས་པ་ནི་འཕགས་པའི་མཉམ་བཞག་གི་གནས་སྐབས་ན་མ་གཏོགས་མེད་པ་རྗེ་ཡབ་སྲས་ཀྱིས་ཀྱང་བཞེད་དོ། ཡང་རྗེ་ཡབ་སྲས་ཀྱིས་མཉམ་བཞག་གི་སྔ་རོལ་གྱི་རིགས་ཤེས་རྗེས་དཔག་གི་རྒྱུན་གོམས་སྟོབས་ཀྱིས་འཕགས་པའི་མཉམ་བཞག་གི་ངོར་འགྲོ་དགོས་པར་མ་ཟད། རིགས་ཤེས་དེ་དང་མཉམ་བཞག་ལ་གཉིས་སྣང་གི་སྤྲོས་པ་ལོག་མ་ལོག་གི་ཁྱད་པར་ལས་འཛིན་སྟངས་ཀྱི་ཡུལ་ནི། བདེན་གྲུབ་ཁེགས་ཙམ་དེ་ཀ་རང་གཅིག་ཏུ་སོང་བས། རིགས་ཤེས་དེས་ཆོས་ཉིད་དོན་སྤྱིའི་སྒོ་ནས་རྟོགས་ཞེས་གསུངས་པ་ཞིག་ཡིན་པས། དེ་ཙམ་གྱི་རྟོགས་ཚད་ནི་ལུགས་སྔ་མས་ཀྱང་སོ་སྐྱེ་ལ་ཡོད་པར་བཞེད་དོ། དེས་ན་བདེན་གྲུབ་ཁེགས་ཙམ་གྱིས་ཆོས་ཉིད་རྟོགས་པར་དགོངས་པ་དང༌། མཐར་གཉིས་སྣང་བྲལ་བ་དེའི་ཚེ་ཆོས་ཉིད་རྟོགས་ཞེས་རྩོད་ལན་འཛིན་མཚམས་མི་འདྲ་བ་ལས། དོན་གྱི་འབབ་ས་སོ་སོའི་སྐྱེ་བོ་ལ་གཉིས་སྣང་གི་སྤྲོས་པ་ཡོད་མེད་དང་བདེན་གྲུབ་ཁེགས་པ་ཡོད་མེད་ཀྱི་ཁྱད་པར་ནི། ཐམས་ཅད་ཀྱི་ལུགས་ལ་གཅིག་ཏུ་གྲུབ་བོ། འདི་ལ་དགོངས་ནས་རྗེ་བླ་མའི་ལྟ་བའི་ཤོག་དྲིལ་དུ། སོ་སྐྱེ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ལྟ་བ་ལ་འཇུག་པ་ན་ཐོག་མ་ཉིད་ནས་རྣམ་གྲངས་མིན་པའི་དོན་དམ་སྤྲོས་བྲལ་ལ་འཇུག་མི་ནུས་པས། དེ་ལ་འཇུག་པའི་ཐབས་སུ་ཆོས་རྣམས་རང་བཞིན་མེད་པའི་རྣམ་གྲངས་པའི་དོན་དམ་སྤྲོས་བཅས་ལ་ཞེན་ནས་དཔྱད་སྒོམ་གྱིས་ཞུགས་པས་མཐར་རྣམ་གྲངས་མིན་པའི་དོན་དམ་མངོན་སུམ་དུ་ཐོབ་པར་གསུངས་པ་ཞིག་ཡོད་པས། དེ་ལྟར་ན་རྣམ་གྲངས་མིན་པའི་དོན་དམ་མཉམ་གཞག་གི་གཟིགས་ཚུལ་སོགས་དོན་གང་ལ་སྦྱར་ཀྱང་མཐར་གནད་གཅིག་ཏུ་གྲུབ་སྙམ། སྐབས་འདིར་གལ་ཆེའི་དོགས་པ་སློང་བར། ལུགས་དེ་དག་གི་དགག་བྱ་ལ་ཁྱད་པར་མེད་ན་སྣང་ཙམ་འགོག་མི་འགོག་དང༌། བུམ་པ་ལྟ་བུའི་སྟེང་དུ་རང་སྟོང་འཆད་སྐབས། གཅིག་གིས་རང་གི་ངོ་བོས་གྲུབ་པས་སྟོང་ཞེས་དགག་བྱའི་ཁྱད་པར་སྦྱར་བ་དང༌། ཅིག་ཤོས་ཀྱིས་བུམ་པ་རང་ཉིད་རང་གིས་སྟོང་ཞེས་བུམ་པ་བུམ་པས་སྟོང་ཚུལ་གསུངས་པས་དགག་བྱ་ལ་ཁྱད་པར་ཡོད་དགོས་སོ་སྙམ་པ་དང༌། ཡང་དེ་དག་གི་གནད་མཐར་ཐུག་ན་ལུགས་སོ་སོས་ཉོན་མོངས་སྐྱེ་ཚུལ་འཆད་སྐབས། འགའ་ཞིག་གིས། དབུ་མ་རིན་ཕྲེང་བར། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་དང༌། སྤྱོད་འཇུག་ལས། ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་སོགས་ཀྱི་ཚིག་ཟིན་སྒྲ་ཇི་བཞིན་པར་ཁས་བླངས་ཏེ། ཕུང་པོ་དང་ང་ཙམ་འཛིན་པའི་འཛིན་པ་ལས་ཆགས་སོགས་སྐྱེ་བར་བཟུང་ནས་ང་ཙམ་དང་སྣང་ཙམ་ཡང་དགག་དགོས་པར་གསུངས་པ་དང༌། རྗེ་ཡབ་སྲས་སོགས་གཞན་གྱིས། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཅེས་སོགས་གསུངས་པ་སྒྲ་ཇི་བཞིན་དུ་དགོངས་ཏེ། བདེན་འཛིན་ལས་ཆགས་སོགས་ཉོན་མོངས་འདྲེན་པ་ལས། སྣང་ཙམ་འཛིན་པའི་འཛིན་པ་ལས་དེ་དག་མི་བསྐྱེད་པར་གསུངས་པས། དེ་དག་གི་དོན་གང་ཞེ་ན། འདི་ནི་ལྟ་བའི་གནད་ཆེས་དཀའ་ས་ཞིག་ཏུ་ངེས་པས། རྒྱ་བོད་ཀྱི་གཞུང་ཆེན་རྣམས་དང༌། ལྷག་པར་རང་རྒྱུད་ཀྱི་ཉོན་མོངས་སྐྱེ་ཚུལ་སོགས་ཀྱི་མྱོང་བ་དང་བསྡུར་ནས་དཔྱད་དགོས་པ་མང་དུ་མཆིས་ཀྱང་རང་གི་བློ་ངོར་ཡང་ཇི་བཞིན་འཆར་དཀའ་བ་མ་ཟད། འདི་དག་གི་གནད་སངས་རྒྱས་ཀྱི་སར་ཀུན་རྫོབ་མཁྱེན་པ་ཡོད་མེད་དང༌། ཐ་སྙད་ཚད་གྲུབ་ཁས་ལེན་མིན་སོགས་ལ་ཆེས་འབྲེལ་ཆེ་བས། གཤམ་དུ་འཆད་འགྱུར་གྱི་དོགས་སློང་དང་ལན་འདེབས་ཀྱི་རིགས་པ་རྣམས་ལས་ཅུང་ཙམ་དཔག་ནུས་སུ་རེ་བས་འདིར་ཡིག་ཚོགས་བསྡུས་སོ།

 

ཁ༽ གཞི་དེའི་སྟེང་དུ་དགག་བྱ་བདེན་གྲུབ་ཁེགས་པའི་ཚེ་གཞི་དེ་ཁེགས་དགོས་མིན་གྱི་ལུགས་གཉིས་དོན་ལ་གཅིག་ཏུ་འབབ་ལུགས།

                འཇུ་མི་ཕམ་པ་ཆེན་པོ་སོགས་གཞི་དེ་ཁེགས་དགོས་པར་བཞེད་པ་རྣམས་ཀྱིས་ཐུགས་ཀྱི་གཏད་སོ་ནི། མདོ་ལས། དོན་དམ་པའི་བདེན་པ་ནི་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོགས་དང༌། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད། ཅེས་སོགས་ཁུངས་སུ་མཛད་དེ། དྭགས་བརྒྱུད་གྲུབ་ཆེན་དུ། དེ་ལས་གཞན་དུ་སྣང་ཙམ་རིགས་པས་དགག་མི་དགོས་པ་དང༌། དགག་པར་ནུས་པ་མ་ཡིན་ན་འདིར་འགྱུར་ཏེ། སྣང་ཙམ་དོན་དམ་པའི་བདེན་པར་ཡང་འགྱུར་བའི་ཕྱིར་ཏེ། དེ་རིགས་པས་མི་གནོད་པར་དཔྱད་བཟོད་པའི་དོན་ཡིན་པར་འགྱུར་བའི་ཕྱིར། ཞེས་དང༌། ངེས་ཤེས་སྒྲོན་མེར། ཀ་བ་ཀ་བའི་བདེན་གྲུབ་གཉིས། །ཞེས་སོགས་སྔར་དྲངས་པ་བཞིན་གཞི་དེ་བདེན་པར་གྲུབ་མིན་དཔྱོད་པའི་རིགས་པས་དཔྱད་ནས་མ་རྙེད་པ་ན་གཞི་དེ་ཁེགས་དགོས་པ་ལས་གཞན་རིགས་པའི་དཔྱད་བཟོད་དུ་འགྱུུར་བར་དགོངས་སོ། རྗེ་ཡབ་སྲས་ཀྱིས་ནི། སློབ་དཔོན་ཟླ་བ་གྲགས་པའི་བཞི་བརྒྱ་པའི་འགྲེལ་པར། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི། རང་བཞིན་འཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི་མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ ཞེས་སོགས་དང༌། སྔར་དྲངས་པའི་རང་བཞིན་གྱིས་གྲུབ་པས་སྟོང་པར་གསུངས་པའི་མདོ་བསྟན་བཅོས་དག་ཁུངས་སུ་མཛད་དེ། ཀུན་རྫོབ་སྣང་ཙམ་ཉིད་མི་འགོག་ཀྱང་དེ་ཙམ་གྱིས་རིགས་པའི་དཔྱད་བཟོད་དུ་མི་འགྱུར་ཞེས། སྔར་དྲངས་པའི་ལྷག་མཐོང་ཆེན་མོར་དེ་ཁོ་ན་ཉིད་དང་ཐ་སྙད་དཔྱོད་པའི་ཚད་མ་གཉིས་མིག་ཤེས་དང་རྣ་ཤེས་བཞིན་སོ་སོར་གསུངས་པ་དང༌། གཞན་ཡང་ལྷག་མཐོང་ཆེན་མོར། རིགས་པའི་དཔྱད་བཟོད་མི་བཟོད་ཀྱི་དོན་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཡིན་ལ། ཞེས་སོགས་གསུངས་པ་བཞིན་གཞི་དེ་བདེན་གྲུབ་དཔྱོད་པའི་རིགས་པས་གཞི་དེ་རྙེད་ན་རིགས་པའི་དཔྱད་བཟོད་དུ་འགྱུར་བ་ལས་རིགས་པ་དེས་མ་ཁེགས་པ་ཙམ་གྱིས་དཔྱད་བཟོད་དུ་འགྱུར་བར་མི་འདོད། འོ་ན་ལུགས་དེ་གཉིས་མི་འགལ་ཚུལ་གང་ཞེ་ན། རྗེ་ཡབ་སྲས་ཀྱིས་གཞི་དེ་བདེན་པར་གྲུབ་མིན་དཔྱོད་པའི་རིགས་པས་དཔྱད་ནས་གཞི་དེ་མ་རྙེད་པ་ཙམ་ལས་གཞི་དེ་མེད་པར་མ་རྙེད་ཅིང༌། དགག་བྱ་བདེན་གྲུབ་མེད་པར་རྙེད་པས་དགག་བྱ་དེ་ཁེགས་ཀྱང་གཞི་དེ་མི་ཁེགས་པར་བཞེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཞི་དེ་དོན་དཔྱོད་རིགས་པས་དཔྱད་ནས་མ་རྙེད་པ་དེ་ལ་གཅིག་གིས་གཞི་དེ་ཁེགས་པར་བཞེད་པ་དང༌། ཅིག་ཤོས་ཀྱིས་མི་ཁེགས་པར་བཞེད་པ་ལས་གཉིས་ཀའི་ལུགས་ལ་དོན་དཔྱོད་རིགས་པས་དཔྱད་ནས་རྙེད་པར་ཁས་མི་ལེན་པས་སྐབས་འདིའི་མཐར་ཐུག་གི་དགོངས་པ་གཅིག་ཏུ་བབས་ཡོད། འདི་ལ་འགའ་ཞིག་གིས། དེ་ལྟར་ན་རྗེ་ཡབ་སྲས་ཀྱི་དོན་དཔྱོད་རིགས་པས་དཔྱད་ནས་མཐར་བདེན་མེད་རྟོགས་པར་བཞེད་པས། དེ་ལྟའི་བདེན་མེད་དེ་རིགས་པའི་དཔྱད་བཟོད་དུ་འགྱུར་རོ་ཞེ་ན། དེ་མི་འགྱུར་ཏེ༑ རིགས་པའི་དཔྱད་བཟོད་དུ་གྲུབ་ན་ནི། སྔར་བཤད་པ་བཞིན་གཞི་བུམ་པ་ལྟ་བུ་དེ་བདེན་པར་གྲུབ་མིན་དཔྱོད་པའི་རིགས་པས་དཔྱད་ནས་མཐར་གཞི་བུམ་པ་དེ་ཀ་རང་རྙེད་པ་ཞིག་དགོས་ལ། རིགས་ཤེས་རྗེས་དཔག་གིས་རྟོགས་པའི་བདེན་མེད་དེ་གཞི་བུམ་པ་དེ་མ་ཡིན་ཅིང༌། བདེན་མེད་དེ་ཡང་གཞི་ཆོས་ཅན་དུ་བཟུང་ནས་བདེན་པར་གྲུབ་མིན་དཔྱོད་པའི་ཚེ། རིགས་པ་དེས་སྟོང་གཞི་བདེན་མེད་དེ་ནམ་ཡང་མི་རྙེད་པས། དེ་ལྟར་ན་བདེན་མེད་དེ་རིགས་པའི་དཔྱད་བཟོད་དུ་འགྱུར་བའི་སྐྱོན་མེད་ཅེས་ལན་མཛད་དོ། འོ་ན་སྟོང་གཞི་དེ་ཁེགས་དགོས་མིན་གྱི་ཁས་ལེན་ལ་ཁྱད་པར་ཤོར་བ་ཅི་ཞེ་ན། དེ་ནི་ལུགས་སྔ་མ་རྣམས་ཀྱི་དོན་དཔྱོད་རིགས་པའི་ངོར་ཁེགས་པའི་རྒྱུ་མཚན་གྱིས་རིགས་པ་དེས་ཁེགས་ཞེས་གསུངས་ལ། རྗེ་ཡབ་སྲས་ཀྱིས་རིགས་ངོ་དེར་ཁེགས་ཀྱང་རིགས་པ་དེས་མི་ཁེགས་ཏེ། ཡོད་ན་རིགས་པས་དགག་ཏུ་མི་ནུས་པའི་ཕྱིར་ཞེས། མདོར་ན་མིང་འདྲ་མིན་གང་ལྟར་ཡང་ཐ་སྙད་ཚད་གྲུབ་དང༌། སྣང་ཙམ་མྱོང་ཙམ་གྱི་བདག་ཉིད་དང༌། གཞན་ངོར་དང་འཇིག་རྟེན་པའི་ངོར་ཡོད་པ་གང་རུང་ཞིག་གི་རྣམ་གཞག་འཇོག་དགོས་པས། དེ་ལྟར་ན་ཐ་སྙད་རིགས་པའི་འགྲོས་ཀྱི་ལན་འདེབས་ཚུལ་གྱི་ཁྱད་པར་ཙམ་ལས། དགོངས་དོན་མཐར་ཐུག་དོན་དཔྱོད་རིགས་པའི་ངོར་གཞི་ཆོས་ཅན་དེ་ཁེགས་པ་དང༌། སྣང་ཙམ་མྱོང་ཙམ་སོགས་ཀྱི་རྣམ་གཞག་འཇོག་དགོས་པའི་གནད་རྣམས་གཅིག་ཏུ་བབས་ཡོད།

 

