དང་པོ།ཚོགས་པའི་མིང༌།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་རྒྱས།
གཉིས་པ།ཚོགས་པའི་ལས་ཁུངས།
ད་ལྟའི་ཆར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཡོད།
གསུམ་པ།ཚོགས་པའི་དམིགས་ཡུལ།
༡༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་ རྣམ་གཉིས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཤིང་བསྟན་འགྲོར་སྨན་པའི་རླབས་ཆེན་ཐུགས་ ཀྱི་བཞེད་དགོངས་རྣམས་མྱུར་འགྲུབ་ཡོང་བ་ལ་ཅི་ནུས་ཀྱིས་ཞབས་འདེགས་སྒྲུབ་ཐབས་ གཙོ་བོ་བྱ་རྒྱུ།
༢༽ ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་སྐུ་བཅར་བླ་སྤྲུལ་རྣམས་ལ་ཐུགས་བརྩེ་ བས་གཟིགས་པ་ཆེ་བཞེས་ཀྱིས་ལམ་སྟོན་བཀའ་སློབ་གནང་བ་རྣམས་ཇི་བཞིན་སྒྲུབ་ཐབས་ དང་ཞབས་འདེགས་མཐུན་རྐྱེན་གྱི་ཐབས་ལམ་སྒོ་གང་ས་ནས་ཅི་ཡོང་འབད་སྒྲུབ་བྱ་རྒྱུ།
༣༽ ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་ལུང་བཀའ་ཁྲིད་ཀྱི་རིགས་དང་མཚམས་བསྙེན་ སྒྲུབ། འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་བཞེས་བཟང་པོ་མི་ ཉམས་རྒྱུན་འཛིན་དང་དར་སྤེལ་ཐབས་ལམ་གྱི་མཐུན་རྐྱེན་གང་ཡོང་བསྒྲུབ་རྒྱུ།
༤༽ གཞིས་བྱེས་གཉིས་སུ་འཁོད་པའི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་གཏན་བཞུགས་དང་ ཕྱོགས་མཐར་བཞུགས་པའི་བླ་སྤྲུལ་རྣམས་ཀྱི་དབར་འབྲེལ་ལམ་གོང་སྤེལ་དང་དགོས་ དམིགས་མཚུངས་པའི་ལས་རིགས་ཐོག་མཉམ་རུབ་བྱ་རྒྱུ།
༥༽ བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་འགྲོའི་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་ སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གསུང་རྒྱུན་བཞེད་མཚམས་སོགས་མི་ ཉམས་རྒྱུན་འཛིན་ཆེད་གལ་ཆེའི་ལྗགས་རྩོམ་རིགས་མཁོ་སྒྲུབ་དང་ཉར་ཚགས་བྱ་རྒྱུ།
