དང་པོ། ྋསྐྱབས་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ནི། གྲྭ་ཚང་འདིའི་འཛིན་སྐྱོང་ལས་བྱེད་པའི་ནང་ནས་གནས་རིམ་མཐོ་ཤོས་གཅིག་པུ་དེ་ཡིན་པས། འཛིན་སྐྱོང་དང་འབྲེལ་བའི་ཕྱི་ནང་གི་ལས་དོན་སྤྱིའི་འགན་བླངས་པའི་ཐོག་ནས་ལྟ་རྟོག་གིས་འཁྱོག་པོ་ཡོ་བསྲང་དུས་ལས་མ་ཡོལ་བར་མཛད་རྒྱུ་འདི་ལས་འགན་གྱི་གཙོ་བོ་ཡིན།

ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་ཀྱི་དབུ་བཞུགས་སུ་མཁན་པོ་བཞུགས་ཡོད་ཚེ་དེའི་ཕྱག་རོགས་དང་མེད་ཚེ་ཚོགས་འདུའི་དབུ་བཞུགས་གནང་དགོས། གཞུང་འབྲེལ་ཡིན་མིན་གྱི་ཚོགས་འདུ་དང་མཛད་སྒོ་ཁག་ལ་གྲྭ་ཚང་གི་སྐུ་ཚབ་མཛད་དགོས་ཤིང༌། གལ་སྲིད་ཕེབས་མ་ཐུབ་ཚེ་སྐུ་ཚབ་གཞན་ཞིག་མངགས་གཏོང་མཛད་རྒྱུ། གྲྭ་ཚང་གཞུང་གི་སྐུ་མགྲོན་ཁག་ཕེབས་བསུ་དང་སྣེ་ལེན་མཐུན་འགྱུར་རོགས་རམ་མཛད་རྒྱུའི་ཐུགས་འགན་ཡང་ཡོད།

གཉིས་པ། རྒྱུན་དུ་གྲྭ་ཚང་ཕྱི་ནང་གི་སྒྲིགས་ལམ་སྡོམ་རྒྱུའི་ལས་འགན་གཙོ་བོ་དགེ་བསྐུལ་ལ་ཡོད་ནའང༌། སྒྲིགས་ལམ་སྤྱིའི་ཆ་ནས་ཉམས་ཞན་དུ་མི་འགྲོ་བའི་ལྟ་རྟོག་དང་དེའི་འགན་བཞེས་ཏེ་དགེ་བསྐུལ་ལ་གོ་བསྡུར། སྐབས་སོ་སོར་ཚོགས་དབུས་སུ་ཚོགས་གཏམ་བཀའ་སློབ་ཀྱང་གནང་དགོས། དགེ་བསྐུལ་མེད་པའི་སྐབས་ལ་གྲྭ་ཚང་གི་སྒྲིགས་ལམ་ཡོངས་རྫོགས་ལ་ལྟ་རྟོག་དང་ཚོགས་དང་ཆོས་ར་བཅས་པར་དགེ་བསྐུལ་གྱི་འགན་ཡང་བཞེས་དགོས།

ལས་ཀ་དང་འཛིན་གྲྭའི་འཆར་ཅན་གྱི་དགོངས་ཞུ་མ་ཡིན་པའི་དགོངས་ཞུ་ཆེ་ཆུང་ཐམས་ཅད་སྐུ་ཚབ་བརྒྱུད་ནས་ཞུ་སྤྲོད་གནང་དགོས། སྐུ་ཚབ་ཀྱིས་སྒྲིགས་ལམ་བཞིན་དགོངས་ཤོག་ྋསྙན་ཞུ་བཞེས་འོས་མཆིས་མིན་ལ་ཞིབ་འཇུག་གིས་སྟངས་འཛིན་གནང་དགོས།

དགོངས་ཤོག་ྋསྙན་ཞུ་བཞེས་ཟིན་པ་རྣམས་མཁན་པོ་དང་ལས་སྣེ། ཡང་ན། ཚོགས་འདུར་ཞུ་འོས་པ་རྣམས་ཞུས་ཏེ་དགོངས་འཁྲོལ་ཡོད་མེད་ཐག་བཅད་ཟིན་པ་རྣམས་ཀྱི་ལན་བརྡ་གནང་རྒྱུ་དང༌། ཐག་མ་ཆོད་པའི་དགོངས་ཞུ་གལ་ཆེའི་རིགས་ྋསྐྱབས་རྗེ་རིན་པོ་ཆེར་སྙན་སེང་ཞུ་རྒྱུའི་འགན་ཡང་བཞེས་དགོས།  

གསུམ་པ། ཕྱག་མཛོད་ཁང༌། གཉེར་པ། དཔེ་མཛོད་ཁང་། མགྲོན་ཁང༌། ཚོང་ཁང༌། ཁང་གཉེར་སོགས་གྲྭ་ཚང་གི་དངུལ་དངོས་དང་གཞུང་རྫས་སོགས་རྩིས་སྤྲོད་ལེན་བྱེད་དགོས་ཀྱི་རིགས་ཐམས་ཅད་ཀྱི་རྩིས་སྤྲོད་ལེན་གྱི་རྩིས་དཔང་ལ་ངེས་པར་ཕེབས་དགོས།

གྲྭ་ཚང་གི་ཤག་དཀྲུགས་དང༌། དགེ་རྒན་དང་ལས་བྱེད། ཕྱི་ནང་གི་སྐུ་མགྲོན་སོགས་ལ་གྲྭ་ཚང་ནང་ཁང་པ་གཡར་སྤྲོད་ཀྱི་འགན་ཡང་སྐུ་ཚབ་ལ་ཡོད།

བཞི་པ། འོས་བསྡུའི་ལམ་ནས་ལས་བྱེད་བསྐོ་བཞག་བྱེད་དགོས་རིགས་རྣམས་དུས་ཐོག་སོ་སོར་འོས་བསྡུ་བའི་ལས་འགན་ཡང་སྐུ་ཚབ་ནས་གཙོ་བོར་བཞེས་དགོས་པ་དང།

ཚོགས་འདུའི་དུས་ཚོད་གཏན་འབེབས་བྱེད་པའི་འགན་ཡང་ཡོད། ལས་བྱེད་བསྐོ་བཞག་དང་ལས་བྱེད་དགོངས་པ་ཞུ་འཁྲོལ་བྱུང་ཡོད་མེད་ཀྱི་ལན་བརྡ་དུས་འགྱངས་མེད་པར་གནང་དགོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.