ྋརོང་ཆེན་ཆོས་ཀྱི་རྒྱལ་པོ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་མཛད་རྣམ་སྙིང་བསྡུས།
༄༅།། རོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེའམ་བླ་མ་ཀིརྟི་ཚང་ནི། ཉན་ཐོས་དགྲ་བཅོམ་པ་ཉེ་བར་འཁོར་ནས་བརྩིས་ན་ད་ལྟའི་བར་ཐུན་མོང་བའི་སྐུ་ཕྲེང་ལྔ་བཅུ་ང་ལྔ་དང༌། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ནས་བརྩིས་ན་ད་ལྟའི་བར་ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་སྐུ་ཕྲེང་བཅུ་གཅིག་བྱོན། བོད་གཞུང་དགའ་ལྡན་ཕོ་བྲང་དང་རྒྱ་ནག་གོང་མ་སོགས་ཀྱིས་བླ་ཆེན་གྱི་ཐོབ་དང་མཚན་གནས་སྔ་ཕྱི་ཕུལ་བས་བོད་སྤྱི་དང་བྱེ་བྲག་མདོ་སྨད་ཡུལ་གྱི་བླ་ཆེན་ཞིག་ཏུ་གྱུར། ཀིརྟིའི་བླ་བྲང་ཁམས་གསུམ་ཟིན་གནོན་བརྒྱུད་ཆོས་སྲིད་ལུགས་གཉིས་ཀྱི་དབང་ལུང་བསྒྱུར། ད་ཆ་བླ་བྲང་དེ་ཉིད་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཀིརྟིའི་དགེ་རྩ་ཚོགས་པར་བསྒྱུར་གནང་མཛད་པས། ཆོས་བརྒྱུད་རིས་མེད་ཀྱི་ཀིརྟིའི་དགོན་མ་ལག་གམ་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཐམས་ཅད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། དེ་འབྲེལ་གྱི་ལྷ་སྡེ་མང་ཚོགས་འབུམ་ཕྲག་དུ་མས་དད་གུས་ཞུ་ཡུལ་གྱི་དགེ་ལུགས་པའི་བླ་ཆེན་ཞིག་ཡིན།
ད་ལྟའི་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི།
༡༩༤༢ ལོར་བོད་ཤར་ཕྱོགས་མདོ་སྨད་ཐེ་བོ་སྟག་མོའི་སྒང་ཞེས་པའི་གྲོང་གསེབ་ཏུ་སྐུ་འཁྲུངས།
༡༩༤༥ ལོར་ྋཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་མདོ་སྨད་ཀྱི་བླ་ཆེན་རྣམས་ཀྱིས་ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད།
༡༩༤༦ ལོར་གདན་སའི་གཙོ་བོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཁྲི་འདོན་ཞུས། ྋརྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་སྤྲུལ་པའི་སྐུ་ཐར་འདོད་འགྱུར་མེད་རྒྱ་མཚོ་མཆོག་དང༌། མཁས་པའི་དབང་པོ་རྗེ་དཀོན་མཆོག་ཤེས་རབ་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་སློབ་གཉེར་གྱི་དབུ་ཚུགས།
༡༩༤༨ ལོར་ཡོངས་འཛིན་སྐུ་བགྲེས་པ་མགོན་པོ་ཀླུ་སྒྲུབ་སྤྲུལ་པའི་སྐུ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།
༡༩༥༤ ལོར་དགེ་བཤེས་ལྷ་རམས་པ་ལྔ་དང་དགེ་བཤེས་གཞོན་པ་གཉིས་བཅས་མཚན་ཞབས་པ་བདུན་ཆེད་འཛུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་གྱི་དབུ་བཟུང༌།
༡༩༥༧ ལོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་བཀའ་ཡིག་སྔ་ཕྱིའི་དགོངས་དོན་ལྟར་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། བོད་གཞུང་ནས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ།
༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞབས་རྗེས་སུ་འབྲངས་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས།
༡༩༦༠ ནས་ལོ་ཤས་རིང་སྦག་ས་དང་ཌལ་ཧོར་གཉིས་སུ་ནང་དོན་རིག་པར་གསན་བསམ་འཕྲོ་སྐྱོང་མཛད།
༡༩༦༢ ལོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
༡༩༦༥ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཆེད་བཙུགས་གནང་བའི་དགེ་རྒན་འོས་སྦྱོང་ཐེངས་གཉིས་པར་ཕེབས་ནས་ཕྱི་ནང་རིག་པའི་གནས་ལ་སྦྱངས་པ་མཛད།
༡༩༦༨ ནས་ལོ་དགུའི་རིང་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ནང་རིག་གནས་མཐའ་དག་ལ་མཁས་པར་སྦྱངས་ཏེ་ཤཱསྟྲི་(BA)དང་ཨཙརྱའི་(MA)མཚན་གནས་རིམ་པར་བཞེས།