༦༽ འབྲེལ་ཡོད་འདུས་སྡེ་ཁག་ཏུ་ལྷག་བསམ་རྣམ་དག་གིས་སྤྱི་ལ་ཕན་པའི་ཞབས་འདེགས་ བསྒྲུབས་དང་སྒྲུབ་བཞིན་པའི་མཛད་རྗེས་ཅན་གྱི་མི་སྣ་དང་གཞོན་སྐྱེས་སློབ་གཉེར་པ་ ཚོར་རྒྱབ་དཔུང་དང་མཐུན་སྦྱོར་ཅི་ནུས་བྱ་རྒྱུ།
༧༽ ཚོགས་པའི་ངོ་བོ་འཕེལ་རིམ་དང་གནས་བབས་ལ་བསྟུན་ཏེ་གཞིས་བྱེས་གཉིས་འཁོད་ཀྱི་ བོད་མིའི་སྤྱི་ཚོགས་ཁྲོད་ཕན་པའི་ལས་རིགས་གང་ཡོང་བསྒྲུབས་ཐབས་བྱ་རྒྱུ།
བཞི་པ།རྒྱུན་ལས་ལྷན་ཚོགས།
༡༽ རྒྱུན་ལས་ལྷན་ཚོགས་ཀྱི་གྲུབ་ཆ། ཚོགས་གཙོ་གཅིག སྤྱི་ཁྱབ་ཚོགས་དྲུང་གཅིག དྲུང་ཡིག་གཅིག འཐུས་མི་གཅིག་བཅས་ཡིན།
༢༽རྒྱུན་ལས་ལྷན་ཚོགས་ཀྱི་དུས་ཡུན། ལོ་གཉིས།
༣༽ རྒྱུན་ལས་ལྷན་ཚོགས་བསྐོ་བཞག་བྱེད་སྟངས། ཚོགས་མི་བླ་སྤྲུལ་ཆེ་ཆུང་ཁྱད་མེད་ཀྱིས་རང་མོས་ལྟར་ལས་བྱེད་སུ་འོས་ལ་གསང་ བའི་འོས་བསྡུ་བྱས་ཏེ་མཐའ་མའི་འོས་ཐོབ་རྣམས་ལས་རིགས་སོ་སོར་བསྐོ་བཞག་བྱེད་ དགོས་ནའང༌། འོས་གྲངས་འདྲ་མཉམ་བྱུང་ཚེ་རྒྱུན་ལས་ལྷན་ཚོགས་ལས་ཚོགས་གཙོ་སོགས་གོ་རིམ་བཞིན་ ལས་བྱེད་གསུམ་ཕྱིར་འཐེན་བྱས་ཏེ་ལྷག་ཡོད་རྣམས་ནས་བསྐྱར་དུ་འོས་འདེམས་ཀྱིས་ མཐའ་མའི་འོས་ཐོབ་སུ་ཡིན་བསྐོ་བཞག་བྱ་རྒྱུ། རྒྱུན་ལས་ལ་བསྐོ་བཞག་གྲུབ་རྗེས་ལོ་གཉིས་ཀྱི་དུས་ཡུན་མ་རྫོགས་པར་ལྷག་བསམ་ སྤྱི་ཁུར་གྱིས་ངེས་པར་འགན་ལེན་དགོས། རྒྱུན་ལས་སུ་ཡིན་ཡང་དུས་ཡུན་རྫོགས་མཚམས་སུ་བསྐྱར་དུ་འོས་འདེམས་བྱུང་བར་དགག་ བྱ་མེད། གལ་སྲིད་དུས་ཡུན་དེའི་ནང་ཛ་དྲག་ནད་མནར་སོགས་ཀྱི་རྐྱེན་གྱིས་དགོངས་ཞུ་མ་བྱས་ ཐབས་མེད་ཀྱི་རིགས་བྱུང་ཚེ་དབུས་ཚོགས་མི་ནས་ལས་ཚབ་གསར་དུ་འོས་འདེམས་བྱ་རྒྱུ། གདམ་བྱའི་འོས་མི་ལས་ཚོགས་གཙོ་ལ་ལོ་ ༢༢ ལོན་པ་དང་དེ་མིན་རྣམས་མ་མཐར་ལོ་ ༡༨ ཟིན་པ་ཞིག་དགོས།
༤༽ རྒྱུན་ལས་ལྷན་ཚོགས་ཀྱི་འགན་དབང་དང་བྱེད་སྒོ། ཚོགས་པའི་དམིགས་ཡུལ་དང་མཐུན་པའི་སྤྱིར་བཏང་ལས་རིགས་དང་ཚོགས་འདུ་ཆེ་ཆུང་ཁག་ ཏུ་གཏན་འབེབས་བྱས་པའི་གྲོས་ཆོད་རྣམས་ལག་བསྟར་ཐག་གཅོད་བྱ་རྒྱུ། གལ་ཆེའི་ལས་རིགས་རྣམས་ཚོགས་གཙོ་བརྒྱུད་ནས་ྋསྐྱབས་རྗེ་རིན་པོ་ཆེ་སྙན་སེང་ཞུ་ དགོས།
༥༽ རྒྱུན་ལས་ལྷན་ཚོགས་ཀྱི་ལས་བྱེད་ཕྱིར་འཐེན། གོང་གསལ་དགོངས་ཞུས་ཀྱི་རིགས་དང༌། དེ་མིན་ལས་བྱེད་རྣམས་ངེས་པར་ཕྱིར་འཐེན་དགོས་པའི་ཛ་དྲག་དོན་རྐྱེན་རིགས་བྱུང་ ཚེ་དབུས་ཚོགས་མི་དངོས་ཡོད་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ཚེ་གནས་སྐབས་ཕྱིར་ འཐེན་གྱིས་ཚབ་གསར་བསྐོ་རྒྱུ།
ལྔ་པ།རྒྱུན་ལས་ལྷན་ཚོགས་ཀྱི་ལས་བྱེད་སོ་སོའི་བྱེད་སྒོ།
ཀ༽ བླ་སྤྲུལ་ལྷན་རྒྱས་ཀྱི་ཚོགས་གཙོ།
བླ་སྤྲུལ་ལྷན་རྒྱས་ཀྱི་ཚོགས་གཙོ་ནི་ལྷན་ཚོགས་འདིའི་འཛིན་སྐྱོང་ལས་བྱེད་མཐོ་ ཤོས་ཡིན་པས་ཚོགས་ཆེན་དང་རྒྱུན་ལས་ལྷན་ཚོགས་སོགས་ཀྱི་ཚོགས་འདུ་ཆེ་ཆུང་ཁག་གི་ དབུ་བཞུགས་གནང་དགོས་པར་མ་ཟད། ཚོགས་འདུར་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་གྱི་འགན་ལེན་གཙོ་བོ་གནང་ རྒྱུ་དང༌། རྒྱུན་ལྡན་ལྷན་ཚོགས་དང་འབྲེལ་བའི་ལས་དོན་ཆེ་ཕྲ་གང་ལ་ཡང་ཞིབ་རྟོག་སྟངས་འཛིན་ གྱི་འགན་དབང་ཆ་ཚང་ཡོད།
ཁ༽ སྤྱི་ཁྱབ་ཚོགས་དྲུང༌།
སྤྱི་སྒེར་གྱི་ལས་དོན་གང་རུང་ཞིག་གི་ཆེད་ཚོགས་གཙོ་ཕྱིར་བསྐྱོད་སོགས་ཀྱི་ ཤུལ་དུ་ཚོགས་གཙོའི་འགན་དབང་ཆ་ཚང་ཁུར་ལེན་སྟངས་འཛིན་བྱེད་རྒྱུ་དང༌། དགོས་དམིགས་མཚུངས་པའི་འབྲེལ་ཡོད་ཚོགས་སྡེ་དང་མི་སྣ་ཁག་ལ་འབྲེལ་ལམ་གྱི་འགན་ ལེན་དང་ལས་རིགས་གཙོ་བོ་གནང་དགོས། དེ་མིན་སྤྱི་རྫས་དང་སྤྱི་དངུལ་ཡོང་སོང་གི་ཐོ་ཡིག་རྩིས་ཁྲ་ཞིབ་གསལ་དང་རྒྱུན་ དུ་དོ་དམ་ཉར་ཚགས་བྱེད་དགོས།
ག༽དྲུང་ཡིག
ཚོགས་འདུ་ཆེ་ཆུང་ཁག་གི་བརྡ་ཐོ་དང་གྲོས་གཞི་སོགས་སྒྲིག་གཞི་ལྟར་དུས་ཐོག་ཏུ་ བརྡ་ལན་འཕྲོད་ངེས་གཏོང་རྒྱུ། དེ་བཞིན་ཚོགས་འདུ་ཁག་གི་གྲོས་གཞི་དང་གྲོས་ཆོད་སོགས་ཀྱི་ཡིག་ཆ་བསྡུ་འགོད་ དང༌། དེ་མིན་ཚོགས་གཙོ་དང་སྤྱི་ཁྱབ་ཚོགས་དྲུང་གང་རུང་གི་ངག་བཀོད་བཞིན་ལྷན་ཚོགས་ དང་འབྲེལ་བའི་ཡིག་ཆ་བཟོ་དགོས་རིགས་ནམ་ཡོད་ལ་འབྲི་འགོད་བྱེད་དགོས་པར་མ་ཟད། རྒྱུན་ལྡན་ལྷན་ཚོགས་ཀྱི་ལས་ཁུངས་དོ་དམ་བདག་གཉེར་བྱེད་དགོས།
