ཆབ་ཚང་འཇམ་དཔལ།

དང་པོ། སྤྱོད་འཇུག་ཆེན་མོ་མཛད་པ་པོའི་རྣམ་ཐར།

                དེ་ཡང༌། རྒྱལ་སྲིད་རབ་སྤངས་གྲུབ་པ་བརྙེས། །གཙུག་ལག་གཉིས་ཀྱི་ཕྱོགས་ལས་རྒྱལ། །རབ་བྱུང་བདེན་གཟིགས་རྫུ་འཕྲུལ་བསྟན། །ངོ་མཚར་བདུན་ལྡན་དེ་ལ་འདུད། །ཅེས་ཇི་སྐད་སྨྲས་པ་ལྟར་བདག་ཉིད་ཆེན་པོ་ཞི་བའི་ལྷ་འདི་ཉིད་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་སཽ་རཱ་ཥ་ཊའི་མངའ་བདག་རྒྱལ་པོ་དགེ་བའི་གོ་ཆ་དང་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་སྲིད་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོད་པ་གཉིས་ཀྱི་སྲས་སུ་དུས་རབས་བདུན་པའི་དཀྱིལ་སྨད་ཙམ་ལ་གཟུགས་སྐུ་མངོན་པར་བལྟམས་ཤིང༌། མཚན་ལ་ཞི་བའི་གོ་ཆ་(འཇམ་དབྱངས་རྣམ་སྤྲུལ་ཞི་བ་ལྷས། །སློབ་དཔོན་ཛེ་ཏཱ་རེས་ཞི་བའི་ལྷ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་པ་དང༌། འཕགས་པ་ཞི་བ་ལྷ་ཉིད་ཀྱིས། །ཞེས་ཤེར་འབྱུང་བློ་གྲོས་ཀྱིས་འཕགས་པའི་གང་ཟག་ཏུ་གསུངས་པ་དང༌།

རྒྱལ་པའི་ལྷ་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་བི་བྷུ་ཏི་ཙནྡས་མཛད་པ་ཕུན་སུམ་ཚོགས་པ་ཅན་དུ་གསུངས་པས། རྒྱ་གར་མཁས་པའི་ཁྲོད་དུ་སློབ་དཔོན་ཞི་བའི་ལྷ་འདི་ཉིད་སོ་སྐྱེ་དང་འཕགས་པ་གང་ཡིན་ཐད་བཞེད་པ་མི་མཐུན། ྋགོང་ས་མཆོག་ནས་འཛམ་གླིང་ཡོངས་གྲགས་ལ་བྱང་ཆུབ་སེམས་དཔའ་འཁྲུལ་པ་མེད་པར་ངོས་འཛིན་པ་ནི་རྒྱལ་སྲས་ཞི་བ་ལྷ་ཡིན་ཞེས་བཀའ་གནང་འདུག ཞེས་གསོལ་གནང་མཛད། སྔོན་གྱི་རྒྱལ་བ་རྣམས་ལ་མཆོད་པ་དང༌། ཐར་པ་ཆ་མཐུན་གྱི་དགེ་རྩ་ཐོབ་པ་དང༌། ཐེག་པ་ཆེན་པོའི་རིགས་ལ་ཡང་དག་པར་གནས་པ་སོགས་ཚེ་རབས་འདི་དང་ཚེ་རབས་སྔོན་མའི་ལས་བསོད་ཀྱི་མཐུས་བྱིས་དུས་ནས་ཡུལ་དེའི་བྲམ་ཟེ་དང་རྒན་རབས་ལ་གུས་ཤིང༌། ལྷག་པར་དུ་དབུལ་ཕོངས་དང་ནད་གདོན་ཀྱིས་མནར་བའི་རིགས་རྒྱུན་དུ་སྙིང་རྗེས་སྐྱོང་བ་སོགས་ཁྱད་དུ་འཕགས་པའི་མཛད་པ་དུ་མས། རྒྱལ་བློན་འབངས་འཁོར་དང་བཅས་པའི་སེམས་ནང་བརྗེད་དཀའ་བའི་བག་ཆགས་གཏིང་ཟབ་བཞག དགུང་ལོ་དྲུག་ཏུ་སོན་སྐབས་སྦས་པའི་བརྟུལ་ཞུགས་འཆང་བའི་གྲུབ་ཐོབ་ཅིག་དང་མངོན་ཆུང་གིས་མཇལ་ཏེ་འཇམ་དཔལ་རྣོན་པོའི་དབང་དང་སྒྲུབ་ཐབས་སོགས་ཞུས་ནས་སྒོམ་བཟླས་ལ་འབད་པས་གཞོལ་བར་བརྟེན་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་ཏེ་ཆོས་ཀྱི་གསུང་གླེང་མང་དུ་གནང༌།

 

                དགུང་ལོ་བཅུར་སོན་སྐབས་ཡབ་རྒྱལ་པོ་དགེ་བའི་གོ་ཆ་སྐུ་ཚེ་མ་ཟིན་སྟབས། བློན་འབངས་སྤྱི་མོས་ཀྱིས་སྲས་ཞི་བའི་གོ་ཆ་རྒྱལ་སྲིད་དུ་དབང་བསྐུར་བའི་ཆོ་ག་བརྩམས་པའི་མཚན་མོར། གང་ཉིད་ཀྱི་རྨི་ལམ་དུ་རྒྱལ་ཁྲིར་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱེད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་དང༌། རྗེ་བཙུན་སྒྲོལ་མས་ཀྱང༌། བུ་སྙིགས་དུས་འདིར་རྒྱལ་སྲིད་ཀྱི་བྱ་བར་ཞུགས་ན་ཉོན་མོངས་པའི་དབང་གིས་མི་དགེ་བའི་ལས་འདྲ་མིན་སྣ་ཚོགས་སྤྱད་དེ། ཚེ་རབས་ཕྱི་མ་རྣམས་སུ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་དག་བཟོད་མི་ཐུབ་པ་ཉམས་སུ་མྱོང་བར་འགྱུར་རོ། དེ་བས་རྒྱལ་སྲིད་སྤངས་ནས་ཤར་ཕྱོགས་བྷང་གའི་ཡུལ་དུ་སོང་ཞིག དེར་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་བྱེད་དོ་ཞེས་གསུངས་པ་རྨིས་པས། ནངས་པར་ཉེས་རྒུ་ཚང་བའི་རྒྱལ་སྲིད་ཀྱི་བྱ་བ་འདི་འདྲར་གཏན་ནས་ཞུགས་མི་རུང་བ་ངེས་ཤེས་གཏིང་ཆོད་ཀྱིས་ཤར་ཕྱོགས་བྷང་གའི་ཡུལ་དུ་བཞིན་གྱི་དཀྱིལ་འཁོར་མངོན་པར་ཕྱོགས། ལམ་བར་དུ་ཞག་ཉེར་གཅིག་གི་རིང་ཟས་དང་སྐོམ་ཆུ་སོགས་མ་རྙེད་པས་ཤར་ཕྱོགས་བྷང་གའི་ནགས་མཐའ་དང་ཉེ་བའི་སར་སླེབས་མ་ཐག་སྐོམ་གདུང་གིས་དུག་ཆུ་འཐུང་བར་བརྩམས་པ་ན། གློ་བུར་དུ་སྤྲུལ་པའི་བུ་མོ་ཞིག་འོང་ནས་བསིལ་བཅུད་ཆེ་བའི་བདུད་རྩིའི་ཆུས་ཐུགས་ཡིད་རབ་ཏུ་ཚིམ་པར་བྱས། རྗེ་བཙུན་སྒྲོལ་མའི་སྤྲུལ་པར་གྲགས་པའི་བུ་མོ་དེས་ཁོང་གི་ཐུགས་འདུན་ལྟར་ནགས་ཚལ་དེའི་ཕུགས་ན་བཞུགས་པའི་རྗེ་བཙུན་འཇམ་དབྱངས་གྲུབ་ཐོབ་ཀྱི་རྣམ་པར་བརྫུས་པའི་རྣལ་འབྱོར་པ་ཞིག་ཡོད་པ་དེའི་དྲུང་དུ་ཁྲིད་ཕེབས་གནང༌། གྲུབ་ཐོབ་དེ་དང་མཇལ་མ་ཐག་ཁོང་གི་ཐུགས་ཡིད་རབ་ཏུ་ཕྲོགས་ནས་རང་ཉིད་ཀྱི་རྟ་མཆོག་དང་ལུས་ཀྱི་རྒྱན་ཆ་ཡོད་ཚད་ཕུལ་ནས་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱི་གདམས་པས་རྗེས་སུ་འཛིན་པར་ཞུས་པ་བཞིན། དེས་ཀྱང་སྐལ་བ་དང་འཚམ་པའི་འགངས་ཆེའི་གདམས་ངག་མང་དུ་གནང་ཞིང༌། ལོ་སྐོར་བཅུ་གཉིས་ཀྱི་ཡུན་ལ་རྣལ་འབྱོར་པ་དེའི་དྲུང་ནས་ཏིང་ངེ་འཛིན་ཟབ་མོ་རྩེ་གཅིག་ཏུ་བསྒྲུབས་པས། རྗེ་བཙུན་འཇམ་དབྱངས་དང་དངོས་སུ་མཇལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།

 

                དགུང་གྲངས་ཉེར་གཉིས་སུ་སོན་པ་ན་བླ་མས་རྗེས་སུ་གནང་བ་ལྟར་དཔལ་ནཱ་ལེནྔྲའི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཙནྡྲ་གོ་མིའི་ཕྱི་མ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང༌། མཚན་ལ་ཞི་བའི་ལྷ་ཞེས་གསོལ་གནང་མཛད། བོད་ཀྱི་མཁས་པ་ཁག་ཅིག་གིས། མཚན་འདི་ནཱ་ལེནྔྲའི་པཎ་གྲུབ་ལྔ་བརྒྱས་ཆེད་བསྟོད་ཀྱི་ཚུལ་དུ་གནང་བ་ཞིག་ཡིན་ཚུལ་གླེང༌། ཁོང་གིས་མཁན་པོ་རྒྱལ་བའི་ལྷ་ལས་འདུལ་བའི་སྡེ་སྣོད་དང་མངོན་པའི་སྡེ་སྣོད་མདོའི་སྡེ་སྣོད་སོགས་ལ་སྦྱངས་པས་ཁོང་ནང་བསྟན་ཆོས་ལུགས་པའི་ཁྲོད་ནས་གྲགས་ཅན་བསམ་བློ་བ་དང་མཚན་ཉིད་རིག་པ་བའི་གཙུག་རྒྱན་ལྟ་བུར་གྱུར། མ་ཟད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་གསལ་བར་བསྟན་པའི་བསྟན་བཅོས་མདོ་ཀུན་ལས་བཏུས་པ་དང༌། བསླབ་པ་ཀུན་ལས་བཏུས་པ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་བཅས་བརྩམས་པ་སོགས་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་དུས་འདའ་བར་བྱས་མོད་ཀྱང༌། ཐུན་མོང་སྣང་ངོར་ཐོས་བསམ་སྒོམ་སྒྲུབ་ཀྱི་རིགས་ཅི་ཡང་མི་བྱེད་པར་མ་ཟད། ཉིན་རེའི་དུས་ཐོག་རེ་བཞིན་འབྲས་བྲེ་བོ་ཆེ་ལྔ་རེ་ཆགས་མེད་དུ་བཞེས་པ་དང༌། རྒྱུན་དུ་ཉལ་གཉིད་འབའ་ཞིག་གིས་དུས་ཀྱི་བང་ཟད་པར་བྱས་པས། འདུ་ཤེས་གསུམ་པ་བ་ཞེས་དཔལ་ནཱ་ལེནྔྲའི་འདུས་མང་ཁྲོད་གྲགས་པ་འབར། 

 

དེ་ཙམ་ཞིག་ན་གཞན་ལ་བྱུས་གཏོགས་བྱེད་རྒྱུར་དགའ་བའི་གྲྭ་པ་ཚོས་ཁོང་ལ་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་འགྱུར་ངན་པས་སྤྱིར་དགེ་འདུན་པ་ཞིག་ཡིན་ཕྱིན་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བྱ་བ་ལས་ཀྱི་འཁོར་ལོ་སོགས་ལ་རྩེ་གཅིག་ཏུ་འབད་པས་གཞོལ་རྒྱུ་དེ་ཡིན་ན་ཡང༌། འདིས་དགེ་འདུན་པའི་ལས་སུ་བྱ་བ་གང་ལའང་མི་བརྩོན་བཞིན་དུ་དད་རྫས་ཀྱི་རིགས་ལ་བག་མེད་དུ་གང་འདོད་ལྟར་ལོངས་སུ་སྤྱད་ན་མི་རུང་བས། ཐབས་ཀྱིས་གནས་ནས་བསྐྲད་དགོས་པས་ཇི་ལྟར་བྱ་གྲོས་བྱས། ཉིན་ཞིག་འཆར་ཅན་ལྟར་བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསྟན་ནས་མུ་སྟེགས་བཏུལ་བའི་ཟླ་བར་ལུགས་སྲོལ་ལྟར་མདོ་འདོན་པའི་རེ་མོས་ཡོད་པའི་ནང་དུ་མདོ་འདོན་པར་བསྐོས་ན་ཁོ་རང་འགུལ་གྱིས་བྲོས་འགྲོ་སྙམ་ནས་མདོ་འདོན་པར་བསྐོས་པ་ན། ཐོག་མར་ཞལ་བཞེས་མ་གནང་མོད། ནན་གྱིས་སྐུལ་མཐར་དཔལ་ནཱ་ལེནྔྲའི་གཙུག་ལག་ཁང་གི་བྱང་ཤར་ཕྱོགས་ཀྱི་ཀུན་དགའ་ར་བར་ཁྲི་སྟན་མཐོན་པོར་བཞུགས་ནས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །ཞེས་སོགས་ཀྱིས་དབུ་བསྐུལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་རྫོགས་པར་གསུངས་པས། ཁོང་གི་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་དེ་ལག་ལེན་གྱི་འཕེལ་རིམ་ཐད་སུས་ཀྱང་ཚོད་དཔག་བྱེད་དཀའ་བར་བཟོས། 

 

                དེ་ནས་དཔལ་ནཱ་ལེནྔྲ་ནས་ཡུལ་དེའི་ལྷོ་ཕྱོགས་ཀྱི་རྒྱུད་སོ་བ་ནཱ་ཐ་ཞེས་པའི་རྟེན་ཡོད་པ་དང་ཉེ་བར་བྱོན་ཏེ། ནགས་ཚལ་གྱི་གཙུག་ལག་ཁང་དུ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡུན་རིང་བཞུགས་རྗེས་རབ་བྱུང་གི་རྟགས་བརྗེས་ཏེ་ཡུལ་དེའི་ལྷོ་ཕྱོགས་སུ་ཕེབས། དེར་ཡོད་ནང་པ་ཚོས་མུ་སྟེགས་པའི་སྟོན་པ་ཤང་ཀ་ར་དེ་ཝ་སོགས་དང་ནུས་པ་འགྲན་པ་ཞུས་པ་བཞིན་ཁས་བླངས་ཏེ། དངོས་གཞིའི་སྐབས་མུ་སྟེགས་པ་ཚོས་ནམ་མཁར་དཀྱིལ་འཁོར་བྲིས་པས། དེ་མ་ཐག་ཁོང་གིས་ཟད་པ་རླུང་གི་ཏིང་ངེ་འཛིན་ལ་བརྟེན་ནས་དཀྱིལ་འཁོར་བཤིག མུ་སྟེགས་པ་རྣམས་མཚོ་ཆེན་མོའི་ཕ་རོལ་ཏུ་བསྐྲད་དེ། ཡུལ་དེར་ནང་བསྟན་དར་བར་བྱས་པས། རྒྱ་གར་པ་ཚོས་ཡུལ་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་འབོད། དུས་ཀྱིས་བསྐལ་བས་ཡུལ་དེ་ད་ལྟ་གང་དུ་ཡོད་ཤེས་དཀའ་བ་ཏཱ་ར་ནཱ་ཐས་བཤད། བོད་ཀྱི་ལོ་རྒྱུས་རྣམས་སུ༑ ཁོང་གིས་ཡུལ་དེ་ནས་འཚོ་བ་ཆད་པའི་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་དང༌། མུ་ཏོ་བ་སྟོང་ཙམ་ལ་སྤྲུལ་པས་བཟའ་བཏུང་བླངས་ཏེ་བྱིན་ནས་དེ་དག་ཡོངས་རྫོགས་ནང་བསྟན་ལ་བཀོད་པའི་ཚུལ་གསུངས་ཡོད་ཀྱང༌། སྤྲུལ་པས་བཟའ་བཏུང་བླངས་ཏེ་བྱིན་ཚུལ་བཤད་པ་དེ་ཕལ་ཆེར་ཆོས་ལུགས་པ་ཚོས་རྟོག་བཟོས་བསླངས་པ་ཞིག་ཡིན་པས། ལོ་རྒྱུས་སྨྲ་པ་ཞིག་གིས་བལྟས་ཚེ་གཞི་འཛིན་ས་ཆེར་མི་སྣང་བ་ལྟ་བུ་ཞིག་རེད།