ག༽ དབུ་མ་པ་ལ་ཁས་ལེན་ཡོད་མེད་དམ་ཐ་སྙད་ཚད་གྲུབ་ཁས་ལེན་མིན་གྱི་ལུགས་གཉིས་དོན་ལ་གཅིག་ཏུ་འབབ་ལུགས།

                དབུ་མ་པ་ལ་ཁས་ལེན་མེད་ཅིང་ཐ་སྙད་ཚད་གྲུབ་མི་བཞེད་པའི་ལུགས་རྣམས་ཀྱིས་ནི། སྔར་ཡོད་མིན་མེད་མིན་སོགས་གསུངས་པའི་མདོ་བསྟན་བཅོས་ཀྱི་གསུང་ཚིག་རྣམས་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་དང༌། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང༌། འཇུག་པར། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་པ་ནས། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་དང༌། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་སོགས་གསུངས་པ་རྣམས་དབུ་མ་པ་ལ་ཁས་ལེན་དང་ཐ་སྙད་ཚད་གྲུབ་མེད་པར་བཞེད་པའི་ཁུངས་སུ་འགྲེལ་པར་མཛད། ཐ་སྙད་ཚད་གྲུབ་བཞེད་པ་རྣམས་ཀྱིས་ནི། མདོ་ལས། འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་འདོད་དོ༑ ཞེས་དང༌། འདི་ལྟར་དེ་བཞིན་བཤེགས་པའི་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདཻན་པ་འདིར་ཟད་དེ། ཞེས་སོགས་དང༌། རྩ་ཤེར། འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། ཞེས་སོགས་དངོས་སྨྲ་པས་སྨྲས་པར། གང་ལ་སྟོང་པ་ཉིད་རུང་བ༑ ༑དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་སོགས་ཀྱི་རྩོད་ལན་མཛད་པ་རྣམས་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོགས་དང༌། འཇུག་པར། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཞེས་དང༌། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ཞེས་སོགས་བདེན་གཉིས་ཡོད་པར་གསུངས་པའི་ལུང་རྣམས་ཁུངས་སུ་མཛད་དེ་ཐ་སྙད་ཚད་གྲུབ་ཡོད་པར་བཞེད་དོ། དེ་ལྟར་ལུགས་སོ་སོས་ཁུངས་ལུང་དང་བཅས་ཏེ་དེ་གཉིས་མི་འགལ་ཚུལ་བཤད་པ་ལ། ཐོག་མར་ཐ་སྙད་ཚད་གྲུབ་ཁས་ལེན་མིན་གྱི་ལུགས་ཕན་ཚུན་བར་དགག་སྒྲུབ་ཇི་ལྟར་མཛད་པའི་རྩོད་ལན་རྣམས་ཤེས་དགོས་ཤིང༌། དེ་ནི་ཐ་སྙད་ཚད་གྲུབ་མི་བཞེད་པ་རྣམས་ཀྱིས་འདི་ལྟར་འགོག་སྟེ། ཐ་སྙད་ཚད་གྲུབ་ཁས་བླངས་ཚེ་དེ་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། དོན་དམ་མཐར་ཐུག་པ་དེ་མ་རྟོགས་པར་ཐལ་བ་དང༌། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་ཀྱི་ལུང་རྣམས་དང་འགལ་བར་འགྱུར་ཞེས་ཐལ་བ་འཕེན་པར་མཛད། དེའི་ལན་དུ་ཅིག་ཤོས་ཀྱིས་རིགས་པས་དཔྱད་བཟོད་དུ་མི་འགྱུར་ཚུལ་སྔར་བདེན་གྲུབ་ཁེགས་ཚེ་གཞི་ཆོས་ཅན་ཁེགས་དགོས་མིན་གྱི་སྐབས་སུ་བཤད་པ་བཞིན་དང༌། བདེན་སྟོང་རྟོགས་པའི་རིགས་ཤེས་གོམས་པའི་མཉམ་གཞག་གི་ངོར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཁེགས་པས། དོན་དམ་བདེན་པའི་རྟོགས་ཚད་ལུགས་སྔ་མ་ཇི་ལྟ་བ་བཞིན་རྫོགས་པར་རྟོགས་པ་དང༌། མིག་ཤེས་སོགས་ཚད་མ་མིན་པར་གསུངས་པ་དེ་ཡང༌། འཇུུག་པར། དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་སོགས་གཞན་སྐྱེ་བཀག་པར་འཇིག་རྟེན་པས་གནོད་པ་མེད་ཚུལ་འཆད་པའི་སྐབས་ཡིན་པས། འཇིག་རྟེན་པའི་བློ་རང་ག་བའི་མིག་ཤེས་སོགས་ཀྱི་ཚད་མ་རྣམས་དེ་ཁོ་ན་ཉིད་ལ་ཚད་མ་མིན་པར་གསུངས་པ་ལས་སྤྱིར་ཚད་མ་མིན་པར་གསུངས་པ་མིན་ཞེས་ལན་མཛད་ཅིང༌། དེ་ལས་གཞན་དུ་ཁྱོད་ཀྱིས་ཐ་སྙད་ཚད་གྲུབ་ཁས་མ་བླངས་པ་མི་འཐད་དེ། དེ་ལྟར་ན། མདོ་ལས་འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་འདོད་དོ། ཞེས་སོགས་སྔར་གྱི་མདོ་བསྟན་བཅོས་རྣམས་དང་འགལ་བར་འགྱུར་བ་དང༌། ལས་འབྲས་ཀྱི་རྣམ་གཞག་ལ་སྐུར་བ་བཏབ་པར་འགྱུར་བ་དང༌། རྒྱུ་ཚོགས་གཉིས་ལས་འབྲས་བུ་སྐུ་གཉིས་ཐོབ་ཚུལ་སོགས་ཀྱི་རྣམ་གཞག་གསུངས་པ་ཐམས་ཅད་མི་འཐད་པར་འགྱུར་རོ་ཞེས་སོགས་ཀྱི་ཐལ་བ་འཕེན་པར་མཛད། ལུགས་སྔ་མས་སྐྱོན་མེད་དེ། དེ་ལྟར་མཛད་པ་རྣམས་ནི། རེ་ཞིག་དེ་ཁོ་ན་ཉིད་རྟོགས་མི་ནུས་པའི་གདུལ་བྱ་རྣམས་རྗེས་སུ་འཛིན་ཆེད། དེ་དག་གི་འཁྲུལ་ངོར་སྣང་ཙམ་དང་མཐུན་པར་གཞན་ངོར་རྟེན་འབྲེལ་སོགས་ཀྱི་རྣམ་གཞག་ཐམས་ཅད་ཡོད་ཅེས་གསུངས་པ་ལས། དབུ་མ་ཐལ་འགྱུར་བའི་ལུགས་ལ་དེ་དག་ཡོད་པ་མིན་ཞེས་ལན་མཛད་དེ། དྭགས་བརྒྱུད་གྲུབ་ཆེན་དུ། འོ་ན་ཐལ་འགྱུར་བས་ཀུན་རྫོབ་ཀྱི་ཆོས་ཀུན་རྫོབ་ཏུའང་ཀུན་རྫོབ་ཀྱི་ཚད་མས་མ་གྲུབ་བཞིན་དུ་ཀུན་རྫོབ་ཀྱི་རྣམ་གཞག་རྒྱ་ཆེར་སྨྲ་ན། ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ལས་འབྲས་དང་འཆིང་གྲོལ་སོགས་ཀྱང་ཡེ་མེད་དུ་སྨྲའམ་ཞེ་ན། མི་སྨྲ་སྟེ། དེ་ནི་ཇི་ལྟར་མངོན་མཐོ་ངེས་ལེགས་དོན་དུ་གཉེར་བའི་སྐྱེས་བུ་དམ་པ་དག་གིས་མ་དཔྱད་པའི་ངོར་ཀུན་རྫོབ་ཀྱི་རྣམ་གཞག་ཇི་ལྟར་བྱེད་པ་ལྟར་ཁོ་བོས་ཀྱང་དེར་བརྗོད་པའི་ཕྱིར། ཞེས་དང༌། གཞན་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཐ་སྙད་མི་འདོར་བར་ཞལ་གྱིས་བཞེས་པ་ཡིན་ཏེ། ཞེས་སོགས་དང༌། ཐལ་འགྱུར་བའི་ལུགས་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་རྣམས་ཡོད་པར་ཁས་ལེན་པ་ལྟ་ཅི། ཐལ་འགྱུར་བ་ཁོ་རང་ཡང་ཁས་མི་ལེན་པར་གསུངས་ཏེ། དེ་ཉིད་ལས། འོ་ན་དེའི་ཚེ་ཐལ་འགྱུར་བ་དེ་ཇི་ལྟ་བུ་ཞིག་ཅེ་ན། དེ་ཡང་གཞན་གྱིས་འཕུལ་ནས་ཐལ་འགྱུར་པར་བཏགས་པ་ལས། ཐལ་འགྱུར་བ་ཉིད་ཅེས་ཐལ་འགྱུར་བ་ཉིད་ཀྱིས་ཐལ་འགྱུར་བར་ཁས་བླངས་པ་མ་ཡིན་ནོ། འོ་ན་ཁྱེད་ཅག་ཐལ་འགྱུར་བ་ཞེས་བརྗོད་པ་ཅི་ཞེ་ན། དེ་ནི་ཁྱེད་དང་རྩོད་སྐབས་འབྱེད་པའི་ཆེད་དུ་ཁྱེད་ཀྱིས་དེར་འདོགས་ཀྱིན་འདུག་པའི་རྗེས་བརྗོད་བྱས་པ་མ་གཏོགས་དེ་ལྟ་བུའི་རྩོད་པས་མི་བརྫི་བའི་རྩོད་པ་ལས་གྲོལ་སྐབས་ན། བདག་དབུ་མ་པའོ་ཞེས་སྨྲ་བསམ་གྱི་བརྗོད་པ་དང་བྲལ་ལ། རྩོད་སྐབས་ཉིད་དུའང་སྨྲ་བསམ་གྱི་བརྗོད་པ་དང་བྲལ་ཡང་དེར་བརྗོད་པར་སྣང་བ་ནི་སྒྲ་བརྙན་གྱི་སྒྲ་བཞིན་ནོ། ཞེས་སོགས་གསལ་བར་གསུངས་སོ། འོ་ན་ལུགས་དེ་གཉིས་མི་འགལ་ཚུལ་གང་ཞེ་ན། དབུ་མ་པ་ལ་ཁས་ལེན་ཡོད་མེད་ནི་ལུགས་སྔ་མས་དབུ་མ་པ་ཞེས་པ་དང༌། ལུགས་ཕྱི་མས་འཕགས་པའི་མཉམ་གཞག་གི་ངོར་ཞེས་པ་གཉིས་གནད་གཅིག་ཏུ་སོང་ལུགས་སྔར་གྱི་བཤད་པ་རྣམས་ཀྱིས་ཀྱང་འགྲུབ་ལ། ལྷག་པར་ཐ་སྙད་ཚད་གྲུབ་བཞེད་པ་རྣམས་ཀྱིས་ཐ་སྙད་ཚད་གྲུབ་ཀྱི་འཇོག་ཚུལ་དེ་དང༌། མི་བཞེད་པ་རྣམས་ཀྱིས་སྣང་ཙམ་མྱོང་ཙམ་དུ་ཡོད་པ་དང༌། ཡང་ན་གཞན་ངོར་ཡོད་ཅེས་པ་རྣམས་མིང་མི་འདྲ་ཡང་དོན་ལ་གཅིག་ཏུ་སོང་ཡོད་ལུགས་ཇི་བཞིན་ཤེས་ཚེ་དབུ་མ་པ་ལ་ཁས་ལེན་ཡོད་མེད་གཉིས་ཀྱི་གནད་རྣམས་ཤུགས་ཀྱིས་འགྲུབ་བོ། ཐ་སྙད་ཚད་གྲུབ་ཁས་ལེན་པ་རྣམས་ཀྱིས་ཐ་སྙད་ཚད་གྲུབ་ཀྱི་དོན་འཇོག་པ་ན། ལྷག་མཐོང་ཆེན་མོར། དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཅི་འདྲ་པ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང༌། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་དག་ལས་ལྡོག་པ་ནི་མེད་པར་འདོད་དོ། ཞེས་ཐ་སྙད་པའི་ཤེས་པ་ལ་གྲགས་པ། ཐ་སྙད་པའི་ཚད་མ་གཞན་གྱི་གནོད་པ་མེད་པ། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་མི་གནོད་པ་བཅས་ཐ་སྙད་ཁྱད་ཆོས་གསུམ་ལྡན་དུ་གསུངས་ལ། དེ་ལྟར་ན་ཐ་སྙད་ཚད་གྲུབ་ཅེས་པའི་ཚིག་དེ་ཁས་ལེན་མིན་གང་ལྟར་ཡང་དེའི་དོན་ནི། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་བཟོད་ཅིག་ལ་མི་འཇོག་པར། སྣང་ཙམ་མྱོང་ཙམ་མམ་གཞན་ངོར་ཡོད་པར་བཞེད་པའི་ལུགས་ཀྱི་གཞན་ངོར་ཡོད་པའི་ཚད་ཇི་ལྟ་བ་བཞིན་དུ་གྲུབ་སྟེ༑ ལུགས་དེ་ལ་ཡང་དཔེར་ན་སྒྲ་རྟག་མི་རྟག་དང༌། རི་བོང་གི་རྭ་ཡོད་མེད་ལྟ་བུ་རྣམས་གཞན་ངོར་ཡོད་མེད་ཀྱི་ཁྱད་པར་ངེས་པར་འབྱེད་དགོས་ཤིང༌། དེ་ནི་ཅུང་ཟད་དཔྱད་པའི་ཚད་མ་དང་ཚད་མིན་གྱི་དབྱེ་བའམ། ཡང་ན་གཞན་ངོར་ཡོད་པའི་ཚད་མ་དང་ཚད་མིན་གྱིས་ཁྱད་པར་འབྱེད་དགོས་པ་ལས། དེ་མིན་གཞན་ངོར་ཡོད་མེད་ཀྱི་ཁྱད་པར་འབྱེད་བྱེད་ཀྱི་རྣམ་གཞག་འཇོག་དཀའ་བའི་ཕྱིར། དེས་ན་ལུགས་དེས་གཞན་ངོར་ཡོད་ཅེས་པ་དང་ལུགས་གཞན་གྱིས་རང་ལུགས་ལ་ཚད་མས་གྲུབ་ཅེས་པ་གཉིས་ལ་ཐ་སྙད་འདོགས་ཚུལ་མི་འདྲ་བའི་ཁྱད་པར་ཡོད་ནའང༌། སོ་སོའི་ལུགས་ཀྱི་གཞན་ངོར་ཡོད་པ་དང་ཐ་སྙད་ཚད་གྲུབ་ཀྱི་དོན་འཇོག་ཚུལ་ཇི་བཞིན་ཤེས་ཚེ་དོན་ལ་གཅིག་ཏུ་གྲུབ་འདུག་སྙམ། དེ་ལྟར་ན་སངས་རྒྱས་ཀྱི་ཀུན་རྫོབ་མཁྱེན་མིན་དང༌། སྣང་ཙམ་དགག་མི་དགག་སོགས་ཀྱི་ཁྱད་པར་ཡང་གནད་འདི་ཉིད་ལ་ཐུག་པར་སེམས་སོ། འོ་ན་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱིས་ལུགས་ཕན་ཚུལ་བར་དགག་གཞག་རྒྱ་ཆེར་མཛད་པས། ཁོང་རྣམ་པས་མཐར་ཐུག་གི་གནད་དེ་དག་མ་དགོངས་པ་ཡིན་ནམ་ཞེ་ན། ག་ལ་ཡིན་ཏེ། དེ་ནི་སྔར་བཤད་པ་བཞིན་རྗེས་འཇུག་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་རྒྱས་ཤིང༌། རིམ་གྱིས་མཐར་ཐུག་གི་ལྟ་བ་རྙེད་པའི་ཐབས་ཁོ་ནར་གཟིགས་ནས། ལུགས་སོ་སོའི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་རིགས་པའི་རྩལ་འདོན་མི་འདྲ་ཞིང༌། ཐ་སྙད་ཁས་ལེན་འཛིན་མཚམས་སོགས་ཀྱི་ཐད་ལ་ཕན་ཚུན་དགག་གཞག་གི་ཚུལ་མཛད་པ་ལས། མཐར་ཐུག་གི་ལྟ་བ་ནི་འཕགས་པའི་མཉམ་གཞག་གིས་གཟིགས་པ་ཇི་ལྟ་བ་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་འབའ་ཞིག་ཏུ་ཟད་དོ།

 

༤༽ ཞར་བྱུང་ཆོས་བརྒྱུད་དང་གྲུབ་མཐའ་ཞེས་པའི་ཐ་སྙད་དབྱེ་ཞིབ་དང་འབྲེལ་མཇུག་བསྡུའི་རིམ་པ།

                ད་ལྟ་ང་ཚོས་ཡིག་ངག་གཉིས་ཐོག་ནས་རྒྱུན་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཞེས་པར། དེ་སྔོན་གྲུབ་མཐའ་དང་ཆོས་འབྱུང་སོགས་སུ་བོད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཞེས་སོགས་མདོར་ན་ཆོས་བརྒྱུད་ཅེས་པའི་ཐ་སྙད་འདིའི་ཚབ་ཏུ་གྲུབ་མཐའ་ཞེས་བྱུང་སྟེ་གྲུབ་མཐའ་རིས་མེད་ཅེས་སོགས་ཡོངས་གྲགས་སུ་གསུང་སྲོལ་བྱུང་བ་བཞིན་ད་དུང་ཡང་དེ་ལྟར་འབོད་མཁན་མང་དུ་མཆིས་མོད། སྤྱིར་བོད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཞེས་སོགས་ཀྱི་ཐ་སྙད་འདི་མ་བརྟགས་རྒྱུན་འཇགས་སུ་བྱུང་བའམ། ཡང་ན་སྔ་མོའི་གཞུང་རྙིང་རྣམས་སུ་དགོས་དམིགས་རྒྱུ་མཚན་གསལ་མིན་སོགས་གང་ལྟར་ཐ་སྙད་འདིའི་བྱུང་རིམ་ལ་རྟོག་དཔྱོད་ཞིབ་བསྡུར་བྱེད་ལོང་མ་བྱུང་ཡང༌། ཕྲན་གྱི་རྟོག་འཆར་ལྟར་ན་གྲུབ་མཐའ་ཞེས་སྦྱར་ཚེ་ཆོས་བརྒྱུད་བཞིའི་ཁྱད་པར་ཡང་དབུ་སེམས་གཉིས་དང་བྱེ་མདོ་གཉིས་ལྟ་བུའི་ཐུན་མོང་མིན་པའི་མཐར་ཐུག་གི་ལྟ་བའམ་གྲུབ་མཐའ་ཞིག་གི་སྒོ་ནས་འབྱེད་དགོས་པ་ལྟ་བུར་འགྱུར་བར་མ་ཟད། བོད་བརྒྱུད་ནང་བསྟན་ལ་གསར་སློབ་པ་ཞིག་དང་ལྷག་པར་གྲུབ་མཐའ་ཞེས་པ་འདི་བཞིན་སྐད་ཡིག་གཞན་དུ་ཐད་བསྒྱུར་བྱས་ཚེ། ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཞེས་སོགས་ཆོས་བརྒྱུད་ཆེན་མོ་བཞིའི་མཐར་ཐུག་གི་གྲུབ་མཐའི་བར་ཐག་རྒྱང་རིང་དུ་གོ་བའི་བག་ཆགས་ཤིག་ཀྱང་ཐེབས་སྲིད་སྙམ་པས། དེ་ལས་ཆོས་བརྒྱུད་ཅེས་པའི་མིང་ཚིག་འདིས་སྔོན་བྱོན་བླ་མ་དམ་པ་གང་ཞིག་གིས་མན་ངག་བྱེ་བྲག་པ་ཞིག་ལ་ལུང་དང་རིགས་པས་རྩལ་འདོན་གྱིས་དམ་པའི་ཆོས་ཀྱི་བརྒྱུད་པ་མི་འདྲ་བའི་ཁྱད་པར་ཞིག་ལས་ལྟ་གྲུབ་ཀྱི་ཁྱད་པར་ཆེན་པོ་ཡོད་པའི་གོ་བ་མི་སྟེར་ཞིང་བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་མོང་དོན་དང་ཡང་མཚུངས་སྙམ། དེས་ན་ཆོས་བརྒྱུད་རིས་མེད་དང་ཆོས་བརྒྱུད་ཆེན་པོ་བཞི་ཞེས་སོགས་ཀྱི་ཐ་སྙད་འདི་བོད་ས་ཡོངས་ལ་གཅིག་གྱུར་རམ་ཡོངས་གྲགས་སུ་བཀོལ་སྤྱོད་བྱེད་ཐབས་ཤིག་བྱུང་ན་ལེགས་པར་མཐོང་ངོ༌། མཇུག་ཏུ་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྲན་ནི་རྣམ་གཡེང་གི་སྤྲོས་པ་ཆེ་བའི་ཁར། ཡིག་ཚོགས་མང་པར་འཇིགས་ཤིང་བརྗོད་དོན་རྒྱ་ཆེ་བར་སོང༌། དཔྱད་པ་གནད་དུ་མ་བབས་པ་དང༌། གོང་འོག་མ་འབྲེལ་ཞིང་སྐབས་དོན་འཆོལ་བ་སོགས་ཉེས་ཆ་མང་དུ་ཡོད་ངེས་ཀྱང༌། གལ་ཆེའི་རང་བཞིན་ཅན་གྱི་སྐབས་དོན་དེ་འཚོལ་བའི་ལེགས་ལམ་ལ་ཞུགས་ཁུལ་བྱས་པ་ཞིག་ཡིན་པས་ཉེས་པ་གང་ཡོད་བཟོད་གསོལ་དང་འབྲེལ། སླད་མར་མཁས་གྲུབ་རྣམ་པས་གཙོས་དེང་རབས་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་རྣམས་ཀྱིས་ཆོས་བརྒྱུད་ཁག་གི་མཐར་ཐུག་གི་ལྟ་བ་གཅིག་ཏུ་འབབ་ལུགས་འདི་གསུང་སྒྲོས་ཙམ་གྱི་ཚུལ་དུ་མི་འཇོག་པར་རིགས་ལམ་ནས་དྲངས་པའི་ཞིབ་དཔྱོད་དང་ཐུགས་ཁུར་མཛད་དགོས་པ་ནི། དུས་ལ་བབས་པ་ཞིག་ཏུ་འཁུམས་སོ་ཞེས་གཞེན་སྐུལ་དང་བཅས། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རང་ཤག་ཏུ་ཕྱི་ལོ་༢༠༠༧  ཟླ་༦ ཚེས་༥ ལ་རྫོགས་པར་བྲིས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.