ང༽ འཐུས་མི།
ལྷན་ཚོགས་དང་ཚོགས་མིའི་བདེ་སྡུག་དང་འབྲེལ་བའི་བསམ་འཆར་ཁག་བསྡུ་ལེན་བྱས་ཏེ་ ཟླ་རེའི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས་སྙན་སེང་གྲོས་གཞི་འདོན་ རྒྱུ་དང༌། རྒྱུན་དུ་ལས་བྱེད་གཞན་ལ་སྐབས་ཐོབ་ཀྱི་ལས་དོན་མཁོ་ངེས་རིགས་ལ་ཕྱར་གྲུ་མཉམ་ འདེགས་ཀྱིས་ཕྱག་ལས་སྒྲུབ་རོགས་བྱེད་དགོས།
དྲུག་པ།ཚོགས་མི།
ཀ༽ཚོགས་མིར་ཞུགས་སྟངས།
ཀིརྟིའི་བྱེས་པ་གྲྭ་ཚང་གི་འགྲིག་འོག་ཏུ་ཡོད་པའི་བླ་སྤྲུལ་རྒན་གཞོན་ཁྱད་མེད་ ལྷན་ཚོགས་འདིའི་ཚོགས་མི་ཡིན་ལ། དེ་མིན་གོང་གསལ་དམིགས་ཡུལ་གཅིག་པའི་ལས་དོན་བྱེད་འདོད་ཡོད་པའི་འབྲེལ་ཡོད་ དགོན་སྡེ་ཁག་གི་བླ་སྤྲུལ་སུ་ཡིན་ཡང་ཚོགས་ཞུགས་ཀྱི་སྒྲིག་གཞི་ཟུར་གསལ་ལྟར་ རྒྱུན་ལས་ལྷན་ཚོགས་ཀྱིས་ངོས་ལེན་བྱུང་བ་ནས་བཟུང་ལྷན་ཚོགས་འདིར་ཞུགས་པ་ཡིན།
ཁ༽ཚོགས་མི་ལས་ཕྱིར་འཐེན།
ཚོགས་མི་སུ་ཞིག་ནས་ཛ་དྲག་གི་གནས་བབས་དང་གལ་ཆེའི་དོན་རྐྱེན་སོགས་ཀྱིས་ལྷན་ ཚོགས་འདི་ལས་ཕྱིར་འཐེན་ཡོང་བའི་དགོངས་ཞུའི་རིགས་བྱུང་ཚེ་རྒྱུན་ལས་ལྷན་ཚོགས་ ཀྱི་ཚོགས་འདུའི་སྐབས་གྲོས་བསྡུར་ཞིབ་རྟོག་བྱས་ཏེ་དགོངས་འཁྲོལ་འོས་པའི་ངོས་ བཞེས་བྱུང་བ་དང༌། གཞན་ཡང་ཚོགས་མི་གང་ཞིག་གིས་ལྷན་ཚོགས་ཀྱི་དགོས་པ་དང་དམིགས་ཡུལ་ལ་རྒྱབ་འགལ་ གྱི་གནོད་གཞིའི་ལས་རིགས་བྱས་པ་དང༌། རང་སྣང་གང་དྲན་གྱིས་ལྷན་ཚོགས་འདིའི་སྒྲིག་གཞི་ལ་རྩིས་མེད་སྣང་ཆུང་བྱེད་མཁན་ རིགས་ལ་རྒྱུན་ལས་ལྷན་ཚོགས་ནས་གྲོས་གཞི་ཆེད་འདོན་བྱས་ཏེ་དམིགས་བསལ་ཚོགས་ འདུའི་སྐབས་ཚོགས་མི་དངོས་ཡོད་སུམ་ཆ་གཉིས་ཀྱིས་ཚོགས་མི་ལས་ཕྱིར་འཐེན་དགོས་ པའི་མོས་མཐུན་བྱུང་ཚེ་ཚོགས་མི་ལས་ཕྱིར་འཐེན་བྱས་པ་ཡིན།