 

                འཇུག་པའི་རྣམ་བཤད་ལས། ཀླུ་སྒྲུབ་འཕགས་པ་ལྷ་ཡི་གྲུབ་པའི་མཐའ། །ཤིང་རྟ་ཆེན་པོ་གསུམ་གྱིས་བཀྲལ་བ་ཉིད། །ཐུན་མོང་མ་ཡིན་གནད་དོན་ཡོངས་རྫོགས་པར། །དྲི་མེད་བློ་གྲོས་མིག་གིས་ལེགས་མཐོང་ཞིང༌། །ཞེས་དང༌། ཡོངས་རྫོགས་འགྲེལ་མཛད་དཔལ་ལྡན་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་དང་ཞི་བ་ལྷ་ཡི་ལུགས། །གྲུབ་པའི་དབང་ཕྱུག་གསུམ་གྱི་བཞེད་པའི་སྒོ། །གཅིག་ཏུ་དྲིལ་ནས། ཞེས་སོགས་གསུངས་པ་ལྟར། ཁོང་དང༌། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་གསུམ་པོ་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་རྩ་བའི་ཆ་ནས་གཅིག་མཐུན་ཡིན་པར་མ་ཟད། ཟླ་བའི་ཞབས་དང་ཞི་བའི་ལྷ་གཉིས་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་མི་མཐུན་པའི་གནད་ཕྲ་མོ་ཙམ་ཡང་མེད་པས། འདི་གཉིས་འཕགས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པར་རྒྱ་གར་ན་ཡོངས་སུ་གྲགས།

 

                མདོར་བསྡུས་ནས་བཤད་ན། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་རྫོགས་པར་རྟོགས་ཤིང༌། བདག་པས་གཞན་གཅེས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཉིད་འབའ་ཞིག་གི་བདེ་བ་ལ་ལྟོས་པ་མེད་པར་མིའི་རིགས་ཧྲིལ་པོའི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས། ཐེག་པ་ཆེན་པོའི་ལམ་རྫོགས་པར་མཛད་མཁན་ཞིག་ཡིན་པ་བཅས་རྣམ་པར་ཐར་པ་མདོར་བསྡུས་པའོ།

 

གཉིས་པ། སྤྱོད་འཇུག་ཆེན་མོ་མཛད་པའི་དུས།

                དེ་ཡང་བློ་གྲོས་མི་ཟད་པའམ་ཡོངས་སུ་གྲགས་པ་ལྟར་ན་རྒྱལ་སྲས་ཞི་བའི་ལྷ་ཞེས་འབོད་པའི་མཁས་པའི་དབང་པོ་འདི་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་རྒྱས་པར་བསྟན་པ་བསླབ་པ་ཀུན་ལས་བཏུས་པ་དང༌། དེ་ལས་ཅུང་ཟད་བསྡུས་ཏེ་བསྟན་པ་མདོ་ཀུན་ལས་བཏུས་པ། དོན་རྒྱས་ལ་ཚིག་བསྡུས་པའི་ཚུལ་གྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གྲགས་ཆེ་བ་གསུམ་འགྲོ་བ་མིའི་རིགས་ཀྱི་སྤྱི་ནོར་དུ་འཇོག་གནང་མཛད། དེ་ཡང་སྤྱིར་རྒྱ་གར་ན་བསྟན་བཅོས་རྩོམ་པ་ལ་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་བཙུན་པ་ཟླ་གྲགས་ལ་སོགས་པ་དང༌། ཕན་འདོག་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སློབ་དཔོན་དྷ་ཀ་ལ་སོགས་པའི་ལུགས་མི་འདྲ་བ་གཉིས་ཡོད་པར་གྲགས་ཤིང༌། རྒྱལ་སྲས་ཞི་བ་ལྷ་ཁོང་རྩོམ་ཐབས་ཕྱི་མ་གཙོ་བོར་གནང་མཁན་ཞིག་ཡིན། དེར་བརྟེན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དབུར། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །ཞེས་ཁེངས་སྐྱུངས་པའི་རྣམ་པ་བསྟན་པ་རེད། ཡིན་ན་ཡང༌། གཞུང་འདིའི་རྩོམ་གཤིས་ཉམས་འགྱུར་དང༌། རྩོམ་གྱི་སྒྲིག་གཞིའི་སྒྱུ་རྩལ་བྱ་ཐབས་སོགས་ཀྱི་ཐད་ཁྱད་དུ་འཕགས་པའི་ལེགས་ཆ་མང་དུ་སྣང༌། ཁོང་གིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ད་ལྟའི་བར་དུ་ལེགས་སྦྱར་སྐད་ཐོག་མ་ཉམས་པར་བཞུགས་ཡོད། མདོ་ཀུན་ལས་བཏུས་པ་ཞེས་པའི་གཞུང་འདི་ཉིད་ལེགས་སྦྱར་སྐད་དང་འཛམ་གླིང་གི་སྐད་ཡིག་གང་གི་ཐོག་ཏུའང་ད་ལྟའི་ཆར་མཇལ་ཏུ་མེད་པར་བརྟེན། བུ་སྟོན་རིན་ཆེན་གྲུབ་སོགས་མཁས་པ་མང་པོ་ཞིག་གིས་མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཡིན་པར་ཐག་བཅད་ཡོད། བུ་སྟོན་སོགས་ཀྱིས་མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཡིན་ཞེས་གསུངས་པར་བལྟས་ན། དུས་རབས་བཅུ་གཉིས་པའི་གོང་རོལ་ཙམ་ཞིག་ནས་བོད་དང་ལེགས་སྦྱར་གྱི་སྐད་ཐོག་ནས་མདོ་བཏུས་ཀྱི་གཞུང་འདི་བརླག་ཚར་བ་མིན་ནམ་སྙམ། སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པའི་མཇུག་ཏུ། དེ་ལས་རྒྱ་ཆེར་རབ་སྟོན་པའི། །བསླབ་པ་ཀུན་ལས་བཏུས་པར་ཡང༌། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་དང༌། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་མཛད་པ། དེ་ཉིད་ཀྱིས་རུ་ལག་གཙང་སྟོད་འབྲི་མཚམས་ཀྱི་སའི་ཆ་དཔའ་རྟགས་གཙུག་ལག་ཁང་དུ་རང་འགྱུར་དུ་གྲགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་པའི་དབུར་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་བརྗོད་པའི་ཐད་དུ་མདོ་སྡེ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་དང་བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ།ཞེས་གསལ་བ་དང༌། ད་དུང་རྒྱལ་སྲས་ཞི་བའི་ལྷ་སྐུ་ཚེའི་སྨད་དུ་ཏྲེ་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྐར་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་བཞིན་པའི་སྐབས་དཔལ་ནཱ་ལེནྔྲ་ནས་གཟུངས་ཐོབ་པའི་པཎ་གྲུབ་གཉིས་(བོད་ཀྱི་ལོ་རྒྱུས་འགའི་ནང་གཟུངས་ཐོབ་པའི་མཁས་པ་གསུམ་ཕེབས་པར་བཤད་འདུག་མོད་ཀྱང༌། པཎ་གྲུབ་གཉིས་ཕྱིན་པར་འདོད་མཁན་གྱི་མཁས་པ་ཧ་ཅང་མང༌།) དེར་ཕྱིན་ནས་སྤྱོད་འཇུག་ནང་དུ་གསལ་བའི་བསྟན་བཅོས་གཉིས་མ་རྙེད་པས་གང་དུ་ཡོད་ཅེས་ཞུས་སྐབས། ལན་དུ་བསྟན་བཅོས་གཉིས་ངའི་སྤོང་ཁང་ན་ཡོད་པས་ལྟོས་ཤིག་ཅེས་གསུངས་པའི་ཚིག་འདི་རྒྱ་བོད་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་བཅུ་ཕྲག་འགའི་ནང་གཅིག་མཐུན་དུ་གསལ་བ་དང༌། དེ་མིན་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་ཞེས་པའི་ནང་དུ་ནུབ་ཀྱི་སྒོ་ལེགས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ་ཆེན་པོ་དང༌། བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་འགྲེལ་པ་དང༌། དགེ་བ་ལྷ་དང༌། བིབྷཱིཏི་ཙནྡྲས་མཛད་པའི་འགྲེལ་པ་དང༌། ནག་པ་བའི་དཀའ་འགྲེལ་དང༌། ཤེར་ལེའི་འགྲེལ་པ་རྔོག་ལོས་བསྒྱུར་པ་དང༌། སྤྱོད་འཇུག་གི་ལེའུ་དགུ་མའི་འགྲེལ་པའི་སྨད་དང༌། བསླབ་བཏུས་རྩ་འགྲེལ་དང༌། མདོ་ཀུན་ལས་བཏུས་པ་རྩ་འགྲེལ་ལ་སོགས་པ་ཐེག་པ་ཆེན་པོའི་སྤྱོད་ཕྱོགས་ཀྱི་བསྟན་བཅོས་རྣམས་ཀྱི་ལེགས་བཤད་བསྡུས་ཤིང༌།ཞེས་དང༌། གཞན་ཡང༌། དཔའ་བོ་གཙུག་ལག་འཕྲེང་བས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོ་ཞེས་པའི་ནང་དུ་འོན་ཀྱང་མདོ་བཏུས་དང་བསླབ་བཏུས་གཉིས་སྔོན་ནས་བརྩམས་ཟིན་པའི་བསྟན་བཅོས་ཡིན་ལ།ཞེས་སོགས་མང་དུ་གསལ་བ་སོགས་གང་ལ་བསམས་ཀྱང་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་གཉིས་གཞུང་གཅིག་མིན་པ་བདེ་བླག་ངང་རྟོགས་ཐུབ་པ་ཞིག་རེད། གཞན་ཡང་མདོ་བཏུས་འདི་ཉིད་དགེ་བཤེས་ཤ་ར་བས་ར་སྒྲེང་ནས་རྒྱ་དཔེ་བླངས་ནས་པ་ཚབ་ཉི་མ་གྲགས་ཀྱིས་བོད་སྐད་ཐོག་བསྒྱུར་ཚུལ་བཀའ་གདམས་ཆོས་འབྱུང་དུ་བཤད་པ་ཐུབ་བསྟན་ཆོས་གྲགས་ཀྱིས་སྤྱོད་འཇུག་འགྲེལ་པར་དྲངས་ཡོད་ཀྱང་ད་ལྟའི་ཆར་མཇལ་དུ་མེད་པ་གོང་གསལ་ལྟར་ཡིན། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མདོ་བཏུས་བོད་སྐད་ཐོག་བསྒྱུར་ཡོད་ཚུལ་ྋགོང་ས་མཆོག་ལ་གསུངས་པ་དེ་གོང་གསལ་གྱི་བཀའ་གདམས་ཆོས་འབྱུང་ལ་གཞི་བཅོལ་བ་ཞིག་མིན་ནམ་སྙམ།

 

                དེར་བརྟེན་ཁོང་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ལུས་ལྟ་བུའི་བསྟན་བཅོས་གསུམ་མཛད་པའི་ནང་ནས་རླབས་ཆེ་ཞིང་འཕྲིན་ལས་འཕེལ་བའི་བསྟན་བཅོས་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཡིན་ཞིང༌། འདིའི་ཤོ་ལོ་ཀ་རེ་རེ་ལའང་མདོའི་ཁུངས་རེ་ཡོད་པ་བསླབ་བཏུས་དང་སྤྱོད་པ་ལ་འཇུག་པ་འདི་གཉིས་དཔྱད་བསྡུར་གྱིས་གཟིགས་ན་ངེས་པ་གཏིང་ཟབ་ཅིག་རྙེད་ཐུབ། གཞུང་འདི་ཉིད་རྒྱ་བོད་ཀྱི་བློ་སྦྱོང་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་ཡོད་སྟབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དབུས་བོད་ཕྱི་རབས་པའི་མཁས་པ་མང་དག་ཅིག་གིས་སྤྱོད་འཇུག་ཆེན་མོ་འདི་ཉིད་དུས་རྒྱུན་དུ་ནས་ཉིན་ལྟར་ཆག་མེད་ལྟ་བུར་ཞལ་འདོན་གནང་བཞིན་ཡོད་འདུག མ་ཟད་བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་ཀྱང་སྤྱོད་འཇུག་ཆེན་མོའི་གཞུང་ཡོངས་རྗོགས་སམ་མ་མཐའ་ཡང་བག་ཡོད་ཡན་གྱི་ལེའུ་བཞི་དང༌། བསྔོ་བའི་ལེའུ་བཅས་ལེའུ་ལྔ་བོ་འདི་དག་ཉིན་ལྟར་ཆག་མེད་དུ་ཞལ་འདོན་གནང་བའི་ཕྱག་སྲོལ་ཡོངས་ཁྱབ་རང་བཞིན་ལྟ་བུར་གྱུར་འདུག སྤྱིར་བསྟན་བཅོས་འདིའི་མཚན་ལ་ལེགས་སྦྱར་སྐད་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་གསལ་ཡོད་ཀྱང༌། ལོ་ཙཱ་བས་བོད་སྐད་དུ་བསྒྱུར་སྐབས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་(སྤྱོད་འཇུག་ཆེན་མོའི་མཚན་བྱང་བོད་བསྒྱུར་ཐད་དཔེར་ན། དམ་པའི་ཆོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སྤྱོད་པ་ལ་འཇུག་པ། སྤྱོད་འཇུག་ཆེན་མོ། སྤྱོད་འཇུག བྱང་ཆུབ་སྤྱོད་པ་ལ་འཇུག་པ་སོགས་མི་འདྲ་བ་མང་དུ་ཡོད་པ་ལྟ་བུ་རེད། ཞེས་བསྒྱུར་འདུག སྤྱིར་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་རེ་རེར་མིང་དུ་བཏགས་པའི་དགོས་པ་ནི། ཇི་སྐད་དུ། མདོ་སྡེ་ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་ཞིབ་ཏུ་གསུངས་པ་ལྟར་ཡིན་ལ། ལྷག་པར་དུ་བསྟན་བཅོས་ལ་མཚན་གསོལ་བའི་དགོས་པ་ནི།དབང་པོ་རབ་ཀྱིས་སྨན་པས་ལག་རྩར་བལྟས་པས་ལུས་མགོ་མཇུག་གི་ནད་ཐམས་ཅད་ཤེས་པ་ལྟར་མཚན་དོན་ལ་བརྟེན་ནས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ་ཡོད། འབྲིང་གིས་དམག་མིའི་མདའ་བྱང་ལྟར་ཕྱོགས་གར་གཏོགས་ཤེས་པའི་དགོས་པ་ཡོད། ཐ་མས་སྨན་གྱི་ཁ་བྱང་ལྟར་མིང་དོན་གྱི་འབྲེལ་བ་གོ་སྟེ་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་པ་ཡིན། མཚན་འདོགས་ལུགས་ལ་ཡང་བརྗོད་བྱའི་དོན་དང༌། རྗོད་བྱེད་ཀྱི་ཚད། བྱེད་ལས། གནས། དུས། དཔེ། འཁོར། ཞུ་བ་པོ། རྩོམ་པ་པོའི་མཚན་ཟུར། འབྱུང་ཁུངས་ཀྱི་སྒོ་ནས། དཔེ་མཚོན་གྱི་སྟེང་ནས། རྩོམ་ཡིག་གི་ཕྱི་དབྱིབས་དང་ཁ་དོག་གི་སྒོ་ནས་བཏགས་པ་སོགས་མང་དུ་སྣང་ཡང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་མིང་འདི་ཉིད་བརྗོད་བྱའི་སྒོ་ནས་བཏགས་ཤིང༌། དེ་ཡང་གཙོ་བོ་ཕ་རོལ་པོས་བསྟན་བཅོས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་བསྟན་བཅོས་ཀྱི་དོན་རགས་པ་ཙམ་གོ་བའམ་དབང་པོའི་ཁྱད་པར་གྱིས་བརྗོད་དོན་ཅི་རིགས་རྟོགས་ནུས་པར་དམིགས་པ་ཞིག་ཡིན།

