སྔོན་གླེང༌།


033༄༅།། དེ་ཡང་ཇི་སྐད་དུ། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་༸ཡབ་རྗེ་བློ་བཟང་འཕྲིན་ལས་ཀྱི་ཞལ་ནས། ཆོས་ཀུན་རང་རང་གདགས་གཞི་ཚོགས་པར། །རྟོག་པས་བཏགས་པའི་སྣང་བ་ཙམ་ལས། །དཔྱད་བཟོད་རང་བཞིན་རྡུལ་ཙམ་མེད་པའི། །གནས་ཚུལ་རྟོགས་པར་བྱིན་གྱིས་རློབས་ཤིག །ཅེས་གསུངས་པ་ལྟར། སྣང་ཞིང་སྲིད་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རང་གི་གདགས་གཞི་ཚོགས་པ་ལ་བརྟེན་ནས་རྟོག་པས་ཕར་བཏགས་ཙམ་ལས་རིགས་པས་དཔྱད་བཟོད་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པའི་རིང་ལུགས་བླ་ན་མེད་པ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་གྱི་རྗེས་སུ་འབྲང་བའི་ནང་པའི་གྲུབ་མཐའ་སྨྲ་པ་བཞི་ལས་དབུ་མ་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་མཐར་ཐུག་གི་ལྟ་བའི་སྲོལ་ཡིན་ཅིང༌། དེ་ཡང་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཀ་སངས་རྒྱས་ཐུགས་རྗེ་ཅན་ཉིད་ཀྱི་དགོངས་པ་ལས་ཉེ་བར་འཁྲུངས་པ་ཤ་སྟག་ཡིན་ལ། དེ་དག་ལ་རང་རང་གི་ཁུངས་བཅོལ་ཡུལ་གྱི་བཀའ་རེ་ཡོད་པ་སྨོས་མ་དགོས་མོད། རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་དབུ་མ་རྩ་བ་ཤེས་རབ་ཀྱིས་མཚོན་པའི་དབུ་མ་རིགས་པའི་ཚོགས་ཀྱི་བསྟན་བཅོས་རྣམས་ཀྱིས་ལེགས་པར་བཀྲལ་ཏེ་གཏན་ལ་ཕབ་ཅིང༌། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་ཀྱང་སློབ་དཔོན་འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། (འདི་ལ་ལེགས་ལྡན་དང་ལེགས་འབྱེད་ཅེས་ལེགས་ལྡན་ཆེ་ཆུང་གཉིས་ཡོད་པའང་མཁས་དབང་འགའི་གསུང་ལས་འབྱུང་བས་དཔྱད་པར་འཚལ།) ཞི་བ་ལྷ། ཟླ་བ་གྲགས་པ། ཞི་བ་ཚོའི་ཡབ་སྲས་སོགས་ཀྱིས་ལུང་རིགས་ཀྱིས་དཔྱད་དེ་ཐལ་རང་སོ་སོའི་ལུགས་སུ་བཀྲལ་པའི་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་བྱུང་ཞིང༌། ལྷག་པར་དུ་ཐལ་རང་གི་སློབ་དཔོན་རྣམས་ནང་ཕན་ཚུན་རྩོད་པ་རྩོད་ལན་གནང་བའང་བྱུང་ཡོད།


                 དེ་ལྟར་ལེགས་པར་བཤད་པའི་གཞུང་ལུགས་སྨྲ་བ་པོ་དེ་དག་གི་གསུང་ལ་བརྟེན་ནས། བོད་གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་དང༌། ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ༑ སྐ་བ་དཔལ་བརྩེགས། ཞང་ཡེ་ཤེས་སྡེ། ཁུ་མདོ་སྡེ་འབར། དགེ་སློང་གྲགས་འབྱོར་ཤེས་རབ། གཞོན་ནུ་མཆོག