གླེང་བརྗོད།

 

Tak jig 02༄༅།། དེ་ཡང་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་བཀའ་དྲིན་མཚུངས་མེད། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བོད་བརྒྱུད་ནང་བསྟན་གཅིག་པུ་ཙམ་མིན་པར་རིག་གནས་ཀྱི་སྡེ་ཚན་གཞན་དག་དང་། ལྷག་དོན་བརྡ་སྤྲོད་རིག་པའི་གཞུང་ལུགས་དག་བསྡུས་གྲྭ་དང་ཚད་མ་རིག་པའི་འགྲོས་དང་སྦྱར་ནས་ཁྲིད་སྟངས་རྟགས་གསལ་བཏང་སྟེ་སློབ་རྩོད་དུས་གཅིག་ཏུ་སྤེལ་བའི་བྱ་བར་ཤུགས་སྣོན་རྒྱག་ཐུབ་པ་བྱུང་ན། དེས་སློབ་ཕྲུག་སོ་སོའི་ཤེས་ཡོན་གྱི་གནས་ཚད་སྤྱི་དང་། ལྷག་དོན་ངོས་འཛིན་དང་དཔྱད་ཞིབ་བྱེད་རྒྱུའི་ནུས་པ་དེ་གཞན་དང་མི་འདྲ་བ་ཞིག་ཆགས་རྒྱུ་ཡིན་ཚུལ་བོད་ཀྱི་ཆོས་དང་རིག་གཞུང་གི་ཚོགས་སྡེ་འདྲ་མིན་དང་། ཁྱད་པར་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བཀའ་སློབ་ཟབ་གསལ་ཕེབས་ཡོད།

 

བཀའ་དྲིན་མཚུངས་མེད་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དེ་ཉིད་རང་རང་སོ་སོའི་ནུས་ཚོད་དང་བསྟུན་གང་ཐུབ་ཕྱག་ལེན་དུ་བསྟར་རྒྱུ་གལ་ཆེ་བར་དགོངས་ཏེ།

 

ཚད་མ་རིག་པའི་སློབ་རྩོད་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་འདི་རིག་གནས་གཞན་དག་ལའང་གཅིག་མཚུངས་ཀྱིས་ལག་བསྟར་གནང་རྒྱུར་དཔེ་མཚོན་གྱི་སློབ་དེབ་རྩོམ་སྒྲིག་ཆེད་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་རྩོམ་སྒྲིག་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་སློབ་དེབ་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས་པ་ལྟར། འདི་གའི་ཚོགས་ཆུང་ནས་ཕྲུ་གུ་ལོ་ཆུང་རྣམས་ཀྱི་ཆེད་དུ་དམིགས་རྩོད་པ་དང་རྩོད་ལན་གྱི་སྐབས་སོ་སོའི་བརྡ་ཆད་ཁག་དང་རྩོད་པ་བྱེད་ཚུལ་གྱི་རྣམ་གཞག་ཁག་གཉིས་རོབ་ཙམ་ངོ་སྤྲོད་དང་འབྲེལ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་རྨང་གཞིའི་ཤེས་བྱ་ཁག་སྙིང་བསྡུས་ཀྱིས་ཚད་མ་རིག་པའི་རྩོད་པ་རྩོད་ལན་བྱེད་ཚུལ་གྱི་རིགས་པའི་འགྲོས་དང་སྦྱར་ནས་ངོ་སྤྲོད་བྱས་པའི་སྔོན་འགྲོའི་སློབ་དེབ་རིག་པའི་ཉིན་བྱེད་དེབ་གཉིས་དང་། མདོ་སྡེ་པའི་རིགས་པའི་འགྲོས་དང་སྦྱར་བའི་བསྡུས་གྲྭའི་གཞུང་ལུགས་ཀྱི་རྩོད་ཚུལ་ཇི་ལྟ་བ་བཞིན་སློབ་དཔོན་ཐོན་མིའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྩ་བ་ལ་མཐའ་དཔྱད་རགས་བསྡུས་བྱས་པའི་དངོས་གཞིའི་སློབ་དེབ་རིག་པའི་ཉིན་བྱེད་དེབ་གཅིག་བཅས་སློབ་དེབ་གསུམ་ ཆེད་བསྒྲིགས་ཀྱིས་དཔར་སྐྲན་འགྲེམས་སྤེལ་བྱས་པ་འདིས་ལས་དང་པོ་བ་རྣམས་ལ་ཕན་ཐོགས་འབྱུང་བའི་རེ་བ་ཆེ། གཞན་སློབ་དེབ་འདིའི་ནང་བཀོད་པའི་སྔ་རྒོལ་དང་ཕྱི་རྒོལ་གཉིས་ངོས་འཛིན་བྱེད་སྟངས་ཐད་ཚད་མའི་གཞུང་དང་ཚིག་མཛོད་སོགས་མཐུན་མིན་ཅི་རིགས་ཡོད་ཀྱང་། འདི་ནས་པཎ་ཆེན་བསོད་གྲགས་ཀྱི་ཚད་མའི་བསྟན་བཅོས་དགོངས་པ་རབ་གསལ་དང་གཅིག་མཐུན་གྱིས་སྔ་རྒོལ་དེ་རྟགས་གསལ་གཏོང་མཁན་དང་ཕྱི་རྒོལ་དེ་རྟགས་གསལ་གཏོང་ཡུལ་དུ་ངོས་འཛིན་བྱས་ཡོད།

 

འོན་ཀྱང་ངེད་ཅག་རྩོམ་སྒྲིག་ཚོགས་ཆུང་ལ་ཤེས་ཚད་དང་ཉམས་མྱོང་ཤིན་ཏུ་ཞན་སྟབས་རྩོམ་སྒྲིག་བྱེད་སྟངས་ཐད་ཕྱོགས་སྣ་འདྲ་མིན་ནས་སྐྱོན་དང་ནོར་འཁྲུལ་གྱི་རིགས་མང་ཙམ་ཡོད་ལས་ཆེ་བས། དཔྱོད་ལྡན་རྣམས་ཀྱིས་ལམ་སྟོན་གང་མང་གནང་སྐྱོང་ཡོང་བ་བཅས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སུམ་རྟགས་ཁྱབ་མཐའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ ཚེས་ ༡༥ ལ། 

དེབ་ཆ་ཚང་གཤམ་གྱི་འཕྲུལ་དེབ་ལས་གཟིགས་པར་འཚལ། 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.