 

                དེ་འདྲའི་བསྟན་བཅོས་དེ་གནས་གང་དང་དུས་གང་ཞིག་ཏུ་བརྩམས་མིན་ཐད་གཅིག་མཐུན་མིན་པའི་བཤད་སྒྲོས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་ཞིག་རེད། དེ་ཡང་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་པའི་ནང་དུ་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ་ཞེས་སོགས་གསལ་བར་དཔྱད་ན། བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲ་གཙོས་རྒྱ་གར་གྱི་མཁས་པ་དག་གི་ཁྲོད་དུའང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་རྒྱལ་སྲས་ཞི་བ་ལྷས་སྔོན་དུས་ནས་བརྩམས་ཟིན་པ་ཞིག་དཔལ་ནཱ་ལེནྔྲའི་གཙུག་ལག་ཁང་གི་བྱང་ཤར་ཕྱོགས་ཀྱི་ཀུན་དགའ་ར་བར་ངག་ཐོག་ནས་གསུངས་པ་ཞིག་ཡིན་པར་འདོད་མཁན་མང་ཙམ་ཡོད་པ་མཚོན་ཐུབ་པ་ཞིག་རེད། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་ཞེས་པའི་ནང་དུ་བརྩམས་ཞེས་འདས་པའི་རྐྱེན་བསྟན་པ་ནི། ནང་དུ་ཐུགས་དགོངས་ལ་རྫོགས་པར་བརྩམས་པའི་དབང་དུ་བྱས་པའོ་ཞེས་གསལ། ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་ཞེས་པའི་ནང་དུ་བརྩམས་ཞེས་བཤད་ཀྱང༌། རང་གི་ཐུགས་ཡུལ་དུ་བརྩམས་ཟིན་པའོ་ཞེས་དང༌། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་པའི་ནང་དུའང་འདི་ཞེས་ཉེ་ཚིག་སྨོས་པ་ནི། སློབ་དཔོན་གྱི་ཐུགས་ལ་རྫོགས་པ་ལ་དགོངས་པའམ་ཡང་ན་འདི་བརྩམས་པ་ཡིན་གྱི་རྫོགས་པ་ནི་མ་ཡིན་ནོ། ཞེས་པའི་ཐ་ཚིག་གོ།ཞེས་སོགས་གསུངས་པས། ས་བཟང་མ་ཏི་པཎ་ཆེན་དང་རྒྱལ་ཚབ་རིན་པོ་ཆེ་གཉིས་ཀའི་གཞུང་དུ་གོང་གསལ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་སྒྲོས་དང་གཅིག་མཚུངས་ལྟ་བུར་གསལ་བར་བརྟེན་མཁས་པ་འདི་གསུམ་གྱིས་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཡོངས་གྲགས་སུ་མ་གསུངས་པའི་སྔོན་དུ་སྤྱོད་འཇུག་དེ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་མེད་པ་བཞེད་ཀྱི་ཡོད་པ་ཐག་བཅད་ཆོག དཔའ་བོ་གཙུག་ལག་འཕྲེང་བས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོ་ཞེས་པའི་ནང་དུབྱབྱའོན་ཀྱང་ལོ་རྒྱུས་སྔ་མ་དེ་དག་ན་དེའི་སྔུན་ན་བརྩམས་ཟིན་པ་ཤ་སྟག་བྲིས་སྣངབྱབྱཞེས་གསལ་བས། དཔའ་བོ་གཙུག་ལག་འཕྲེང་བའི་གོང་དུ་བྱོན་པའི་བོད་སྔ་ཕྱིའི་མཁས་པ་ཕལ་མོ་ཆེས་སྤྱོད་འཇུག་འདི་ཉིད་རྒྱལ་སྲས་ཞི་བ་ལྷས་ཡོངས་གྲགས་སུ་མ་གསུངས་པའི་སྔོན་དུས་ནས་བརྩམས་ཟིན་པ་ཞིག་ཡིན་པ་འཐད་ཕྱོགས་སུ་བཟུང་ཡོད་པ་རྟོགས་ཐུབ།

 

  དཔའ་བོ་གཙུག་ལག་འཕྲེང་བའི་གོང་གསལ་གྱི་གཞུང་ནང་དུ་འོན་ཀྱང་མདོ་བཏུས་དང་བསླབ་བཏུས་གཉིས་སྔོན་དུས་ནས་བརྩམས་པའི་བསྟན་བཅོས་ཤིག་ཡིན་ལ། སྤྱོད་པ་ལ་འཇུག་པ་ནི་སེང་གེའི་ཁྲི་ལ་སྤྱན་དྲངས་ནས་སྔར་མ་གྲགས་པ་འདོན་པར་ཞུས་པའི་མོད་ལ་ཤར་གྱིས་གསུངས་པ་གདོན་མི་ཟ་སྟེ། བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །ཞེས་གསུངས་པས་ཀྱང་ངེས་སོ།ཞེས་གསལ་བས། དཔའ་བོ་གཙུག་ལག་འཕྲེང་བས་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་འདི་བཞིན་ཡོངས་གྲགས་སུ་མ་གསུངས་པའི་གོང་དུ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་མེད་པར་འདོད་པ་ཙམ་དུ་མ་ཟད། དེའི་གོང་དུ་བསྟན་བཅོས་འདིའི་གཞི་རྩའི་སྒྲོམ་གཞིའི་རྣམ་པ་ཙམ་ཡང་ཇི་ལྟ་བ་བཞིན་རྒྱལ་སྲས་ཞི་བ་ལྷའི་ཐུགས་ཐོག་ཏུ་འཁྲུངས་ནས་མེད་པར། གསུང་ཆོས་ར་བ་རང་ནས་ཐུགས་ལ་ཤར་ཚོད་ཀྱིས་གསུངས་པ་ཞིག་ཡིན་པར་འདོད་ཀྱི་ཡོད།

 

                མདོར་བསྡུས་ནས་བཤད་ན། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཡང་མདོ་བཏུས་དང་བསླབ་བཏུས་བཞིན་སྔོན་དུས་ནས་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་ཟིན་པར་འདོད་པ་དང༌། བུ་སྟོན་རིན་ཆེན་གྲུབ་དང༌། ས་བཟང་མ་ཏི་པཎ་ཆེན། རྒྱལ་ཚབ་དར་མ་རིན་ཆེན། དཔའ་བོ་གཙུག་ལག་འཕྲེང་བ་སོགས་བོད་ཀྱི་མཁས་པ་ཕལ་མོ་ཆེས་སྤྱོད་འཇུག་འདི་ཡོངས་གྲགས་སུ་མ་གསུངས་པའི་སྔོན་དུ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་ཟིན་མེད་པ་བཞེད་ཀྱི་ཡོད་པས་གནས་སྐབས་ཕྱི་མའི་ལུགས་ལྟར་བྱས་ན་ལོ་རྒྱུས་ཀྱི་འགྲོས་དང་མཐུན་སྙམ་མོ།

 

གསུམ་པ། སྤྱོད་འཇུག་ཆེན་མོའི་ཤོ་ལོ་ཀ་དང་ལེའུའི་གྲངས་ཚད།

                རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསྟན་ནས་མུ་སྟེགས་པའི་སྟོན་པ་དྲུག་བཏུལ་བའི་ཉིན་མོ་དང་སྒོ་བསྟུན་ནས་གསུངས་ཤིང༌། དེ་ཡང་དགོས་པ་སུ་ཞིག་གི་ཆེད་དུ་གསུངས་པ་ཡིན་སྙམ་ན། སྤྱིར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཐམས་ཅད་དང༌། ནང་སྒོས་སུ་དཔལ་ནཱ་ལེནྔྲའིི་པཎ་གྲུབ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་ལམ་ཚང་ལ་མ་ནོར་བར་ཉམས་སུ་ལེན་ཤེས་པའི་ཆེད་དུ་བརྩམས་པ་ཞིག་ཡིན་པ་ཡུལ་དེར་གྲགས་པ་ཤིན་ཏུ་ཆེ། དེར་བལྟས་ན། སྐབས་དེའི་དཔལ་ནཱ་ལེནྔྲའིི་མཁས་པ་ཚོ་གཞུང་གི་གོ་སྟོབས་ལ་བྱང་ཚད་ངེས་ཅན་ལྡན་པ་མ་གཏོགས། གཞུང་དོན་ཉམས་ལེན་གྱི་འགྲོས་ལ་དེ་ཙམ་གསལ་ཆ་མེད་པ་ལྟ་བུ་ཞིག་ཏུ་མཐོང༌། ཁོང་གིས་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཞེས་སོགས་ནས་ལེའུ་དགུ་པ་ཤེས་རབ་ལེའུའི་དབུར་གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པའི་བར་གསུངས་གྲུབ་མཚམས་སུ་རྫུ་འཕྲུལ་གྱིས་ནམ་མཁར་གཤེགས་ཏེ་གཟུགས་སྐུ་མི་སྣང་བའི་ཟོལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་རྫོགས་པར་གསུངས་ཏེ། དེ་མ་ཐག་ཡུལ་དེའི་ལྷོ་ཕྱོགས་ཀྱི་རྒྱུད་སོ་བ་ནཱ་ཐ་ཞེས་པའི་རྟེན་ཡོད་པ་དང་ཉེ་བར་བྱོན་པར་བརྟེན། ཤུལ་བཞུགས་དཔལ་ནཱ་ལེནྔྲའིི་རྣ་བའི་མངོན་ཤེས་ཅན་དང༌། མི་བརྗེད་པའི་གཟུངས་ཐོབ་པའི་པཎ་གྲུབ་རྣམས་ཀྱིས་སོ་སོའི་ཐུགས་ཐོག་ཏུ་མངའ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་རིས་རྣམས་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་འབྲི་བཞེངས་བྱེད་སྐབས་ཁ་ཆེ་པ་རྣམས་ལ་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་དང༌། མཆོད་བརྗོད་རང་གི་བློས་སྦྱར། ཡུལ་ཤར་ཕྱོགས་པ་རྣམས་ལ་ལེའུ་བརྒྱད་དང་ཤོ་ལོ་ཀ་བདུན་བརྒྱ། མཆོད་བརྗོད་དབུ་མ་རྩ་བའི་ཚིག་དེ་བཅུག དབུས་པ་རྣམས་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་དང༌། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ལེའུ་བཅུ་དང་ཤོ་ལོ་ཀ་སྟོང་ཏག་ཏག་ཡོད་པ་ཞིག་བྱུང་བས་གཅིག་ཏུ་མ་མཐུན་པར་བརྟེན། དཔལ་ནཱ་ལེནྔྲའིི་དགེ་འདུན་པའི་དབུས་ནས་མི་བརྗེད་པའི་གཟུངས་ཐོབ་པའི་པཎ་གྲུབ་གཉིས་ཁོང་བཞུགས་ཡུལ་དེར་ཕྱིན་ནས་གནས་ཚུལ་ཞུས་པས། གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་ཞེས་བཀའ་གནང་བའི་ལོ་རྒྱུས་ཡོད་ཀྱང༌། ཁ་ཆེ་པ་དང་ཡུལ་ཤར་པ་དབུས་པ་སོ་སོས་རང་རང་གིས་བསྡུས་པའི་ལུགས་ལྟར་བཟུང་བས། རྩ་བའི་ཤོ་ལོ་ཀ་དང་ལེའུའི་གྲངས་ཚད་མི་མཐུན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་མི་འདྲ་བ་གསུམ་དུ་གྱུར། ཡུལ་ཤར་པ་རྣམས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུ་དང་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་གཉིས་ཀྱི་ཟུར་ཙམ་ཡང་མི་གསལ་སྟབས་རིམ་པས་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཏུ་གྱུར། ཁ་ཆེ་བ་རྣམས་ཀྱིས་བསྡུས་པའི་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་ཡོད་པའི་སྤྱོད་འཇུག་དེ་ཡང་ཡུལ་དབུས་པ་རྣམས་ཀྱིས་རང་ལུགས་ལྟར་བཙན་གྱིས་བཅོས་པས། ད་ལྟའི་ཆར་ལེགས་སྦྱར་སྐད་དུ་བཞུགས་པའི་སྤྱོད་འཇུག་གི་རྩ་བ་དེ་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པའི་ལེའུ་བཅུ་དང་ཤོ་ལོ་ཀ་སྟོང་ཏག་ཏག་ཡོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཉིད་ཡིན་པར་གྲགས།

 

                ཡིན་ན་ཡང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་བོད་སྐད་དུ་ཐོག་མར་བསྒྱུར་བའི་སྐབས་སུ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་བོད་སྐད་དུ་ཕབ་བསྒྱུར་མཚམས་སྦྱོར་བྱས་པར་བརྟེན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་མ་བྱོན་བར་གྱི་ལོ་ངོ་བརྒྱ་སྐོར་ཞིག་གི་རིང་སྤྱོད་འཇུག་གི་རྩ་བ་དེ་རང་གཞི་རྩར་བཟུང་སྟེ་རང་རེ་བོད་ཀྱི་མཁས་པ་ཚོས་སློབ་སྦྱོང་དང་ཉམས་ལེན་བྱས་ཤིང༌། མ་ཟད་བར་སྐབས་ཤིག་ལ་སྐ་བ་དཔལ་བརྩེགས་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཤོ་ལོ་ཀ་དྲུག་བརྒྱ། ཚིག་རྐང་ཉིས་སྟོང་བཞི་བརྒྱ། ཡིག་འབྲུ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་ཡོད་པའི་སྤྱོད་འཇུག་གི་རྩ་བ་ཞིག་བསྒྱུར་གནང་མཛད་འདུག དེ་ཕལ་ཆེར་ཡུལ་ཤར་ཕྱོགས་པ་རྣམས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་དེ་མིན་ནམ་སྙམ། ཕྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས་སོགས་ཀྱིས་བོད་སྐད་དུ་བཞུགས་པའི་ཁ་ཆེ་པས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་དགུའི་བདག་ཉིད་ཅན་འདི་ཉིད་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་པ་དང༌། སླར་ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་གཉིས་ཀྱིས་དག་པར་བཅོས། འདི་ནི་ཤོ་ལོ་ཀ་སྟོང་དང༌། ལེའུ་བཅུ་ཡོད་པའི་ཡུལ་དབུས་པའི་ལུགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཡིན་ཞིང༌། བོད་ཀྱི་ལོ་ཙཱ་བ་ཚོས་གཞུང་འདི་བམ་པོ་གཉིས་ཀྱི་ནང་དུ་བསྡུས་འདུག

 