པ་ཚབ་ཉི་མ་གྲགས་སོགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་ཐུགས་བསྐྱེད་ལ་བརྟེན་ནས། དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་རྣམས་དང༌། དབུ་མ་བཞི་བརྒྱ་པ། བུདྡྷ་པཱ་ལི་ཏ། ཤེས་རབ་སྒྲོན་མ། ག་ལས་འཇིགས་མེད། དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་གེ་འབར་བ། (འདིའང་དབུ་མ་སྙིང་པོའི་རང་འགྲེལ་ཡིན་མིན་གྱི་དོགས་གཞི་མཛད་པ་མཁས་པའི་གསུང་ལས་འབྱུང་བས་དཔྱད།)དབུ་མ་རིན་ཆེན་སྒྲོན་མ། དབུ་མའི་བསྡུས་དོན། དབུ་མ་ཚིག་གསལ། དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ། དབུ་མ་རྒྱན། དབུ་མ་སྣང་བ་སོགས་རྒྱ་གར་མཁས་པས་མཛད་པའི་དབུ་མའི་བསྟན་བཅོས་མང་དུ་བསྒྱུར་ཏེ། དབུ་མའི་གཞུང་ལ་སློབ་གཉེར་བྱེད་པའི་སྲོལ་དར་བར་མཛད། དེ་ལ་བརྟེན་ནས་བོད་འདིར་ས་དགེ་བཀའ་རྙིང་གི་མཁས་གྲུབ་བགྲང་ལས་འདས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་རབ་དང༌། དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་དག་གཞིར་བྱས་ཏེ་དབུ་མ་ཐལ་རང་སོ་སོའི་ལུགས་ཀྱི་གཞུང་ལུགས་མང་དུ་མཛད་པར་མ་ཟད། ཐོས་བསམ་གྱིས་གཏན་ལ་ཕབ། སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་མང་དུ་བྱུང༌། ཁྱད་པར་དུ་འཇམ་དབྱངས་མི་ཡི་རྣམ་རོལ་༸རྗེ་བཙུན་ཙོང་ཁ་པ་ཆེན་པོས་ནི། ཆིག་བརྒྱུད་ཀྱི་གདམས་ངག་དང༌། གྲུབ་ཆེན་གྱི་གཏེར་ཡིག་ཡིན་ཟེར་བ་སོགས་ཟབ་ཟབ་མོར་གྲགས་པའི་རྣམ་གྲངས་སྣ་ཚོགས་པ་ལ་གཙིགས་སུ་མི་མཛད་པར། གཙོ་བོ་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་ཤིང་རྟ་ཆེན་པོ་དང༌། པཎ་གྲུབ་ཚད་ལྡན་དག་གིས་ཇི་ལྟར་བཀྲལ་པའི་གཞུང་ལུགས་ཁུངས་སུ་བྱས་ཏེ། ཕྱོགས་རེ་དང་རགས་པ་ཙམ་གྱིས་ཚིམ་པར་མ་བྱས་པར་དཔྱད་པ་མཐིལ་ཕྱིན་པར་མཛད།

                 ལྷག་པར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་གྱིས་དབུ་སེམས་ཀྱི་གྲུབ་མཐའི་ཁྱད་པར། ཐལ་རང་གི་ལྟ་བའི་ཕྲ་རགས། ཀུན་བཏགས་དང་ལྷན་སྐྱེས་ཀྱི་འཇོག་ཚུལ་སོགས་ལ་ཞིབ་ཅིང་ཕྲ་བའི་རིགས་པས་དཔྱད་དེ། ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་པའི་ཚུལ་མཛད་ནས་སྔོན་མེད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ (འཕགས་པ་ཡབ་སྲས་ཀྱི་གཞུང་གི་སྒེར་འགྲེལ་དུ་རྩ་འཇུག་གི་རྣམ་བཤད་གཉིས། བོད་ཀྱི་ལྟ་བའི་འདོད་ཚུལ་གྱི་འཁྲུལ་སེལ་དུ་ལྷག་མཐོང་ཆེན་མོ། རང་ལུགས་ཀྱི་ལྟ་བའི་སྙིང་པོ་མ་ནོར་བར་སྐྱོང་བའི་དོན་དུ་ལྷག་མཐོང་ཆུང་ངུ༌། དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་དང་དྲང་ངེས་ཀྱི་དོན་གསལ་བར་བྱེད་པའི་ཆེད་དུ་དྲང་ངེས་ལེགས་བཤད་སྙིང་པོ།) ལ་སོགས་པའི་འཁྲུལ་པའི་ཆ་ཕྲ་མོ་ཙམ་ཡང་མི་མངའ་བའི་ལེགས་པར་བཤད་པའི་གསུང་རབ་མང་དུ་མཛད་ནས་བསྟན་པའི་སྙིང་པོ་སྟོང་པ་ཉིད་ཀྱི་རིང་ལུགས་འདི་ཉིད་གསལ་བར་མཛད་པ་ཡིན་ནོ། །


              ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་དང་ཡང་སློབ་སོགས་ཀྱིས་གདན་ས་གསུམ་གྱིས་མཚོན་པའི་ཆོལ་ཁ་གསུམ་གྱི་ཁྱོན་དུ་ཆོས་ཀྱི་གདན་ས་མང་པོ་ཕྱག་བཏབ་སྟེ། ད་ལྟ་བར་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པའི་ལྟ་གྲུབ་འཛིན་པའི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་ཞེ་གཅིག་བྱོན། མཁན་ཆེན་ཕྱག་རྡོར་པ་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལུང་བསྟན་བཞིན། ཕྱི་ལོ་ ༡༤༡༢ ལོར་རྗེ་རྒྱལ་བ་གཉིས་པའི་དངོས་སློབ། མདོ་རོང་མཁས་པ་མི་བཞིའི་ཡ་གྱལ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པའམ་དྲུང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་པོས། ཀིརྟི་ཚང་གི་མ་དགོན་དཔལ་འགྱུར་མེད་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ཕྱག་བཏབ་པ་ནས་ད་ལྟ་བསྟན་འགྲོའི་དཔུང་གཉེན་དུ་ཞལ་བཞུགས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་གི་བར་མི་ལོ་ཧྲིལ་པོ་དྲུག་བརྒྱ་ལྷག་གི་རིང་རྗེའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད། ཀིརྟི་ཚང་གི་གདན་ས་ཆེ་ཆུང་རྣམས་སུ་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་།


               ཁྱད་པར་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་༸སྐྱབས་མཆོག་ཐུབ་བསྟན་ཉི་མའི་སྐུ་དུས་སུ་(ཕྱི་ལོ་ ༡༨༡༨ ལོ་)ཀིརྟི་ཚང་གི་གདན་སའི་གཙོ་བོ་མ་དང་མཁའ་འགྲོ་འདུ་བའི་གནས་མདུན། སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་དབུས་ཀྱི་གདན་ས་འབྲས་སྤུངས་བློ་གསལ་གླིང་ནས་མཁན་ཆེན་བློ་བཟང་ཕུན་ཚོགས་སོགས་དགེ་བའི་བཤེས་གཉེན་དུ་མ་གདན་ཞུས་ཀྱིས་གཙོ་བོར་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་བཀའ་པོད་ལྔའི་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་ཚུགས་པ་ནས། རིམ་བཞིན་དཔལ་ནཱ་ལེནྡྲ་གཉིས་པ་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང༌། ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང༌། ཚོ་བདུན་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ (དགོན་པ་འདི་བཞི་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་ཟེར།) བཅས་སུ་མཚན་ཉིད་ཀྱི་བཤད་གྲྭ་ཚུགས་ཏེ། མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིས་མཚོན་པའི་རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་ལ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བའི་སྲོལ་བཏོད།