ག༽ ཚོགས་མིའི་བྱེད་སྒོ།
ཚོགས་མི་སུ་ཡིན་ཡང་རྒྱུན་ལས་ལྷན་ཚོགས་ནས་ཚོགས་པའི་དམིགས་ཡུལ་དང་མཐུན་པའི་ ལས་དོན་གང་བྱས་ལ་ཐུགས་ཁུར་རྒྱབ་དཔུང་དང་སྤྱི་ཕན་ལྷག་བསམ་གྱིས་མཐུན་སྤྱོར་ རམ་འདེགས་བྱེད་དགོས་པར་མ་ཟད་སྤྱི་པའི་ལས་དོན་ཆེད་ངག་བཀོད་ཡོད་རིགས་ལ་ཡ་ཡོལ་ དང་ཕྱིར་འཐེན་མེད་པར་གང་ཡོང་སྒྲུབ་ཐབས་མཛད་དགོས།
བདུན་པ།ཚོགས་འདུ་ཁག
ཀ༽ ཚོགས་ཆེན།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་རྒྱས་ཀྱི་ཚོགས་ཆེན་ནི། ལོ་གཉིས་རེའི་ནང་ཐེངས་རེ་འཚོགས་དགོས་པས་འདི་གའི་གྲྭ་ཚང་དུ་གཏན་བཞུགས་དང་ ཕྱོགས་མཐར་བཞུགས་པའི་ཚོགས་མི་ཡོད་རིགས་རྣམས་ལྷན་འཛོམས་ཀྱིས་ཚོགས་པའི་དམིགས་ ཡུལ་ཁག་འགྲུབས་ཐབས་དང༌། རྒྱུན་ལས་ལྷན་ཚོགས་ཀྱི་ལས་བྱེད་བརྗེ་སྤོར་བསྐོ་བཞག་སོགས་སྐབས་ཐོབ་ཀྱི་གྲོས་ གཞི་དང་ཚོགས་མི་སོ་སོའི་དགོངས་འཆར་ལ་བགྲོ་གླེང་དང་གྲོས་ཆོད་འཇོག་དགོས་ལ། ཚོགས་ཆེན་གྱི་ཚོགས་ཡུལ་དང་ཚོགས་དུས། གྲོས་གཞི་གཙོ་བོ་ཁག་སྐབས་དེའི་རྒྱུན་ལས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་ དྲུང་ཡིག་ནས་ཟླ་གཅིག་གི་གོང་ཚོགས་མི་ཡོངས་ལ་བརྡ་ལན་དང་གྲོས་གཞི་ཁག་གི་ངོ་ བཤུས་བཅས་འཕྲོད་ཐབས་བྱེད་དགོས། ཚོགས་ཆེན་ལ་ཕེབས་ཞུགས་མ་ཐུབ་པའི་ཚོགས་མི་སུ་ཡིན་གྱིས་རང་ཉིད་ཀྱིས་མཚན་རྟགས་ བཀོད་པའི་དགོངས་ཤོག་དྲུང་ཡིག་བརྒྱུད་རྒྱུན་ལས་ལྷན་ཚོགས་ཀྱི་སར་ཚོགས་དུས་ ཀྱི་ཉིན་གསུམ་སྔོན་དུ་འབྱོར་ཐུབ་པ་བྱེད་དགོས་པ་ལས་དེ་བཞིན་མ་འབྱོར་ཚེ་ དགོངས་ཞུ་མ་བྱས་པར་ངོས་འཛིན་བྱ་རྒྱུ། སྐབས་བབས་ཀྱི་ལས་དོན་ཛ་དྲག་ཁག་ལ་དམིགས་བསལ་ཡོད་ནའང་ཛ་དྲག་དུ་ངོས་འཛིན་འོས་ མིན་གྱི་འགན་དབང་ཆ་ཚང་སྐབས་དེའི་རྒྱུན་ལས་ལྷན་ཚོགས་ལ་ཡོད་པ་ཡིན།
ཁ༽རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུ།