                རྒྱ་གར་དུ་གསུང་རབ་རྣམས་ཤོ་ལོ་ཀ་དང་ལེའུ་སོགས་ཀྱིས་བསྡུས་པ་མ་གཏོགས་བམ་པོའི་ལུགས་སུ་བྱས་ནས་བསྡུས་པ་ཞིག་བྱུང་མེད། གསུང་རབ་རྣམས་བམ་གྲངས་ཀྱིས་བསྡུ་སྟངས་དེ་རང་རེའི་བོད་ཀྱི་ལོ་ཙཱ་བ་ཚོས་གསར་དུ་བཏོད་པ་ཞིག་རེད། བམ་པོ་ཞེས་པ་ནི། གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་སྡོམ་པའི་མིང་ཡིན་ཞིང༌། བམ་གྲངས་སྨོས་པའི་དགོས་པ་གཙོ་བོ་ནི། གཞུང་གི་ཚད་གཞི་ལ་སྒྲོ་སྐུར་སྤང་བའི་ཆེད་དུ་ཡིན། རང་རེའི་བོད་ཀྱི་གསུང་རབ་མང་ཆེ་བའི་ནང་དུ་བམ་པོ་ནི། ཁ་ཐུར་བལྟ་ཞེས་པ་སྟེ། དང་པོ་ནས་བརྩི་བ་དང༌། ལེའུ་ནི་ཁ་གྱེན་བལྟ་སྟེ། གྲངས་སོང་ཟིན་པ་བརྩི་བ་ཡིན་ཞེས་གསལ། སྤྱིར་བམ་པོ་དང་ཤོ་ལོ་ཀ་ལེའུའི་གྲངས་ཚད་སོགས་ལ་མི་མཐུན་པ་དུ་མ་ཞིག་ཡོད། དཔེར་ན་ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། སློབ་དཔོན་སེངྒེ་བཟང་པོས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མཛད་པར་གྲགས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་འགྲེལ་པ་དོན་གསལ་ལྟ་བུ་དང༌། ཤོ་ལོ་ཀ་ཉེར་ལྔ་ལ་བམ་པོ་རེ་བྱས་པ་མདོ་ཤེས་རབ་སྙིང་པོ་ལྟ་བུ་དང༌། དེ་བཞིན་ཚེག་བར་བརྒྱད་རེ་ལ་ཤོ་ལོ་ཀ་རེ་དང༌། དེ་འདྲའི་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེའི་ཚད་དུ་བྱས་པའི་དཀར་ཆག་བཀོད་པ་དེར་དཀར་ཆག་འཕང་ཐང་མ་ཟེར་བ་ལྟ་བུ་ཡིན། སྐབས་རེ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་དང༌། བཞི་བརྒྱ་ཙམ་ལ་བམ་པོ་རེར་བརྩིས་པ་ཡང་ཡོད་པས། བམ་གྲངས་བརྩི་སྟངས་དེ་གསུང་རབ་ཀྱི་སྦམ་ཆེ་ཆུང་ལ་འབྲེལ་པ་ཏོག་ཙམ་མེད་དམ་སྙམ་པ་ཞིག་འདུག

 

                དེ་བཞིན་ལེའུ་དང་ཤོ་ལོ་ཀའི་གྲངས་ཚད་ལྟ་བུར་མཚོན་ན་རྒྱ་གར་དང་རང་རེའི་བོད་ཀྱི་མཁས་པ་རྣམས་བརྩི་སྟངས་མི་འདྲ་བ་ཙམ་དུ་མ་ཟད། ཡུལ་སོ་སོའི་མཁས་པ་རྣམས་ཀྱང་ཕར་ཚུར་བརྩི་སྟངས་མི་འདྲ་བ་ཆགས་ཡོད། ཡིན་ན་ཡང་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་རྒྱ་གར་དང་རང་རེའི་བོད་ཀྱི་མཁས་པ་ཚོས་ཚིག་རྐང་བཞི་རེར་ཤོ་ལོ་ཀའི་མིང་གིས་བཏགས་པ་ཕལ་མོ་ཆེ་མཚུངས་ཀྱང༌། ཚིག་ལྷུག་ཐད་ནས་རྒྱ་གར་པ་ཚོས་ཚེག་བར་གཅིག་རེ་ཡི་གེ་འབྲུ་རེར་རྩིས་པའི་ཡིག་འབྲུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་ཏུ་རྩི་བ་དང༌། བོད་པ་ཚོས་ཚེག་བར་ཉེར་བརྒྱད་རེ་ལ་ཤོ་ལོ་ཀ་གཅིག་ཏུ་རྩི་བཞིན་ཡོད། དེ་མིན་ལེའུའི་གྲངས་ཚད་ལའང་སྤྱི་ཡོངས་ཀྱི་ཆ་ནས་ཆ་སྙོམས་བྱས་ན་ལེའུ་རེར་ཤོ་ལོ་ཀ་བརྒྱ་དང་ལྔ་བཅུའི་ཡན་ཞིག་དགོས་པ་རྒྱ་གར་དང་རང་རེའི་བོད་ཀྱི་མཁས་པ་ཚོས་ཧ་ལམ་གཅིག་མཚུངས་ལྟ་བུར་འདོད།

 

                གོང་དུ་ཞུས་པ་བཞིན་བཙན་པོ་ཁྲི་སྲོང་སྐབས་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་ཁ་ཆེ་བའི་ལུགས་ལྟར་བསྒྱུར་བའི་སྤྱོད་འཇུག་ཆེན་མོ་དེར་གོང་གསལ་ལྟར་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་དང་ཚིག་རྐང་བཞི་སྟོང་ལྷག་ཡོད། ཕྱིས་ལོ་ཙཱ་བ་ཕྱི་མ་ཚོས་གཞུང་དེ་ཡུལ་དབུས་པའི་ལུགས་ལྟར་བཅོས་པར་བརྟེན་སྔར་གྱི་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་ཚིག་རྐང་བཞི་སྟོང་ལྷག་ཡོད་པའི་སྤྱོད་འཇུག་དེ་ལེའུ་བཅུ་དང་ཤོ་ལོ་ཀ་སྟོང་ཚིག་རྐང་བཞི་སྟོང་ཡོད་པའི་སྤྱོད་འཇུག་ཅིག་ཏུ་གྱུར་པ་རེད། ལོ་རབས་བཅུ་གསུམ་པའི་ནང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་མཆན་གྱི་རྩ་བའི་ལེའུ་དང་པོར་ཤོ་ལོ་ཀ་སོ་དྲུག་དང་རྐང་པ་གཅིག ལེའུ་གཉིས་པར་ཤོ་ལོ་ཀ་རེ་ལྔ། ལེའུ་གསུམ་པར་ཤོ་ལོ་ཀ་སོ་གསུམ་དང་རྐང་པ་གསུམ། ལེའུ་བཞི་པར་ཤོ་ལོ་ཀ་ཞེ་བརྒྱད། ལེའུ་ལྔ་པར་ཤོ་ལོ་ཀ་བརྒྱ་དང་དགུ། ལེའུ་དྲུག་པར་ཤོ་ལོ་ཀ་བརྒྱ་དང་སོ་བཞི། ལེའུ་བདུན་པར་ཤོ་ལོ་ཀ་དོན་བཞི། ལེའུ་བརྒྱད་པར་ཤོ་ལོ་ཀ་བདུན་བརྒྱ་སོ་དྲུག ལེའུ་དགུ་པར་ཤོ་ལོ་ཀ་རེ་དྲུག ལེའུ་བཅུ་པར་ཤོ་ལོ་ཀ་ང་བདུན་ཡོད་པ་ཞིག་འདུག་པས། དེ་གཞིར་བཟུང་བྱས་ན། ཁོང་གིས་མཆན་བཏབ་པའི་སྤྱོད་འཇུག་རྩ་བ་དེར་ཤོ་ལོ་ཀ་དགུ་བརྒྱ་དང་ཕྱེད་གསུམ་ཚིག་རྐང་སུམ་སྟོང་དྲུག་བརྒྱ་བཅུ་མ་གཏོགས་མེད་པ་དང༌། དེ་རྗེས་ཀྱི་སྤྱོད་འཇུག་གི་འགྲེལ་པ་གྲགས་ཆེན་དུ་བརྩི་བ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས་དང༌། དཔའ་བོ་གཙུག་ལག་འཕྲེང་པས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོ་སོགས་ཀྱི་རྩ་བའི་ཤོ་ལོ་ཀའི་གྲངས་ཚད་ཐད་གཅིག་མཐུན་མིན་པའི་འཕར་ཆག་ཅི་རིགས་ཤིག་ཡོད་པ་མཐོང༌། ལྷག་པར་དུ་ཉེ་ཆར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་མ་ཕྱི་གནང་སོན་བྱུང་བ་གཞིར་བཟུང་ལྟར་པར་བཏབ་ནས་ཝར་ཎའི་ྋགོང་ས་མཆོག་གི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་ར་བར་བཀྲམ་པའི་སྤྱོད་འཇུག་ཆེན་མོའི་རྩ་བར་ཤོ་ལོ་ཀ་བརྒྱད་བརྒྱ་རེ་གཅིག་དང་ཚིག་རྐང་སུམ་སྟོང་བཞི་བརྒྱ་ཞེ་བཞི་མ་གཏོགས་མེད་པས། ད་ལྟའི་བར་དུ་ཡུལ་དབུས་པའི་ལུགས་ལྟར་བྱུང་བའི་སྤྱོད་འཇུག་ཆེན་མོའི་ཤོ་ལོ་ཀའི་གྲངས་ཚད་ཆེས་ཉུང་ཤོས་དེ་ཡིན།

 

                མདོར་བསྡུས་ནས་བཤད་ན། བཙན་པོའི་དུས་རབས་སྐབས་སུ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་བོད་སྐད་དུ་གཏན་ལ་ཕབ་པའི་སྤྱོད་འཇུག་ཆེན་མོ་དེར་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་ཡོད་པ་དང༌། དེ་རྗེས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས་སོགས་དང༌། སླར་ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་སོགས་ཀྱིས་རིམ་པར་ཡུལ་དབུས་པའི་ལུགས་ལྟར་བཅོས་པར་བརྟེན་སྔར་བོད་སྐད་ཐོག་བཞུགས་པའི་ཁ་ཆེ་པའི་ལུགས་ལྟར་བསྡུས་པའི་སྤྱོད་འཇུག་དེ་ལེའུ་བཅུ་དང་ཤོ་ལོ་ཀ་སྟོང་ཚིག་རྐང་བཞི་སྟོང་ཅན་དུ་གྱུར་པ་དང༌། ཕྱིས་རྒྱལ་སྲས་ཐོགས་མེད་བཟང་པོ་རྗེས་འབྲང་དང་བཅས་པ་མང་ཆེ་བས་འགྲེལ་མཆན་བཏབ་པའི་སྤྱོད་འཇུག་གི་རྩ་བར་ཤོ་ལོ་ཀ་དགུ་བརྒྱ་དང་ཕྱེད་གསུམ་ཚིག་རྐང་སུམ་སྟོང་དྲུག་བརྒྱ་བཅུ་ཅན་ཞིག་ཤ་སྟག་བྱུང་ཡོད། ལོ་རབས་བཅོ་བརྒྱད་པའི་དུས་མཇུག་ཅིག་ནས་ཤོ་ལོ་ཀ་བརྒྱད་བརྒྱ་རེ་གཅིག་དང་ཚིག་རྐང་སུམ་སྟོང་བཞི་བརྒྱ་རེ་བཞི་ཅན་གྱི་སྤྱོད་འཇུག་རྩ་བ་ཞིག་བྱུང་ཞིང༌། འདི་ནི་གོང་གསལ་ལྟར་དུས་ད་ལྟའི་བར་དུ་ཡུལ་དབུས་པའི་ལུགས་ལྟར་བྱུང་བའི་སྤྱོད་འཇུག་གི་རྩ་བའི་ཤོ་ལོ་ཀའི་གྲངས་ཚད་ཆེས་ཉུང་ཤོས་དེ་ཆགས་ཡོད། བུ་སྟོན་རིན་ཆེན་གྲུབ་ཀྱིས།གཞུང་འདི་(སྤྱོད་འཇུགགཙང་ནག་པས། འགྱུར་སྔ་ཕྱི་ཐམས་ཅད་བསྡུས་ནས། ཁོང་གི་ཐུགས་ལ་གང་བདེ་བསྒྲིགས་པ་ཡིན་ནམ་ཞེས་གྲགས་ལ། རྒྱ་དཔེ་དང་འགྲེལ་པ་དང་མི་མཐུན་པ་མང་པོ་སྣང་ཡང༌། རྔོག་འགྱུར་བཟང་མ་ཞིག་འབད་དེ་བཙལ་ཡང་མ་རྙེད་པས། དོན་ལ་འགལ་བ་ཆེན་པོ་མེད་པ་རྣམས་གྲགས་པ་བཞིན་དུ་བཤད། མི་བཅོས་སུ་མི་རུང་བ་རྣམས་རྒྱ་དཔེ་དང་འགྲེལ་པ་དང་བསྟུན་ནས་ལོགས་སུ་གཏན་ལ་ཕབ། བཤད་པ་ཁ་ཅིག་འཕྲལ་ལ་བདེ་བདེ་འདྲ་བ་མེད་ཀྱང༌། རྒྱ་དཔེ་དང་འགྲེལ་པ་དང་མཐུན་པ་ཡོད་པས་ཕུགས་ཡིད་བརྟན་ཐུབ་པ་ཡོད་ཅེས་གསུངས་སྟངས་འདིས་སྤྱོད་འཇུག་གི་རྩ་བར་མཁས་པ་འགས་སོ་སོའི་འདོད་ཕྱོགས་དང་མཐུན་པར་རང་ཤེད་ལྟ་བུས་བཅོས་སྒྲིགས་ཡང་ཡང་བྱེད་ཀྱི་ཡོད་པ་རྟོགས་ཐུབ་པ་ཞིག་རེད།

 

བཞི་པ། སྤྱོད་འཇུག་ཆེན་མོའི་བཤད་ལུང་གི་བརྒྱུད་པ་འཕེལ་རིམ་སྐོར།

                དེ་ཡང་བྱམས་པ་དང་སྙིང་རྗེ་གཉིས་ནི་ནང་པ་སྤྱི་དང༌། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་རྩ་བ་ནས་མེད་དུ་མི་རུང་བའི་ཆོས་གཉིས་ཡིན་ལ། གལ་སྲིད་བྱམས་པ་དང་སྙིང་རྗེ་གཉིས་རང་རྒྱུད་ལ་མ་སྐྱེས་པའི་གང་ཟག་ཅིག་ཡིན་ན། དུས་ནམ་ཡང་ཐེག་པ་ཆེན་པོའི་ཆོས་རྣལ་མ་ཞིག་རང་རྒྱུད་ལ་གཏན་ནས་སྐྱེ་མི་ཐུབ་ལ། དེ་བས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ་མི་ཐུབ། གང་ཡིན་ཟེར་ན། བྱང་ཆུབ་ཀྱི་སེམས་ནི་བྱམས་པ་དང་སྙིང་རྗེ་གཉིས་ལ་གཞི་རྟེན་བྱས་ཡོད་པས་ཡིན། སྤྱིར་བྱས་ན་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་ལ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གཅིག་དང༌། རྒྱུ་འབྲས་མན་ངག་བདུན་མའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གཅིག་སྟེ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དགོས་མི་དགོས་དེ་ཡིན། དེ་ཡང་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དགོས་མི་དགོས་ཟེར་དུས་དེ་ཁས་ལེན་མི་ལེན་གྱི་དོན་མིན་པར། དེ་འདྲའི་རྣམ་གཞག་དེ་རང་རྒྱུད་ལ་ངེས་པ་སྔོན་དུ་འགྲོ་དགོས་མི་དགོས་ཀྱི་ཁྱད་པར་ཡིན། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་པར་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ངེས་པ་སྔོན་དུ་འགྲོ་མི་དགོས་ཀྱང་གཞན་དོན་དུ་བློས་གཏོང་ཆེ་ཞིང་ཆོད་སེམས་བརྟན་པོ་ཞིག་ངེས་པར་དུ་དགོས་པར་སེམས།

 