              ལྟག་པར་དུ་བདག་ཅག་ལྟོས་བཅས་ཡོངས་ཀྱི་རྣམ་འདྲེན་མཚུངས་ཟླ་མ་མཆིས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་ལས་ཉེ་བར་འཁྲུངས་པའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་འདི་ཉིད་དུ། ཕྱི་ལོ་ ༢༠༠༡ ལོར། མཚན་ཉིད་ཀྱི་བཤད་གྲྭ་དངོས་སུ་ཚུགས་པ་ནས་བགྲང་བྱ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་ཕར་ཕྱིན་སློབ་ཐོན་ཐེངས་གསུམ་དང་དབུ་མ་སློབ་ཐོན་ཐེངས་གཅིག་བཅས་ཐོན་ཟིན་ཅིང༌། དེ་ལས་ཕར་ཕྱིན་སློབ་ཐོན་དང་པོ་གཉིས་གསུམ་བཅས་ཀྱིས་སྔ་ཕྱིར་༸ཁོང་རིན་པོ་ཆེའི་ཐུགས་དགོངས་བཞིན་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་གཞིར་བཟུང་གིས་ཕར་ཕྱིན་ཁྱབ་མཐའི་དེབ་ཕྲེང་ <<ཐལ་ཕྲེང་ནོར་བུའི་དོ་ཤལ་>> ཞེས་པ་སྐབས་དང་པོ་ནས་མཇུག་བར་རྒྱུན་གྱི་ཆོས་གྲྭའི་ནང་གི་རྩོད་པ་བྱེད་ཚུལ་གྱི་འགྲོས་དང་མཐུན་པར་བསྒྲིགས་ཟིན།


                དེ་བཞིན་ད་ཐེངས་ངེད་ཅག་དབུ་མ་སློབ་ཐོན་ཐེངས་དང་པོ་ནས། རྗེ་ཐམས་ཅད་མཁྱེན་པའི་དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་དང་། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མ་སྤྱི་མཐའ་གཉིས་གཞིར་བཟུང་སྟེ་དབུ་ནས་ཚད་འགོག་བར་སྔར་ལྟར་ <<དབུ་མའི་ཐལ་ཕྲེང་མུ་ཏིག་ཕྲེང་མཛེས་>> ཞེས་པར་བསྒྲིགས་ཏེ་སློབ་ཐོན་པའི་རྩོམ་རྒྱུགས་ཀྱི་ངོ་བོའི་ཐོག་ནས་གསར་དུ་བྲིས་ཁུལ་བགྱིས་ཤིང་། ཁྱབ་མཐའ་དངོས་གཞིའི་འགོ་མཇུག་ཏུ་༸སྐྱབས་མགོན་ཀིརྟི་ཕྲེང་བརྒྱད་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བསྡུས་དོན་དང་། ལམ་ཡོངས་རྫོགས་ཀྱི་རྟོགས་པ་སྐྱེ་བའི་གསོལ་འདེབས་མགུར་མ་གཉིས། དེ་བཞིན་གདན་ས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་གྱི་རིགས་སྨྲ་འབུ་སྒང་ཨ་ཁུ་བརྩོན་འགྲུས་མཆོག་དང་དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས་སོགས་མཛད་པ་པོ་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོ་ (བློ་གླིང་བློ་བཟང་དགོངས་རྒྱན་དུ་འདི་ལ་ཚེ་ཏན་ཞབས་དྲུང་དུ་བྲིས་པ་ནོར་བ་འདྲ།) རྣམ་གཉིས་ཀྱི་དྲི་བ་དྲིས་ལེན་བཅས་བཀོད་དེ་གྲུབ་ཟིན་ཁུལ་ཡང༌། སྤྱིར་ཕྲན་ཅག་ལ་༸ཁོང་རྡོ་རྗེ་འཆང་གི་ཐུགས་བཞེད་ཟབ་མོ་ཇི་བཞིན་སྒྲུབ་པའི་ཤེས་ཚད་ཀྱི་སློབ་སྦྱོང༌། ལྷན་སྐྱེས་ཀྱི་རིག་སྟོབས་སོགས་གང་ཡང་མི་འཛོམས་པ་སྨོས་མ་དགོས་ཀྱང༌། ༸ཡབ་རྗེ་བློ་བཟང་འཕྲིན་ལས་ཀྱི་ཞལ་ནས། ཆོས་མདོ་སྔགས་གཞུང་གི་གནད་དོན་ལ། །བསམ་སྒོམ་གྱིས་འདྲིས་པར་མ་ནུས་ཀྱང༌། །ཚིག་སྨྲ་སྤྱི་ཙམ་གྱི་ཐོས་པ་ཡིས། །རྒྱུད་བག་ཆགས་བཟང་པོ་ཐེབས་པར་མཛོད། །ཅེས་གསུངས་པ་ལྟར། གཞུང་ལུགས་ཟབ་མོ་དག་ལ་བག་ཆགས་ཕྲན་བུ་རེ་འཇོག་ཐུབ་ན་སྙམ་པ་དང༌། ལྷག་པར་རྩོམ་ཚུལ་གྱི་ཐབས་ལམ་འདི་ལྟ་བུ་དེ་སྔར་མེད་པ་ཞིག ༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གིས། གསར་གཏོད་ལྟ་བུ་མཛད་དེ་ཐུགས་རེ་ཆེན་པོ་གནང་ཞིང་། བཀའ་ལས་ཀྱང་། “ཁྱེད་ཅག་གིས་འདི་ལྟར་བྲིས་པ་དེས་མི་གཞན་ལ་བློ་སྐྱེད་གསར་པ་རག་པ་ལྟ་བུ་དང༌། མི་གཞན་གྱིས་མ་ཤེས་པ་ཞིག་ཤེས་སུ་འཇུག་པ་ལྟ་བུ། ཡང་ན་གཞུང་ཆེན་མོའི་དཀའ་གནད་ཅིག་འཁྲོལ་བ་ལྟ་བུ་དེ་འདྲ་ཡོང་གི་མ་རེད་དེ། རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག་བསྟན་ཞེས་བཤད་སྲོལ་ཡོད་པ་ལྟར། འབྲི་ཐབས་འདི་ལྟ་བུས་བྲིས་ན་རྗེས་སོར་སེར་འབྲས་དགའ་གསུམ་དང༌། རང་རེའི་ཀིརྟི་ཚང་གི་གདན་ས་གོང་འོག་སོགས་ནས་འདི་ལྟར་འབྲི་མཁན་ཡོང་བར་མིག་དཔེ་བསྟན་པ་ཙམ་དམིགས་ཡུལ་དུ་བཟུང་ན་འགྲིགས་”ཞེས་བདག་ཅག་གི་བློ་གྲོས་ཀྱི་འཇུག་པ་དང་འཚམ་པའི་བཀའ་གསུང་གནང་བ་དང་དུ་ལེན་ཁུལ་བྱས་པ་ཙམ་ཡིན་ལགས་ལ། འདི་དག་ལས་ཀློག་པ་པོ་རྣམས་ལ་བློ་སྐྱེད་གསར་པ་དང༌། ལེགས་བཤད་ཀྱི་སྐྱེས་གསར་པ་ཞིག་རྙེད་དུ་མེད་པ་ནི་སྨོས་མ་དགོས་ཤིང༌། དེ་ལས་ཀྱང་འདིར་ཡོད་པའི་ཁྱབ་མཐའ་ཁག་ལ་རིགས་ལམ་གྱི་ཕྲེང་བསྒྲིགས་སྟངས་དང༌། ལུང་གི་རྒྱབ་གནོན་བྱེད་སྟངས་ནོར་བ། བསྒྲུབ་བྱ་སྒྲུབ་པ་ལ་བཀོད་པའི་གཏན་ཚིགས་སྒྲུབ་བྱེད་ཡང་དག་ཏུ་མ་སོང་བ། རང་ཚིག་ཟློས་སྐྱོན་དང་ནང་འགལ་བྱུང་བ་སོགས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས། ཤེས་ནས་སྨྲ་བ་དག་གིས་ནོར་འཁྲུལ་སྐྱོན་སེལ་གྱི་དགོངས་ཚུལ་དང་སློབ་སྟོན་གནང་སྐྱོང་ཡོང་བ་ཞུ། འདིར་འབད་ཀྱི་འབྲས་བུར་ལེགས་ཆ་ཕྲན་བུ་རེ་ཡོད་ཚེ་དེའི་དགེ་རྩ་ཅི་མཆིས་རྣམས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། བདག་ཅག་གི་མེ་ཏོག་ཕོག་པའི་ལྷ་སྐལ་༸སྐྱབས་མགོན་བཀའ་དྲིན་ཅན་རྣམ་གཉིས་ཀྱིས་གཙོས་བསྟན་པ་དེ་འཛིན་དང་བཅས་པའི་སྐུ་ཚེ་བརྟན་པའི་རྒྱུར་སྨོན་པ་བཅས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐབས་དང་པོའི་དབུ་མའི་སློབ་ཐོན་པ་ཐུན་མོང་ནས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༥ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.