༡༩༧༧ ལོར་ཀ་ལི་ཀ་ཏ་ཤན་ཏིའི་ནེ་ཀེ་ཏན་(VISVA-BHARATI)མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་འབུམ་རམས་པའི་སློབ་སྦྱོང་དབུ་འཛུགས་མཛད།
༡༩༧༨ ནས་ལོ་བཅུའི་རིང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས།
༡༩༨༤ ནས་ ༡༩༨༥ ལོར་ནང་དོན་གཞུང་འབྲེལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་དང་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་རྒྱ་བོད་ཀྱི་མི་སྣ་གྲགས་ཅན་དུ་མར་མཇལ་འཕྲད་མཛད།
༡༩༨༥ ལོར་ལྷ་ལྡན་གཙུག་ལག་ཁང་དུ་ལོ་ངོ་ ༢༦ རིང་ཆད་པའི་རབ་གནས་ཆེན་མོ་སྐྱར་གསོ་མཛད།
༡༩༨༦ ལོར་རྒྱ་གར་ལྷོ་ཕྱོགས་གདན་ས་སེ་འབྲས་དགེ་གསུམ་དུ་གྲྭ་སྐོར་དམ་འཇོག་གིས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།
༡༩༨༧ ལོ་ནས་བཟུང་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་སྒེར་ཡིག་ཚང་དང༌། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང༌། ཆབ་སྲིད་ཚོགས་ཆུང༌། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་སུ་ྋགོང་ས་མཆོག་ནས་ཐད་བསྐོས་བསྩལ་པ་བཞིན་མཛད་འགན་རིམ་པར་བཞེས།
༡༩༩༢ ལོར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་བསྐྱངས།
༡༩༩༣ ལོར་བོད་ནང་གི་ཀིརྟིའི་དགོན་ཁག་ལ་བསླབ་བྱ་སྙན་སྒྲོན་བཅུ་གསུམ་ཅན་སྔ་ཕྱི་གཉིས་སུ་བསྩལ་ཏེ་དགོན་པ་མང་པོའི་སྤྱི་ཐབ་ནས་དམར་ཟས་སྤངས་པ་སོགས་བསྟན་པ་ལ་དག་ཐེར་མཛད།
༡༩༩༧ ལོར་བོད་གཞུང་གི་བཀའ་བློན་དུ་འདེམས་ཐོན་བྱུང་བ་ལྟར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས།
༢༠༠༡ ལོར་བོད་ནང་གི་ཀིརྟིའི་དགོན་ཁག་ལ་དྲུག་ཅུ་རྒན་པོའི་རེ་འདུན་ཞེས་པའི་བསླབ་བྱ་བསྩལ་ཏེ་དགོན་པའི་སློབ་གཉེར་དང་འགྲིག་ལམ་སོགས་ལ་ལེགས་བཅོས་མཛད།
༢༠༠༥ ལོ་ནས་ལོ་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་གཉན་ཚེམ་བུ་པའིལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་ལ་བཞུགས།
༢༠༠༨ ལོར་སྔ་མོའི་ཀིརྟིའི་བླ་བྲང་དེ་དེང་དུས་མང་གཙོའི་འགྲོ་ལུགས་ཅན་གྱི་ཀིརྟིའི་དགེ་རྩ་ཚོགས་པར་བསྒྱུར་གནང་མཛད་དེ་བླ་མའི་བླ་བྲང་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བའི་སྲོལ་བཟང་བཏོད།
༢༠༠༩ ལོར་བོད་ནང་གི་འབྲེལ་ཡོད་ལྷ་སྡེ་མང་ཚོགས་ལ་བསླབ་བྱ་དོན་ཚན་སོ་གཉིས་ཅན་བསྩལ་ཏེ་ཡ་རབས་དགེ་སྐུལ་གྱི་ཕན་ནུས་རྒྱ་ཆེན་པོ་ཐོན།
༢༠༡༡ ལོར་བཀའ་ཤག་གི་བཀའ་འབྲེལ་བཞིན་ཨ་རིར་ཆིབས་བསྒྱུར་གྱིས་ཨ་རིའི་གཞུང་དང་མི་མང་བཅས་པར་མེ་དཔུང་ཁྲོད་ཀྱི་བོད་མིའི་སྡུག་བསྔལ་གྱི་ཞུ་འབོད་སྙན་སེང་གནང༌།
༢༠༡༢ ལོར་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཁག་གི་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་བསྩལ་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཐབས་ཚུལ་དུ་མ་གསར་བཏོད་མཛད།
༢༠༡༣ ལོར་བཀའ་ཤག་གི་བཀའ་འབྲེལ་བཞིན་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། ཡོ་རོབ་གྲོས་ཚོགས། སུད་སི་དང༌། སྦེལ་འཇམ། ཕཱ་རན་སི། ནེ་ཌར་ལན་ཌི། འཇར་མན། དབྱིན་ལན་བཅས་རྒྱལ་ཁབ་ཁག་དྲུག་གི་གཞུང་དང་མི་མང་བཅས་པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་མཛད།
ད་བར་དུ་བོད་ཀྱི་ཆོས་དང་རིག་གཞུང༌། ཆབ་སྲིད། ལོ་རྒྱུས་སོགས་ཀྱི་སྐོར་གསུང་རྩོམ་མང་པོ་ལྗགས་རྩོམ་མཛད་ཡོད། ད་ཆ་ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཛད་འགན་བཞེས་བཞིན་སྐུ་འཚོ་ཞིང་གཞེས་པ་བཅས།
རྣམ་ཐར་འདི་ལས་ཅུང་རྒྱས་ཙམ་གཟིགས་འདོད་ན་འདིར་སྣུན།