                ལོ་རྒྱུས་གཞིར་བཞག་ནས་བལྟས་པའི་ཚེ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ནས་རྗེ་བཙུན་འཇམ་པའི་དབྱངས་དང༌། རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཞི་བ་ལྷར་ཉེ་བརྒྱུད་ཀྱི་ཚུལ་དུ་བྱུང་བ་ཞིག་ཡིན་པར་ཚོད་དཔག་བྱེད་སླ་བ་ཞིག་རེད། རྒྱལ་སྲས་ཞི་བ་ལྷ་ཁོང་ནི་ཕྲན་གྱིས་དངོས་སུ་མཇལ་མྱོང་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། ཚོད་དཔག་དང་ལོ་རྒྱུས་གཉིས་གཞི་གཅིག་ཏུ་བཟུང་ནས་བལྟས་ཚེ། ཁོང་ནི་བཀྲག་མདངས་ཤོར་བའི་ངུར་སྨྲིག་གི་ན་བཟའ་གྱོན་པའི་དགེ་སློང༌། སྐུ་ཤ་ཅུང་ཟད་རྒྱས་ཤིང་སྔོ་མདངས་ཅན། ཕྱི་ཚུལ་ནས་རང་ཉིད་སྤྱང་གྲུང་འཛོམས་མདོག་གི་རྣམ་འགྱུར་མི་སྟོན་མཁན། རྒྱུན་དུ་བཞིན་འཛུམ་པའི་དཔལ་དང་ལྡན་པའི་བརྗིད་ཉམས་ཅན་ཞིག་མིན་ནམ་སྙམ། གང་ལྟར་ཁོང་གིས་སྐུ་ཚེ་ཧྲིལ་པོར་གཅིག་ཏུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཉམས་ལེན་གྱི་མཐིལ་དུ་བཟུང་བ་མ་ཟད། གང་ཉམས་སུ་བཞེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཚུལ་ཇི་ལྟར་ཉམས་སུ་ལེན་སྟངས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་འདི་རྗེས་འཇུག་གི་གདུལ་བྱ་ཚོའི་གཅེས་ནོར་དུ་བཞག དེ་དུས་ཀྱི་འཁོར་མི་བརྗེད་པའི་གཟུངས་ཐོབ་པའི་དགེ་འདུན་པ་རྣམས་དང༌། ལྷག་པར་དུ་ཕྱིས་སུ་དཔལ་ནཱ་ལེནྡྲར་བཞུགས་པའི་གཟུངས་ཐོབ་པའི་སློབ་དཔོན་གཉིས་ལ་ཆེད་མངགས་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་རྣམས་ཀུན་ལས་བཏུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཀྱི་ལུང་ཁྲིད་ཐུགས་ཐོག་ནས་ཤར་མར་གནང་བ་དང༌། དེ་དག་རིམ་པར་བརྒྱུད་དེ་ཛེ་ཏ་རི་དང༌། སློབ་དཔོན་ཟླ་བ་གྲགས་པ་ཆུང་བའམ་ཟླ་གྲགས་ཆུང་བ༑ བྱང་ཆུབ་ལམ་སྒྲོན་མཛད་པ་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། གུ་ཎ་ཤྲཱིའམ་ཀུ་ན་ཡ་ཤྲཱི། བལ་བོ་ཀ་ན་ཀ་ཤྲཱི། སུ་མ་ཏི་ཀིརྟི། ཕར་ཕྱིན་དང་ཚད་མ་རིག་པ་སོགས་རྒྱ་གཞུང་རིགས་མི་འདྲ་བ་སྟོང་ཕྲག་གཅིག་ལ་ཉེ་བ་ལྷག་བོད་སྐད་དུ་བསྒྱུར་གནང་མཛད་མཁན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དངོས་སློབ་དབུ་ཚད་ལ་ཤིན་ཏུ་མཁས་པར་གྲགས་པའི་ཁྱུང་རིན་ཆེན་གྲགས། སྟོད་ལུང་དགེ་བཤེས་རྒྱ་དམར། སྟོད་ལུང་དགེ་བཤེས་རྒྱ་དམར་བའི་དངོས་སློབ་གསང་ཕུ་དགོན་པའི་མཁན་ཐོག་དྲུག་པ་ཕྱཱ་བ་ཆོས་ཀྱི་སེངྒེ༌། ཕྱཱ་བ་ཆོས་ཀྱི་སེངྒེས་རྔོག་ལོའི་དངོས་སློབ་བསྟན་རིམ་ཆེན་མོ་མཛད་པ་པོ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་མདུན་ནས་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་མན་ངག་དང་བཅས་པ་ཞིབ་ཏུ་གསན་འདུག ཁྲོ་ཕུ་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་ཡོངས་གྲགས་སུ་བྱམས་པའི་དཔལ་ཞུ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། བུདྷ་ཤྲཱི་ཛྙཱ་ན། བལ་བོའི་སློབ་དཔོན་དེ་བ་ཤྲཱི་སོགས་ལས་ལེགས་པར་གསན་འདུག་པ་དང༌། གསན་རྒྱུན་དེ་ཁོང་གི་མདུན་ནས་བླ་མ་བསོད་ནམས་རྒྱལ་མཚན་དང༌། མཁན་པོ་གཞོན་ནུ་དཔལ་གཉིས་ཀྱིས་མནོས། རིམ་པས་རྗེ་བཙུན་པ། བུ་སྟོན་རིན་ཆེན་གྲུབ། ཁོང་གི་ཐུགས་སྲས་གསུམ་གྱི་ཡ་གྱལ་ཐུགས་སྲས་ལོ་ཙཱ་བ། ས་སྐྱའི་མཁས་ཆེན་བརྩོན་འགྲུས་དཔལ་གྱི་དངོས་སློབ་གཡག་ཕྲུག་སངས་རྒྱས་དཔལ། རོང་སྟོན་སངས་རྒྱས་འཕེལ། འཕྲིན་ལས་རྡོ་རྗེ། དཀོན་མཆོག་འབྱུང་གནས། ཀརྨ་ཆགས་མེད་ཞབས། གྲུབ་དབང་པདྨ་རིག་འཛིན་རྗེ། ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། འཇིགས་མེད་ངོ་མཚར་དཔལ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་བར་ལུང་ཁྲིད་ཀྱི་བརྒྱུད་བར་མ་ཆད་པར་བྱུང་བ་མ་ཟད། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཡོངས་གྲགས་སུ་རྫ་དཔལ་སྤྲུལ་ཞུ་བ་ཁོང་གིས་རྡོ་བླ་འཇིགས་མེད་སྐལ་བཟང་དང༌། འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་མདུན་ནས་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་ཀྱི་མན་ངག་རྣམས་ཞིབ་ཏུ་གསན་པ་ཙམ་དུ་མ་ཟད། གསེར་ཐང་དང༌། རྡོ་སྟོད་སྨད་ཀྱི་འདུས་སྡེ། རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭ༑ པད་མའི་ཐང་སོགས་སུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཡང་ཡང་གནང༌།

 

                ལྷག་པར་དུ་རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭར་ལོ་རེ་བཞིན་ཆགས་མེད་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟབ་རྒྱས་གནང་སྲོལ་བྱུང་བ་དང༌། ཆོས་གྲྭ་དེར་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་ཐེངས་རེ་རེར་ཆོས་གྲྭའི་ཉེ་འགྲམ་དུ་མེ་ཏོག་སེར་ཆེན་འདབ་མ་སུམ་ཅུ་ཅན་དང་ལྔ་བཅུ་ཅན་མང་དུ་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཅན་དུ་གྲགས་པ་འདི་བྱུང་འདུག ཕྱིས་སེར་ཤུལ་དགོན་དང༌། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་ཀྱིས་མཚོན་རང་ཅག་རི་བོ་དགེ་ལྡན་པའི་དགོན་ཆེན་དག་ཏུ་ཕེབས་ནས་སྤྱོད་འཇུག་ཆེན་མོ་བཤད་ཁྲིད་རྒྱ་ཆེར་གནང༌། དེ་ནས་བཟུང་སྤྱོད་འཇུག་མེ་ཏོག་མའི་ལུང་ཁྲིད་ཀྱི་རྒྱུན་དེ་རི་བོ་དགེ་ལུགས་པའི་ནང་དར་ཁྱབ་ཆེན་པོ་བྱུང༌། དེ་ནས་རིམ་པར་བླ་མ་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན། མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་བླ་མ་ཨོ་རྒྱན་བསྟན་འཛིན་གྱི་མདུན་ནས་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ཆ་ཚང་དང༌། མཁན་པོ་ཀུན་དཔལ་གྱི་མདུན་ནས་ཁོང་གིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཆ་ཚང༌། གཞན་ཕན་སྣང་བའི་མདུན་ནས་ཁོང་གིས་མཛད་པའི་སྤྱོད་འཇུག་ཆེན་མོའི་མཆན་འགྲེལ་ཆ་ཚང༌། བཀྲས་ལྷུན་དཀའ་ཆེན་སངས་རྒྱས་དཔལ་བཟང་གི་མདུན་ནས་ཤེས་རབ་ལེའུ་རྐྱང་པ་དར་ཊིཀ་སྟེང་ནས་ཞུས་འདུག ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་མདུན་ནས་ྋགོང་ས་མཆོག་དང་མཁན་ཆེན་བློ་བཟང་དོན་གྲུབ་གཉིས་ཀྱིས་ཕྱི་ལོ་༡༩༦༩ ལོར་གནས་མཆོག་རྡོ་རྗེ་གདན་དུ་གསན་གནང་མཛད་འདུག་པ་མ་ཟད། ྋགོང་ས་མཆོག་ནས་འཛམ་གླིང་གི་ཡུལ་གྲུ་དུ་མར་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་ཐེངས་བཅུ་དྲུག་བདུན་ལྷག་ལ་གནང་བ་དང༌། བཀའ་ཁྲིད་གནང་ཐེངས་རེ་རེར་ཆོས་ཞུ་བ་ཁྲི་འབུམ་མང་པོ་བྱུང་འདུག་པར་བལྟས་ན། དུས་རབས་འདི་སྤྱོད་འཇུག་ཆེན་མོའི་འཕྲིན་ལས་རྒྱས་ཤོས་ཀྱི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་ཆོག་སྙམ་མོ།

 

ལྔ་པ། སྤྱོད་འཇུག་ཆེན་མོའི་ལེའུ་སོ་སོའི་བརྗོད་དོན་ངོས་འཛིན་སོགས་ཀྱི་ཐད་ནང་པའི་མཁས་པ་ཚོ་མཐུན་མིན། 

                དེ་ཡང་རྒྱ་གར་དུ་ནང་པ་སངས་རྒྱས་པའི་རྗེས་འཇུག་གི་གདུལ་བྱ་སྤྱི་དང༌། ལྷག་པར་དུ་ཐེག་ཆེན་གྱི་བསྟན་པའི་རྗེས་འཇུག་པ་ཚོས་མདོ་རྒྱུད་ཀྱི་གསུང་རབ་དང་དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་འཆད་ཚུལ་ཐད་ཐུན་མིན་གྱི་ཁྱད་ཡོན་མངོན་པར་གསལ་བའི་ལུགས་སྲོལ་མི་འདྲ་བ་གཉིས་ཙམ་བྱུང་ཡོད། དེ་ཡང་དཔལ་ནཱ་ལེནྔྲར་བཞུགས་པའི་མཁས་པ་རྣམས་ཀྱིས་མདོ་རྒྱུད་ཀྱིས་བསྡུས་པའི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང༌། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་དང༌། བི་ཀརམ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་པའི་མཁས་པ་རྣམས་ཀྱིས་ཉན་པ་པོ་སྣོད་རུང་བྱ་བ་དང༌། བསྟན་པའི་རྣམ་གཞག་ལེགས་པར་ངེས་པ་གཉིས་ཀྱི་སྒོ་ནས་འཆད་ཀྱི་ཡོད། མགོན་པོ་ཀླུ་སྒྲུབ་དཔལ་ནཱ་ལེནྡྲར་མ་ཕེབས་པའི་གོང་དཔལ་ནཱ་ལེནྔྲའིི་མཁས་པའི་ཁྲོད་དུ་རྒྱལ་བའི་བཀའ་དང་དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་མཁས་པ་རང་རང་གིས་རང་ཉིད་མོས་ཕྱོགས་ཀྱི་རྩལ་ལ་བརྟེན་ནས་འཆད་པ་མ་གཏོགས་གཅིག་ཏུ་ངེས་པ་མེད། ཕྱིས་མགོན་པོ་ཀླུ་སྒྲུབ་དཔལ་ནཱ་ལེནྔྲར་བྱོན་རྗེས་གོང་གསལ་གྱི་འཆད་སྲོལ་དེ་གཏན་ཆགས་སུ་གནས་འདུག འཆད་ཚུལ་འདིས་དབང་པོ་རྣོ་འབྲིང་རྟུལ་གསུམ་སུ་ཞིག་གིས་ཀྱང་གཞུང་དོན་བདེ་བླག་ཏུ་རྟོགས་པར་གཞོགས་འདེགས་ངེས་ཅན་བྱེད་ཐུབ།

 

                དེ་བཞིན་རང་རེའི་བོད་ཀྱི་མཁས་པའི་ཁྲོད་དུ་ཡང་རྒྱ་གར་ནས་ཕེབས་པའི་རང་རང་གི་དངོས་བརྒྱུད་ཀྱི་སློབ་དཔོན་མི་འདྲ་བའི་ཆ་ནས་ལུགས་སྲོལ་དེ་གཉིས་ཀ་བྱུང་ཡོད། དེ་ཡང་སྔ་འགྱུར་སྙིང་མ་(པཎ་གྲུབ་ལྷ་རིག་པའི་སེང་གེ་ནས་པཎ་ཆེན་སྨྲིར་ཏིའི་བར་དང༌། འགྱུར་བྱེད་ཐོན་མི་ནས་ཀུན་མཁྱེན་དྷརྨ་བྷ་དྲའི་བར་དུ་བསྒྱུར་པའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་སྔ་འགྱུར་རྙིང་མ་ཟེར།) རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་སྲོལ་གཞིར་བཟུང་ལྟར་མདོ་རྒྱུད་ཀྱིས་བསྡུས་པའི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང༌། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་མཛད་པ་པོ་སུས་མཛད་དང༌། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་པ་སོགས་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་བཞིན་ཡོད་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཡང་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་ཚུལ་ལས་མ་འདས་པ་ཞིག་ཡིན། མ་ཟད་གོང་གསལ་གྱི་འཆད་སྲོལ་དེ་གཉིས་གང་གི་དབང་དུ་བྱས་ཀྱང་གཞུང་དོན་ས་བཅད་དང་སྦྲགས་ནས་འཆད་པའི་ལུགས་དང་དེ་ལྟར་མི་འཆད་པའི་ལུགས་གཙོར་བཟུང་གནང་མཁན་གྱི་མཁས་པ་སྣ་ཚོགས་ཤིག་ཡོད། ཕྱིས་ཕྱི་འགྱུར་གསར་མའི་(ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་བསྒྱུར་པ་རྣམས་ལ་ཕྱི་འགྱུར་གསར་མ་ཟེར།) མཁས་པའི་ཁྲོད་དུ་སྤྱོད་འཇུག་ཆེན་མོ་འཆད་ཚུལ་དེ་གཉིས་ཀའི་ལུགས་ལྟར་བྱས་པ་སྣང་མོད། རྗེས་བདག་ཉིད་ཆེན་མོ་དང་ཁོང་གི་རྗེས་འཛིན་པ་ཕལ་མོ་ཆེས་བི་ཀརམ་ཤཱི་ལའི་མཁས་པའི་ལུགས་ལྟར་འཆད་པར་བྱེད། མང་ཆེ་བས་དཔལ་ནཱ་ལེནྔྲའི་མཁས་པའི་ལུགས་ལྟར་འཆད་པ་བྱུང་ཡོད། འཆད་ཚུལ་དེ་གཉིས་གང་ཡིན་རུང་གཙོ་བོ་ཉན་པ་པོས་གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཐབས་ལ་དམིགས་པ་ཞིག་རེད།

 

                གཞན་ཡང༌། སྤྱོད་འཇུག་ཆེན་མོའི་དབུར་གསལ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་འདི་བོད་ཀྱི་ལོ་ཙཱ་བ་ཚོས་གསར་དུ་བཅུག་པ་ཞིག་ཡིན་པས་སྤྱོད་འཇུག་གི་རྩ་བ་རང་ན་མི་གསལ། འདི་འདྲ་བའི་རིགས་ལ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་རྣམས་སུ་སྡེ་སྣོད་ངོས་འཛིན་གྱི་ཕྱག་གམ་ཆོས་རྒྱལ་བཀས་བཅད་ཀྱི་ཕྱག་ཟེར། སྔོན་དུས་སུ་བོད་རྗེ་བཙན་པོ་རྣམས་ཀྱི་བཀའ་དགོངས་བཞིན་ལོ་ཙཱ་བ་སོ་སོས་གང་བསྒྱུར་བྱའི་གཞུང་དེ་འདུལ་བའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ཞེས་དང༌། མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་དང༌། མངོན་པའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཞེས་གཞུང་སོ་སོའི་དབུར་འགྱུར་ཕྱག་མཛད་པའི་ལུགས་སྲོལ་རྒྱ་ཁྱབ་ཏུ་དར་ཡོད་ཀྱང༌། ཕྱིས་གཉའ་ཁྲིའི་རྒྱལ་རྒྱུད་ཀྱི་སྲིད་དབང་རྩ་འཐོར་དུ་སོང་བའི་རྗེས་ལོ་ཙཱ་བ་མང་ཆེ་བས་གང་བསྒྱུར་བྱའི་གཞུང་དེའི་བརྗོད་སྙིང་དང་འབྲེལ་ཡོད་ཀྱི་ལྷ་དང༌། ལོ་ཙཱ་བ་རང་ཉིད་གང་ལ་དད་འདུན་ཆེ་བའི་ལྷག་པའི་ལྷ་འདྲ་མིན་ལ་འགྱུར་ཕྱག་མཛད་པ་སོགས་བྱུང་འདུག་པས་གཅིག་ཏུ་ངེས་པ་མེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གི་ཟབ་ཚད་འདུས་པའི་སྡོམ་ཆེན་པོ་ཞིག་ཡིན་ཡང༌། གཙོ་བོར་ཐེག་ཆེན་གྱི་ལམ་དང་འབྲས་བུ་རྫོགས་པར་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཞིབ་ཏུ་འཆད་ཅིང༌། མདོ་སྡེའི་སྡེ་སྣོད་དུ་གཏོགས་པས། བསྟན་བཅོས་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་མདོ་སྡེའི་སྡེ་སྣོད་དང་འབྲེལ་བའི་འགྱུར་ཕྱག་མཛད་པ་ཞིག་ཡིན།

 

                དེ་བཞིན་དུ་གཞུང་འདིའི་ནང་དུ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་སྟངས་ཀྱི་རྣམ་གཞག་དེ་རིགས་ཟུར་ཙམ་ཡང་གསུངས་མེད་པར་བརྟེན། མཁས་པ་མང་པོ་ཞིག་གིས་སྤྱོད་འཇུག་ཆེན་མོ་འདི་ཉིད་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ལེགས་པར་སྐྱེས་ཟིན་པའི་གང་ཟག་ཅིག་ལ་དགོངས་ནས་གསུངས་པ་ཞིག་ཡིན་པས། རྒྱུ་འབྲས་མན་ངག་བདུན་སྔོན་དུ་སོང་ཟིན་པ་ཞིག་གི་དབང་དུ་བྱས་ནས་གཞུང་འདིར་མ་བསྟན་པར་འདོད་བཞིན་ཡོད། ཡང་འགའ་ཤས་ཀྱིས། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བ་ལ་རྒྱུ་འབྲས་མན་ངག་བདུན་སྔོན་དུ་འགྲོ་མི་དགོས་པར་བཞེད། ཕྱོགས་གཞན་ཞིག་ནས་བསམ་ན་བྱབྱབཟོད་པའི་ལེའུའི་སྐབས་རང་གི་དགྲ་ཟླ་དེ་རང་ཉིད་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད་ཅེས་གསུངས་པ་དེ་ཚོར་ངེས་པ་བརྟན་པོ་རྙེད་ན། སེམས་ཅན་ཐམས་ཅད་རང་གི་མར་མ་མཐོང་ཡང་རང་གི་དགྲ་ཟླར་མཐའ་གཅིག་ཏུ་གཅེས་འཛིན་གྱི་བློ་སྐྱེ། དེའི་དབང་གིས་དགྲ་དེར་དམིགས་ནས་དེ་སྡུག་བསྔལ་མཐའ་དག་དང་བྲལ་ན་སྙམ་པའི་བློ་སྐྱེ་ཡོང༌། གནས་སྟངས་དེ་བདག་གཞན་མཉམ་བརྗེའི་སྒོ་ནས་སྒྲུབ་ཐུབ་པ་ཞིག་ཡིན་པས། ཕལ་ཆེར་འགྲིག་གི་རེད་སྙམ་པ་ཞིག་འདུགབྱབྱམོད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་པས་དཔྱད་དགོས་པར་སེམས། 

 

                དེ་མིན་སྐབས་དོན་དངོས་བཤད་ན། གཞུང་འདིའི་ལེའུ་སོ་སོས་བསྟན་དོན་ངོས་འཛིན་བྱེད་སྟངས་ཐད་ནང་བསྟན་རྗེས་འཛིན་པའི་ཁྲོད་མི་མཐུན་པ་ཧ་ཅང་མང་པོ་ཡོད། སློབ་དཔོན་ནག་པོ་པས་ལེའུ་དང་པོའི་དབུར་གསལ་བའི་ཚིགས་སུ་བཅད་པ་དང་པོ་གསུམ་གྱིས་བསྟན་བཅོས་འབྱུང་བའི་རྒྱུ་དང༌། ལེའུ་དང་པོ་གསུམ་དང་བཅུ་པ་བསྔོ་བའི་ལེའུས་སྦྱིན་པ། ལེའུ་བཞི་པ་དང་ལྔ་པས་ཚུལ་ཁྲིམས། ལེའུ་དྲུག་པ་དང༌། བདུན་པ། བརྒྱད་པ། དགུ་པ་བཞིས་བཟོད་པ། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་སོགས་བཞི་རིམ་པར་བསྟན་པར་འདོད་པ་ཁོང་གི་གཞུང་རང་ན་གསལ་བ་མ་ཟད། ལུགས་དེ་བུ་སྟོན་རིན་ཆེན་གྲུབ་དང་ཐུབ་བསྟན་ཆོས་ཀྱི་གྲགས་པ་གཉིས་ཀྱི་སྤྱོད་འཇུག་གི་འགྲེལ་པའི་ནང་དུ་ཞིབ་པར་བཀོད་འདུག འོན་ཀྱང་བུ་སྟོན་རིན་ཆེན་གྲུབ་དང༌། བོ་དུང་པཎ་ཆེན་འཇིགས་མེད་གྲགས་པ། ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས་ལེའུ་དང་པོ་གསུམ་གྱི་བརྗོད་བྱའི་གཙོ་བོར་སེམས་བསྐྱེད་བསྟན་པ་ལས་སྦྱིན་པའི་ཕར་ཕྱིན་བསྟན་པའི་འདོད་ཚུལ་དེ་མི་འཐད་པར་གཅིག་མཚུངས་སུ་བཞེད།

 

                སློབ་དཔོན་དགེ་བའི་ལྷས་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཞེས་སོགས་མཆོད་བརྗོད་ཀྱི་གཞུང་ཐོག་མར་དགེ་བ་དང༌། བདེ་གཤེགས་སྲས་བཅས་སྡོམ་ལ་འཇུག་པ་ནི། །ཞེས་པ་ནས་མཇུག་གི་བསྔོ་བའི་བར་བར་དུ་དགེ་བ། བསྔོ་བ་ཐ་མར་དགེ་བ་སྟེ་དགེ་བ་གསུམ་གྱིས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་བསྡུས་པར་འདོད།

 

                སྔ་རབས་པའི་མཁས་པ་འགས་དལ་འབྱོར་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་དལ་འབྱོར་ཆུད་མི་ཟ་བར་སྙིང་པོ་ལེན་དགོས་པ་བསྟན་པར་འདོད་པ་དང༌། བི་བྷུ་ཏི་དང་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཚིགས་བཅད་དང་པོས་ལུས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་བ་དང༌། ཚིགས་བཅད་གཉིས་པས་བསམ་པའི་རྟེན་དགེ་བློ་འབྱུང་དཀའ་བ་བསྟན་པ་དང༌། དེ་གཉིས་གཞུང་ཧ་ཅང་ཉུང་རྐྱེན་གཞུང་གཞན་ལྟར་ལེའུ་ལོགས་སུ་མེད་པར་འདོད། བི་ཀརམ་ཤཱི་ལའི་མཁས་པ་ཆེན་པོ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དང༌། སློབ་དཔོན་རྣམ་སྣང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཊཱིཀ་རིན་པོ་ཆེའི་འཕྲེང་བ་སོགས་ཀྱི་ནང་དུ་གང་ཟག་སུ་ཞིག་གིས་ཀྱང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར། དེའི་སྔོན་དུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་ངེས་པ་གཏིང་ནས་རྙེད་པ་ཞིག་དགོས་པས། དལ་འབྱོར་ཞེས་སོགས་ནས་ལེའུ་དང་པོའི་མཇུག་བར་གྱི་ཚིག་རྐང་བརྒྱ་དང་ཞེ་དྲུག་གིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང༌། ཤེར་འབྱུང་དང་དགེ་བ་ལྷས་ཇི་ལྟར་མཚན་མོ་ཞེས་སོགས་མན་ཆོད་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང༌། བོད་སྔ་རབས་པའི་མཁས་པ་འགས་དེ་ལྟས་དགེ་བ་ཞེས་སོགས་ནས་ལེའུ་དང་པོའི་མཇུག་བར་གྱིས་གོང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པར་འདོད།

 

                ཡང་བི་བྷུ་ཏི་དང༌། བོད་སྔ་རབས་པའི་མཁས་པ་ཕལ་མོ་ཆེ། དེ་བཞིན་རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། ཕ་བོང་ཁ་བ་བྱམས་པ་བསྟན་འཛིན་འཕྲིན་ལས་སོགས་ཀྱིས་ཀྱང་སེམས་བསྐྱེད་པ་ལ་འགལ་རྐྱེན་སྡིག་པ་བཤགས་པ་དང༌། མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་བསགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཟུང་དགོས་པས། དེ་གཉིས་རིམ་པར་ལེའུ་གཉིས་པ་དང་གསུམ་པ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པར་བག་ཡོད་བསྟན་དགོས་པས་ལེའུ་བཞི་པ། དྲན་ཤེས་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་ཚུལ་རྒྱས་པར་ལེའུ་ལྔ་པ། དེ་ནས་ལེའུ་བཞིས་བཟོད་པ་དང༌། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་བཞི་རིམ་པར་བསྟན་པར་འདོད། བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་ཀ་ཚུལ་ཁྲིམས་ལ་སྦྱར་བའི་མཁས་པ་སློབ་དཔོན་ནག་པོ་པ་སོགས་འགའ་ཤས་ཡོད་མོད། ཤེས་བཞིན་གྱི་ལེའུ་ལས་བག་ཡོད་ཀྱི་ལེའུ་ཚུལ་ཁྲིམས་ལ་སྦྱར་བ་གཞུང་གི་དགོངས་པ་དང་མི་མཐུན་པར་བརྟེན། རྒྱ་འགྲེལ་དང་བོད་འགྲེལ་མང་ཆེ་བས་དེ་ལྟར་དུ་མི་འདོད། རྒྱ་འགྲེལ་དུ་དགོས་དབང་གིས་ལེའུ་དང་པོ་བཞི་སྦྱིན་པ་ལ་སྦྱར་བ་མ་གཏོགས། ལེའུ་བཅུ་པ་བསྔོ་བའི་ལེའུས་སྦྱིན་པ་ལ་སློབ་ཚུལ་རྒྱས་པར་བསྟན་པའི་ཐད་མི་མཐུན་པ་མེད།

 

                མི་ཉག་ཀུན་བཟང་བསོད་ནམས་ཀྱི་སྤྱོད་འཇུག་འགྲེལ་པར། རྫ་དཔལ་སྤྲུལ་གྱི་གསུང་རྒྱུན་ལྟར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་གཞུང་འདིས་བསྟན་རིམ་ལྟར། སེམས་མ་སྐྱེས་པ་བསྐྱེད་པའི་ཐབས་ལ་ལེའུ་དང་པོ་གསུམ་བསྟན། སྐྱེས་པ་ཉམས་པ་མེད་པར་ཡང༌། །ཞེས་པའི་དོན་ལྟར། སེམས་རྒྱུན་དུ་ནས་མི་ཉམས་པར་གཟུང་བའི་ཐབས་ལ༑ བག་ཡོད་དང༌། ཤེས་བཞིན། བཟོད་པའི་ལེའུ་གསུམ་བསྟན། གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་དོན་ལྟར། སེམས་བསྐྱེད་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་བའི་ཆེད་དུ། བརྩོན་འགྲུས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་ཀྱི་ལེའུ་གསུམ་བསྟན། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་ལ་བསྔོ་བའི་ཕྱིར། བསྔོ་བའི་ལེའུ་བསྟན་པ་ཡིན་ཚུལ་བཀོད་འདུག གཞན་ཡང༌། བོད་ཀྱི་མཁས་པ་འགས། ལེའུ་དང་པོ་གསུམ་དང་བསྔོ་བའི་ལེའུས་སྦྱིན་པ། ལེའུ་བཞི་པ་དང་ལྔ་པས་ཚུལ་ཁྲིམས། དྲུག་པ་སོགས་ཀྱིས་ཕར་ཕྱིན་གཞན་བཞི་བསྟན་ཏེ། དེས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་བསྡུས་ཤིང༌། གཞན་རྣམས་ཀླད་དང་མཇུག་གི་དོན་ཡིན་པར་འདོད། བོ་དུང་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས། ལེའུ་དང་པོ་གསུམ་གྱིས་སེམས་བསྐྱེད་བསྟན་བྱའི་གཙོ་བོ་བྱས་ནས་བསྟན་པས་སྦྱིན་པ་ཞར་ལ་བསྟན་པར་འདོད་པ་མ་ཟད། བསྔོ་བའི་ལེའུ་གཞུང་བརྩམས་པའི་རྗེས་ཀྱི་བྱ་བ་ཡིན་པས་གཞུང་དངོས་གཞིའི་གྲས་སུ་མི་ཚུད་པར་འདོད།

 