རྒྱུན་ལས་ལྷན་ཚོགས་ནི་ཚོགས་པ་འདིའི་འཛིན་སྐྱོང་སྡེ་ཚན་གཙོ་བོ་དེ་ཡིན་པས་ཟླ་ རེའི་ནང་ཚོགས་འདུ་ཐེངས་རེ་ངེས་པར་འཚོགས་དགོས་ལ། དེ་ཡང་ཚོགས་འདུ་ཁག་གི་གྲོས་ཆོད་རྣམས་ལག་བསྟར་གང་ཡོང་དང༌། སྐབས་བབས་ཀྱི་ལས་དོན་ཁག་ལ་ལས་བྱེད་སོ་སོ་ནས་གྲོས་གཞི་གང་འོས་ཀྱི་དགོངས་འཆར་ འདོན་དགོས་པར་མ་ཟད། གྲོས་གཞི་གཙོ་བོ་ཁག་ཚོགས་གཙོ་དང་སྤྱི་ཁྱབ་ཚོགས་དྲུང་གཉིས་ཀྱིས་གཏན་འབེབས་ བྱས་ཏེ་ཚོགས་འདུའི་སྐབས་ཕན་ཚུན་གོ་བསྡུར་གཟབ་ནན་གྱིས་གྲོས་ཆོད་འཇོག་དགོས་པ་ དང༌། རྒྱུན་དུ་ལག་བསྟར་སྟངས་འཛིན་ཡོང་ཐབས་བྱ་དགོས།
ག༽ དམིགས་བསལ་ཚོགས་འདུ།
སྐབས་འཕྲལ་གྱི་དམིགས་བསལ་དོན་གནས་ཁག་ལ་རྒྱུན་ལས་ལྷན་ཚོགས་ནས་གནས་བབས་ལ་ བརྟགས་ཏེ་དབུས་ཚོགས་མི་གང་ཡོད་འདུ་འཛོམས་ཐོག་ཞིབ་བསྡུར་གྲོས་མོལ་བྱས་ཏེ་ སྐབས་དོན་ཐག་གཅོད་བྱེད་ཆོག་པ་ཡིན།
ང༽དབུས་ཚོགས་འདུ།
ཀིརྟིའི་བྱེས་པ་གྲྭ་ཚང་དུ་གཏན་བཞུགས་ཀྱི་བླ་སྤྲུལ་རྣམས་དབུས་ཚོགས་མི་ཡིན་ ཞིང་ཟླ་གསུམ་རེའི་ནང་འདུ་འཛོམས་ཀྱིས་ཚོགས་འདུ་རེ་འཚོགས་དགོས། དེ་ཡང་རྒྱུན་ལྡན་གྱི་ལས་ཀ་བྱེད་ཕྱོགས་དང་རྒྱུན་ལས་ལྷན་ཚོགས་ནས་སྐབས་བསྟུན་ གྱི་གྲོས་གཞི་གཏན་འབེབས་བྱས་པ་རྣམས་ནང་ཁུལ་དགོངས་ཚུལ་འདོན་རེས་དང༌། སྐབས་དོན་གལ་གནད་ཁག་ཐག་གཅོད་མཛད་རྒྱུ།
བརྒྱད་པ།རྩིས་ཞིབ།
སྤྱི་ཁྱབ་ཚོགས་དྲུང་གི་ལོ་གཉིས་ཀྱི་འགན་ལེན་དུས་ཡུན་རྫོགས་མཚམས་དང༌། ཡང་ན་ལས་གནས་བརྗེ་སྤོར་སྐབས་རྒྱུན་ལས་ལྷན་ཚོགས་སར་སྤྱི་རྫས་དང་སྤྱི་དངུལ་ ཡོང་སོང་གང་ཡོད་ཀྱི་རྩིས་བསྡོམས་ཆ་ཚང་འབུལ་བཞེས་ཁ་གསལ་དགོས་པ་དང༌། དེ་མིན་ལོ་གཅིག་གི་རྩིས་བསྡོམས་ཀྱི་རྩིས་ཁྲ་ཞིབ་གསལ་བྱས་ཏེ་ཚོགས་གཙོར་སྤྱན་ འབུལ་ཞུ་དགོས་པར་མ་ཟད་ཚོགས་གཙོ་ནས་ཞིབ་བཤེར་གྱིས་མཚན་རྟགས་འགོད་དགོས།
གོང་གསལ་སྒྲིག་གཞི་འདི་ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༢༧ ཉིན་གཏན་འབེབས་བྱས།