                གཞན་མཁས་པ་འགས། སྤྱོད་འཇུག་རྩ་བར། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པའི་དོན། ལེའུ་སྔ་མ་རྣམས་སུ་བཤད་པའི་བྱང་ཆུབ་ཀྱི་སེམས་དང༌། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན་སོགས་ཕར་ཕྱིན་སྔ་མ་རྣམས་ཐུབ་པས་ཤེས་རབ་བསྐྱེད་པའི་ཐབས་སུ་གསུངས་པ་ཡིན་ཚུལ་བཤད་པ་མ་ཟད། དེ་དག་ལ་ཡན་ལག་ཅེས་བརྗོད་པའི་རྒྱུ་མཚན་ཡང༌། སྤྱིར་ཡན་ལག་ཅེས་པ་རྒྱུ་འཁོར་གཉིས་ཀར་འཇུག་པ་ཡོད་པས། སྟོང་ཉིད་རྟོགས་དང་མི་རྟོགས་སྟོང་ཉིད་རྟོགས་པའི་རྒྱུ་ཕར་ཕྱིན་སྔ་མ་རྣམས་ལ་རག་ལས་ཤིང༌། འཁོར་ལ་བྱེད་ནའང༌། ཉོན་མོངས་པ་འཇོམས་བྱེད་ཀྱི་གཉེན་པོའི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་དང༌། སྦྱིན་སོགས་དེའི་འཁོར་རམ་གྲོགས་སུ་མེད་དུ་མི་རུང་བས། རྒྱུ་འཁོར་གང་ལ་བཤད་ཀྱང་ཆོག་པར་འདོད། རྒྱལ་ཚབ་རྗེས་སྤྱོད་འཇུག་འགྲེལ་པར། ཡན་ལག་འདི་དག་ཅེས་པ་ལེའུ་བརྒྱད་པ་ནས་བཤད་པའི་ཞི་གནས་ཙམ་ལ་འཆད་པ་དང༌། སྦྱིན་སོགས་ཕར་ཕྱིན་ལྷག་མ་ཐམས་ཅད་ལ་འཆད་པའི་ལུགས་གཉིས་ལས། ལེའུ་སྔ་ཕྱི་གཉིས་ཙམ་གྱི་འབྲེལ་ལ་སྦྱར་ན་སྔ་མ་ཡང་རུང་མོད་ཀྱང༌། འདིར་ཕྱི་མ་ལྟར་བཤད་ན་ལེགས་གསུངས། ཡང་མཁས་པ་འགས། ཡན་ལག་འདི་དག་ཅེས་པ་བསམ་གཏན་གྱི་ལེའུ་འབའ་ཞིག་ལ་སྦྱར་བ་འཇམ་དབྱངས་རྣམ་རྒྱལ་བས་ལེགས་པར་བཀག་འདུག སྦྱིན་སོགས་ཤེས་རབ་ཀྱི་དོན་དུ་ཇི་ལྟ་བུ་ཞིག་ལ་དགོངས་ནས་གསུངས་སྟངས་ཐད་མཁས་པའི་བཞེད་ལུགས་འདྲ་མིན་མཆིས་མོད། རྒྱལ་ཚབ་དར་མ་རིན་ཆེན་དང་ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས། སྦྱིན་སོགས་ཤེས་རབ་ཀྱི་དོན་གསུངས་པའི་དགོས་པ་ནི། སྤྱོད་འཇུག་ཆེན་མོ་འདི་དང༌། སྟོང་ཉིད་དངོས་སུ་སྟོན་པའི་གསུང་རབ་ཡོངས་རྫོགས་བརྒྱུད་ནས་དེ་ཁོ་ན་ཉིད་ལ་གཞོལ་བར་གཅིག་ཏུ་མཐུན་པས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུ་ཞིག་རང་རྒྱུད་ལ་མེད་ན། དུས་ནམ་ཡང་སྒྲིབ་གཉིས་ཀྱི་ས་བོན་ཟད་པར་བྱེད་མི་ནུས་ཤིང༌། ཉོན་སྒྲིབ་ཙམ་གྱི་ས་བོན་ཟད་པ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་ཟིན་མི་དགོས་ཀྱང༌། ཤེས་སྒྲིབ་ཀྱི་ས་བོན་ཟད་པ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཟིན་པར་བྱས་ཏེ། དུས་ཡུན་རིང་དུ་གོམས་པར་བྱེད་དགོས་པས། སྐབས་འདིར་སྦྱིན་སོགས་ཐབས་ཀྱི་ཡན་ལག་དེ་དག་རང་རྒྱུད་ལྡན་གྱི་ཐེག་ཆེན་གྱི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད། ཤེས་སྒྲིབ་སྤོང་ནུས་ཀྱི་གཉེན་པོ་མཐུ་ཅན་དུ་འགྱུར་པའི་དོན་དུ་གསུངས་པ་ཡིན་ཚུལ་བཤད་པ་འདི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན།

 

                ད་དུང་སྐད་ཡིག་མི་འདྲ་བའི་ནང་དུ་བསྒྱུར་བ་དང༌། ས་བཅད་དབྱེ་བགོས་བྱེད་སྟངས་གཅིག་མཚུངས་མིན་པ། ཁྲིད་རྒྱུན་དང་ཆོས་རྒྱུད་མི་འདྲ་བ་སོགས་ཀྱི་དབང་གིས་གཞུང་དོན་འགྲེལ་ལུགས་མི་འདྲ་བ་ཆགས་པའི་རིགས་མང་དུ་སྣང་བས་ཞིབ་ཏུ་དཔྱད་དགོས་པར་སེམས།

 

དྲུག་པ། སྤྱོད་འཇུག་ཆེན་མོར་རྒྱ་བོད་མཁས་པས་མཛད་པའི་འགྲེལ་པ་ཅི་བྱུང༌།

རྒྱལ་སྲས་ཞི་བའི་ལྷས་སྤྱོད་འཇུག་ཆེན་མོ་འདི་ཉིད་ནཱ་ལེནྔྲའི་ཆོས་གྲྭར་ཡོངས་གྲགས་སུ་གསུངས་པའི་རྗེས་ནཱ་ལེནྡྲ་དང་བི་ཀརམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་སོ་སོའི་སློབ་གཉེར་པ་རྣམས་ཀྱིས་གཞུང་དེ་འཆད་ཉན་ཤུགས་ཆེ་བྱེད་པའི་ལམ་སྲོལ་གཏན་འཇགས་སུ་དར་བ་མ་ཟད། གོང་གསལ་གྱི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་སོ་སོའི་གྲགས་ཅན་སློབ་དཔོན་ཤེར་འབྱུང་བློ་གྲོས་དང༌། བཻ་རོ་ཙ་ན་རཀྵི་ཏ། དགེ་བ་ལྷ། རྣམ་སྣང་མཚོ། བི་བྷུ་ཏི་ཙནྡྲ། ནག་པོ་བ། གསེར་གླིང་པ། ཇོ་བོ་རྗེ་སོགས་ཀྱིས་གཙོས་ཚད་ལྡན་གྱི་སློབ་དཔོན་བརྒྱ་སྐོར་ཞིག་གིས་གཞུང་དེར་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད་ཡོད་འདུག ཕ་བོང་ཁ་བས། རྒྱ་གར་ན་སྤྱོད་འཇུག་ཆེན་མོར་འགྲེལ་པ་མི་འདྲ་བ་བརྒྱ་དང་བརྒྱད་ཏག་ཏག་ཡོད་པ་ཐུགས་ཐག་ཆོད་པོའི་སྒོ་ནས་གསུངས་སྟངས་ལ་བལྟས་ན། ཁོང་ལ་དེའི་ཐད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་འདྲ། ཡང་ཁོང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་མཆན་ཐོར་བུར། རྒྱ་གར་ན་འགྲེལ་པ་གསར་པ་རེ་བྱེད་པ་ལ་གོ་བ་མི་འདྲ་བ་རེ་གསར་དུ་རྒྱག་དགོས། འགྲེལ་ཟིན་སླར་ཡང་འགྲེལ་པ་རང་རེའི་བོད་ཀྱི་མཚང་ཡིན་ཞེས་གསུངས་འདུག་པ་འདིས། ཁོང་དང་སྐུ་ཐོག་མཉམ་པའམ་དེའི་གོང་དུ་བྱོན་ཟིན་པའི་མཁས་པ་ཚོས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་སོ་སོའི་དབར་ལད་ཟློས་ལྟ་བུའི་འདྲ་མཚུངས་ཀྱི་རྣམ་པ་ཤུགས་ཆེ་ཙམ་ཡོད་པ་རྟོགས་ཐུབ་པ་ཞིག་རེད།

 

                དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་ནས་མུ་སྟེགས་པ་དང་ཁ་ཆེ་པ་ཚོས་རང་རང་གི་ཆོས་ལུགས་ཁྱབ་སྤེལ་གྱི་ཆེད་ནང་པ་དང༌། གཅེར་བུ་པ། ཧིན་དྷིའི་ཆོས་ལུགས་སོགས་ཀྱི་གཙུག་ལག་ཁང་དང༌། ལྷག་པར་དུ་དཔལ་ནཱ་ལེནྔྲའི་སྣ་མི་གཅིག་པའི་གསུང་པོད་ཁྲི་དགུ་བརྒྱ་ལྷག་བཞུགས་པའི་གཙུག་ལག་ཁང་ཆེན་མོ་གསུམ། མཆོད་གནས་ལྷ་ཁང་སོགས་མིག་གིས་མཐོང་ཚད་གཏོར་བཤིག་ཚབས་ཆེན་བཏང་བའི་ཉེར་ལེན་གྱིས། སྐབས་དེར་བཞུགས་པའི་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་བརྒྱ་ཆ་དགུ་བཅུ་ལྷག་རྩ་མེད་དུ་གྱུར་པ་དང༌། ཡུལ་དེའི་ནང་པའི་མཁས་གྲུབ་ཕལ་མོ་ཆེ་ཉེ་འབྲེལ་གྱི་ཡུལ་ལུང་གཞན་དུ་རང་མགོ་གང་ཐོན་གྱིས་བྲོས་པས། དུས་ཡུན་ཐུང་ངུའི་རིང་ཡུལ་དེའི་ནང་བསྟན་ཆོས་ལུགས་དེ་ཆོས་ལུགས་གཞན་ལས་ཀྱང་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཤུགས་ཆེ་བྱུང་འདུག རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་དུས་ད་ལྟའི་བར་ལེགས་སྦྱར་སྐད་དུ་བཞུགས་པའི་དེ་སྔའི་ནང་པའི་གསུང་རབ་འབོར་ཆེན་ཞིག་དང༌། ལྷག་པར་དུ་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་ཚད་ལྡན་ཞིག་ད་ལྟའི་ཆར་ལེགས་སྦྱར་སྐད་ཐོག་ཧ་ལམ་མཇལ་ཏུ་མེད་པ་ལྟ་བུར་ཆགས་ཡོད། འོན་ཀྱང་ཤྲིའ་ལིངྒ་དང༌། ཐའི་ལེནྡྲ། འབར་མ། ཀམབོཌི་ཡའི་ས་ཁུལ་ཁག་ཏུ་ཐེག་ཆེན་གྱི་བསྟན་པ་དར་སྲོལ་མ་བྱུང་བས། སྐད་ཡིག་དེ་དག་ཐོག་སྤྱོད་འཇུག་ཆེན་མོའི་རྩ་བ་དང་དེའི་འགྲཻལ་པའི་རིགས་གང་ཡང་བཞུགས་མེད་པ་མ་གཏོགས། ཐེག་ཆེན་གྱི་བསྟན་པ་ལེགས་སྦྱར་སྐད་ནས་ཐད་ཀར་རམ་སྐད་ཡིག་གཉིས་པ་ཞིག་བརྒྱུད་ནས་དར་སྲོལ་བྱུང་བའི་ལུང་པ་ཕལ་མོ་ཆེའི་སྐད་ཡིག་ཐོག་སྤྱོད་འཇུག་གི་རྩ་བ་དང་དེའི་འགྲེལ་པ་མང་པོ་ཞིག་སྐབས་དེ་དང་དེའི་དུས་ཀྱི་ལོ་ཙཱ་བ་ཚོས་ཕབ་སྒྱུར་བྱེད་ཐུབ་པ་བྱུང་ཡོད་པས། ལེགས་སྦྱར་སྐད་ཐོག་བརྩམས་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་མང་པོ་ཞིག་ད་ལྟའི་ཆར་སྐད་ཡིག་གཞན་གྱི་ཐོག་ནས་མཇལ་ཐུབ་ཀྱི་ཡོད། 

 

                དེ་ཡང་རྒྱ་ནག་སྐད་དུ་པཎ་གྲུབ་དེ་ཝ་ཤཱནྟས་འགྱུར་ཅེས་གྲགས་པའི་བམ་བཞིས་བསྡུས་པའི་སྤྱོད་འཇུག་ཆེན་མོ་ཞིག་ཡོད། དེ་བཞིན་རང་རེའི་བོད་ལ་མཚོན་ན་ཡང་རྗེ་བོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྒྱ་གར་གྱི་ལོ་ཙཱ་བ་སརྦ་ཛྙ་དེ་བ་དང༌། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བར་སྔ་ཕྱིར་འགྱུར་བཅོས་ཐེངས་གཉིས་བྱས་པ་དེ་དང༌། དེའི་འགྲེལ་པ་ལ་རྒྱ་གར་གྱི་པཎ་གྲུབ་མང་པོས་མཛད་པའི་ནང་ནས་ཁག་བཅུ་ཙམ་ཞིག་བོད་སྐད་ཐོག་བཞུགས་ཡོད་ཚུལ་དུང་དཀར་རིན་པོ་ཆེས་བཤད་པ་ཞིག་མཐོང་ཡང༌། བུ་སྟོན་དང་ཕ་བོང་ཁ་སོགས་ཀྱིས། བོད་སྐད་ཐོག་ཤེར་འབྱུང་བློ་གྲོས་དང༌། བཻ་རོ་ཙ་ན་རཀྵི་ཏ། དགེ་བ་ལྷ། བི་བྷུ་ཏི་ཙནྡྲ། ནག་པོ་བ། ལེའུ་དགུའི་དཀའ་འགྲེལ་མཛད་བྱང་མེད་པ། གསེར་གླིང་པ། ཇོ་བོ་རྗེ་སོགས་ཀྱིས་མཛད་པའི་འགྲེལ་པ་ཁག་བརྒྱད་ཙམ་ལས་མེད་ཚུལ་གསུངས་པ་དེ་དོན་ལ་གནས། དུང་དཀར་རིན་པོ་ཆེས་བོད་སྐད་ཐོག་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་ཁག་མི་འདྲ་བ་བཅུ་ཙམ་བཞུགས་ཡོད་ཚུལ་གསུངས་པ་དེ་ལོ་ཙཱ་བ་མི་མཉམ་ཁོལ་བོ་དང་རྔོག་ལོའི་འགྱུར་ཤེས་རབ་ལེའུ་རྐྱང་པའི་འགྲེལ་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང༌། བསྔོ་བའི་ལེའུའི་དཀའ་འགྲེལ་མཛད་བྱང་དང་འགྱུར་བྱང་མེད་པ་ཞིག་ཡོད་པ་དེའི་རིགས་ཀྱང་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཞིག་ཏུ་ངོས་འཛིན་བྱས་པ་མིན་ནམ་སྙམ། ཐུབ་བསྟན་ཆོས་ཀྱི་གྲགས་པས། ད་ལྟ་ཤེར་ཊཱིཀ་རེ་དང་དོན་བསྡུས་རེ་ཡན་ཆད་བགྲང་ན་བཅུ་གཅིག་ཙམ་ཡོད་སྙམ་ཞེས་གསུངས་ཀྱང་བསྟན་འགྱུར་ནང་དུ་མི་བཞུགས་པས་ཆ་འཇོག་བྱེད་དཀའ། དེ་མིན་ལེགས་སྦྱར་སྐད་ཐོག་བཞུགས་པའི་སྤྱོད་འཇུག་ཆེན་མོའི་རྩ་བ་དེ་དབྱིན་ཡིག་ཐོག་ཕབ་བསྒྱུར་དང༌། མ་ཟད་བོད་སྐད་ཐོག་བཞུགས་པའི་སྤྱོད་འཇུག་ཆེན་མོའི་རྩ་བ་དེ་ཡང་སོག་སྐད་དང༌། མན་ཇུའི་སྐད། དབྱིན་སྐད། ཧིན་སྐད། རྒྱ་ནག་སྐད། ཀོ་རི་ཡཱའི་སྐད་སོགས་སུ་ཕབ་བསྒྱུར་བྱས་ཡོད།

 

                གོང་གསལ་ལྟར་རྒྱ་གར་དུ་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་དང༌། དེའི་ཡང་འགྲེལ། མཆན་འགྲེལ། དོགས་གཅོད་སོགས་ཀྱི་རིགས་ཡོངས་གྲགས་ཀྱིས་བཤད་སྲོལ་བྱས་ན་བརྒྱ་རྩ་བརྒྱད་ལྷག་ཡོད་པ་དང༌། དེ་བཞིན་རང་རེའི་བོད་སྐད་དུ་ཡང་དུས་རབས་བརྒྱད་པ་ནས་འགོ་འཛུགས་ཀྱིས་སྤྱོད་འཇུག་ཆེན་མོའི་རྩ་བ་དང་དེའི་འགྲེལ་པའི་རིགས་ཁག་མི་འདྲ་བ་བརྒྱད་ཙམ་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། ས་སྐྱ་བསོད་ནམས་རྩེ་མོའི་<<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་>>དང༌། བུ་སྟོན་རིན་ཆེན་གྲུབ་ཀྱི་<<སྤྱོད་འཇུག་གི་བསྡུས་དོན།>><<སྤྱོད་འཇུག་གི་འགྲེལ་པ་ཟླ་བའི་འོད་ཟེར།>> ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་<<སྤྱོད་འཇུག་གི་རྣམ་བཤད་དགོངས་པ་ངེས་གསལ།>><<སྤྱོད་འཇུག་གི་བསྡུས་དོན།>> རྒྱལ་ཚབ་རྗེའི་<<ཤེས་རབ་ལེའུའི་ཟིན་བྲིས།>><<སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས།>> སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་<<སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན།>> དཔའ་བོ་གཙུག་ལག་འཕྲེང་བའི་<<སྤྱོད་འཇུག་རྣམ་བཤད།>> འབྲུག་པ་པདྨ་དཀར་པོའི་<<སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ།>> དྲུང་ཆེན་ཤེས་རབ་རྒྱ་མཚོའི་<<སྤྱོད་འཇུག་གི་ཟིན་ཐོ།>> རྫ་དཔལ་སྤྲུལ་གྱི་<<སྤྱོད་འཇུག་སྒོམ་རིམ་རབ་གསལ་ཉི་མ།>> འཇུ་མི་ཕམ་པའི་<<ཤེས་རབ་ལེའུའི་ཚིག་དོན་གོ་སླ་བ་ནོར་བུ་ཀེ་ཏ་ཀ>> ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོའི་<<སྤྱོད་འཇུག་གི་འགྲེལ་པ།>> ཕ་བོང་ཁ་བའི་<<སྤྱོད་འཇུག་གི་བཀའ་མཆན་ཐོར་བུ།>>སོགས་ཀྱིས་མཚོན་བོད་རང་གི་ས་དགེ་བཀའ་རྙིང་གི་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་བརྒྱ་ལྷག་བྱུང་ཡོད། རྗེ་བདག་ཉིད་ཆེན་མོར་རྒྱལ་ཚབ་རྗེས་མཛད་པའི་ཤེས་རབ་ལེའུའི་ཟིན་བྲིས་མ་གཏོགས། དམིགས་བསལ་སྤྱོད་འཇུག་གི་འགྲེལ་པ་དེ་འདྲ་མེད་ནའང༌། ཁོང་གིས་ལམ་རིམ་ཆེན་མོའི་སྦྱིན་དྲུག་གི་སྐབས་སུ་སྦྱིན་པ་དང་བརྩོན་འགྲུས་ཀྱི་ཕར་ཕྱིན་དག་སྤྱོད་འཇུག་གཞིར་བཞག་བྱས་ནས་གསུངས་པ་དང༌། དེ་བཞིན་ཞི་གནས་ཀྱི་སྐབས་སྤྱོད་འཇུག་གི་དྲན་པ་དང་ཤེས་བཞིན་སྐྱོང་ལུགས་དང༌། ལྷག་དོན་ཤེས་རབ་ལེའུའི་དཀའ་གནས་རྣམས་དབུ་མ་དགོངས་པ་རབ་གསལ་གྱི་དབུར་དྲངས་ནས་དཔལ་ལྡན་ཟླ་བའི་ལེགས་བཤད་དང་གུང་བསྒྲིགས་ཏེ། ཤེར་འབྱུང་བློ་གྲོས་ཀྱིས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་བཤད་པ་མང་དུ་མཛད་ཡོད་པ་ྋགོང་ས་མཆོག་ནས་ཞིབ་ཏུ་གསུངས་འདུག ཕངས་པ་ཞིག་ལ་ལ་དྭགས་རྒྱལ་པོ་རྣམ་རྒྱལ་དབང་ཆེན་གྱི་དུས་སུ་མངའ་རིས་ཁུལ་གྱི་དགེ་ལུགས་པའི་དགོན་པ་རྣམས་ལ་དམག་དྲངས་ཏེ་ཆོས་ལུགས་བསྒྱུར་བ་དང༌། དེ་བཞིན་ས་འབྲུ་བར་དང་ས་ཕག་བར། རིན་སྤུངས་དང་དགེ་ལུགས་བར། གཙང་བ་སྡེ་སྲིད་དང་དགེ་ལུགས་བར། རྙིང་མ་དང་དགེ་ལུགས་བར། གཙང་འབྲུག་བར་སོགས་སུ་ལོ་མང་རིང་མི་ཤི་རྟ་འགྱེལ་གྱི་དམག་འཁྲུག་གྲངས་མེད་བྱུང་སྐབས་མངའ་རིས་དང་དབུས་ཁུལ་གྱི་དགོན་པ་དང༌། དེ་བཞིན་ཡིག་མཛོད་ཁང་མང་པོ་མེར་བསྲེགས་པ་དང༌། ཆོས་ལུགས་དང་ཆོས་བརྒྱུད་མི་འདྲ་བའི་མཁས་པ་མང་པོའི་གསུང་འབུམ་ས་འོག་ཏུ་སྦས་པ་སོགས་ཀྱིས་ད་ལྟའི་ཆར་ཕྱྭ་བ་ཆོས་ཀྱི་སེངྒེས་མཛད་པའི་སྤྱོད་འཇུག་བསྡུས་དོན་གྱི་མཇུག་དང༌། དེ་བཞིན་བསླབ་བཏུས་ཀྱི་འགྲེལ་པ། རྒྱུད་བླའི་བསྡུས་དོན། རོང་ཟོམ་ཆོས་བཟང་གི་གསུང་འབུམ་པོ་ཏི་བཅུ་གསུམ་ལྷག ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་པོ་ཏི་གསུམ་ཙམ། རིག་འཛིན་ཆོས་དབྱངས་སྟོབས་ལྡན་རྡོ་རྗེའི་གསུང་འབུམ་ཕལ་མོ་ཆེ་བརླག་པ་སོགས་ཀྱིས་མཚོན་རྒྱ་བོད་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པའི་རིགས་ཐེ་བའི་བཀའ་འབུམ་འབོར་ཆེན་ཞིག་རེ་རེ་བཞིན་ཆ་ཚང་བ་ཞིག་མཇལ་དུ་མེད་པ་ཆགས་ཡོད།

 

བདུན་པ། མཇུག་བསྡུ་བ།

                དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་གཞུང་འདིས་མུ་སྟེགས་བྱེ་བྲག་པ་དང་གྲངས་ཅན་པ་སོགས་དང༌། དེ་བཞིན་ཐེག་ཆེན་གྱི་མདོ་སྡེ་བཀར་ཁས་མི་ལེན་པའི་ཉན་ཐོས་སྡེ་པ་རྣམས་རིགས་པས་སུན་འབྱིན་གཏིང་ཟབ་བྱས་ཡོད་པས། གཞུང་འདི་ཐེག་ཆེན་བཀར་སྒྲུབ་ཀྱི་གཞུང་དང༌། མདོ་སྡེ་པ་སོགས་དངོས་སྨྲ་བ་སྤྱི་དང་སེམས་ཙམ་པའི་འདོད་པ་སོགས་བྱེ་བྲག་ཏུ་དགག་ཡོད་པས། ནང་པ་སངས་རྒྱས་པའི་ལྟ་བའི་ཟབ་ཤོས་སྟོན་པའི་གཞུང་ཞིག་དང༌། ལྷག་པར་དུ་བྱང་ཆུབ་སེམས་དཔའི་ཉམས་ལེན་སྟོན་པའི་གཞུང་བློ་སྦྱོང་གི་ཁུངས་གཏུགས་ས་གཙོ་བོའི་གྲས་ཤིག་ཀྱང་ཡིན། གཞུང་འདི་ཐོག་མར་གསུངས་སྐབས་མདོ་སྡེ་ཕལ་པོ་ཆེ་གཞིར་བཟུང་བྱས་ནས་གསུངས་པ་ཡིན་སྟབས་རྩ་བར་ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཞེས་གསུངས་པ་རེད། སྤྱིར་བཏང་བྱས་ན་ནང་པའི་བཀའ་བསྟན་ཡོངས་རྫོགས་བློ་སྦྱོང་གི་རིགས་སུ་གཏོགས་ཀྱང༌། བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་རང་ཉིད་གཅེས་འཛིན་གྱི་བློ་སྦྱངས་ཏེ། གཞན་གཅེས་འཛིན་གྱི་བློ་མཐའ་མེད་དུ་སྒྲུབ་ཚུལ་བརྗོད་བྱའི་གཙོ་བོར་བྱས་པའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཡིན། དེར་བརྟེན་ཕྲན་གྱིས་ལོ་འགའི་སྔོན་ནས་བཟུང་གཞུང་འདི་ཤེས་རྟོགས་ཀྱི་ཆེད་དུ་རང་ནུས་ཡོད་རྒུས་སློབ་སྦྱོང་འབད་པ་ཆེན་པོས་བྱས་པ་མ་ཟད། གཞུང་འདི་ཆ་ཚང་བ་ཉམས་ལེན་གཏིང་ཆོད་པ་བྱེད་མཁན་ཞིག་གི་བསམ་བློའི་འཕེལ་རིམ་གྱི་རྣམ་གཞག་ལ་དོ་སྣང་ཤུགས་ཆེ་བྱེད་རྒྱུ་བྱུང༌། མ་ཟད་ཤེར་འབྱུང་བློ་གྲོས་དང་རྒྱལ་ཚབ་དར་མ་རིན་ཆེན་གཉིས་ཀྱིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པས་མཚོན་རྒྱ་བོད་མཁས་པས་མཛད་པའི་གཞུང་འདིའི་འགྲེལ་པ་གྲགས་ཅན་གང་མང་ཞིག་འཚོལ་ཞིབ་ནན་ཏན་གྱིས་བགྱིས་ཐོག མཁས་པ་ནང་ཕན་ཚུན་བཞེད་ཕྱོགས་མི་མཐུན་པའི་དོན་གནད་སོགས་ཀྱི་སྐོར་དབྱེ་ཞིབ་རགས་བསྡུས་ཤིག་བྱས་ཏེ། སྤྱོད་འཇུག་ཆེན་མོ་གླེང་བ་ཞེས་པའི་ཟིན་ཐོ་འདི་བྲིས་པ་ཞིག་ཡིན། ཡིད་ཕངས་པ་ཞིག་ལ་གུས་པར་ནང་ཆོས་ཀྱི་ཤེས་རྟོགས་དང་ལག་ལེན་གྱི་ཆུ་ཚད་ཧ་ཅང་དམན་པའི་རྐྱེན་གྱིས་རྩོམ་ཐུང་འདི་ལ་ཕྱོགས་ཡོངས་ནས་ནོར་འཕྱུགས་མང་དུ་ཡོད་ངེས་པས། དཔྱོད་ལྡན་པ་ཚོས་དོན་དངོས་གསལ་རྟོགས་ཀྱི་ཆེད་དུ་མཛུབ་སྟོན་གནང་ཚེ་གུས་བརྩི་ཞུ་རྒྱུ་ཡིན།

 

ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་ཁག་ཅིག་གི་མཚན་བྱང༌།

༡༽ སྡེ་དགེ་བསྟན་འགྱུར་ནང་དུ་ཡོད་པའི་སྤྱོད་འཇུག་གི་རྩ་བ་དང་རྒྱ་འགྲེལ་སོགས་ཀྱི་སྐོར།

༢༽ བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང༌།

༣༽ སློན་དཔོན་དགེ་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ།

༤༽ ཐུབ་བསྟན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཤེས་རབ་ལེའུའི་དཀའ་འགྲེལ་ལུང་རིགས་འོད་སྣང༌།

༥༽ ཤཱཀྱའི་བཙུན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བ།

༦༽ མཁས་གྲུབ་ཀྱིས་མཛད་པའི་སྤྱོད་འཇུག་ལམ་བཟང་རབ་གསལ།

༧༽ ངག་དབང་ཉི་མས་མཛད་པའི་སྤྱོད་འཇུག་སྨོན་ལམ་ས་བཅད།

༨༽ བར་ཞི་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུང་ཁྲིད་ཐོབ་བརྒྱུད། སྤྱོད་འཇུག་འགྲེལ་གསར་བློ་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ།

༩༽ རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོམ་རིམ།

༡༠༽ མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང༌།

༡༡༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་དོན་གསལ་མེ་ལོང༌།

༡༢༽ ཨ་ཅརྱ་ངག་དབང་བློ་བཟང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད་བློ་གསལ་སྒྲོན་མེ།

༡༣༽ ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ།

༡༤༽ ཐུབ་བསྟན་ཆོས་གྲགས་ཀྱིས་མཛད་པའི་སྤྱོད་འཇུག་འགྲེལ་པ་རབ་གསལ་ཉེར་མཁོ།

༡༥༽ རིན་ཆེན་དཔལ་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང༌།

༡༦༽ མཁན་པོ་ཀུན་དཔལ་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པའི་འགྲེལ་པ།

༡༧༽ ཕ་བོང་ཁ་བདེ་ཆེན་སྙིང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་ཁྲིད་ཀྱི་ས་བཅད།

༡༨༽ ཕ་བོང་ཁ་བདེ་ཆེན་སྙིང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟབ་ཁྲིད་མནོས་སྐབས་ཀྱི་ཟིན་བྲིས།

༡༩༽ གཞན་ཕན་བྱམས་པའི་གོ་ཆས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་མཆན་འགྲེལ།

༢༠༽ མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་འགྲེལ་པ།

༢༡༽ ཐུབ་བསྟན་ཆོས་དར་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་བཤད་རྒྱ་མཚོའི་རྩ་འགྲེལ་ས་བཅད་ནག་འགྲོས།

༢༢༽ ཁྲ་འགུ་རིན་པོ་ཆེས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད་བཞུགས་སོ།

༢༣༽ མཚོ་སྣ་སྐུ་འཕྲེང་བཅུ་གཉིས་པ་ཐུབ་བསྟན་འཇམ་དཔལ་ངག་གི་དབང་ཕྱུག་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་གི་དོན་བསྡུས།

༢༤༽ ཨ་པུ་ཧྲལ་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོ་རིམ་རབ་གསལ་ཉི་མ།

༢༥༽ བཀའ་གདམས་ལྷ་བཞིའི་རྣལ་འབྱོར་དང་འབྲེལ་བའི་སྤྱོད་འཇུག་ལེའུ་བཞིའི་མན་ངག་ཉམས་སུ་ལེན་ཚུལ་དངོས་གྲུབ་ཡོངས་འདུའི་སྙེ་མ།

༢༦༽ འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཛད་པའི་སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་སྒྲོན་མེ།

༢༧༽ འཇུ་མི་ཕབ་པས་མཛད་པའི་ཤེར་འགྲེལ་ཀེ་ཏ་ཀ

༢༨༽ སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེས་མཛད་པའི་སྤྱོད་འཇུག་ཚིག་འགྲེལ་གཅེས་བསྡུས།

༢༩༽ སྒྲོས་རྙིང་པ་འོད་ཟེར་མགོན་པོས་མཛད་པའི་སྤྱོད་འཇུག་རྣམ་བཤད་རིན་ཆེན་སྣང་བ།

༣༠༽ ཀརྨ་ཚེ་དབང་དཔལ་ལྡན་ནམ་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པས་མཛད་པའི་སྤྱོད་འཇུག་འགྲེལ་པ་ངེས་ལེགས་མཛོད།

༣༡༽ ྋགོང་ས་མཆོག་གིས་བཀའ་ཁྲིད་གནང་བའི་སྤྱོད་འཇུག་གི་འགྲེལ་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.