. . . .

༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས་མཆོག་ནི། རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ། ཕྱི་ལོ་༡༦༥༦ ལོར་ཚ་ཁོའི་མ་དགོན་དང་ཧ་ཅང་ཐག་མི་རིང་བའི་པཱ་ལ་ཞེས་པར་ཡབ་འབུམ་ཐར་དང༌། ཡུམ་མེ་འགྱུ་ཟེར་བ་གཉིས་ཀྱི་སྲས་སུ་འཁྲུངས། ཟླ་བ་གཉིས་ལོན་པ་ན་ང་ནི་བསྟན་པ་རབ་རྒྱས་ཀྱི་སྐྱེ་བ་ཡིན། ཞེས་དང༌། བསྟན་པ་དར་རྒྱས་ངའི་དབོན་པོ་ཡིན་ཞེས་པ་སོགས་སྔོན་གནས་རྗེས་དྲན་གྱི་གསུངས་མང་པོས་ཀུན་ཡ་མཚན་པར་བྱས། སྐུ་གོང་མའི་རྡོར་དྲིལ་དང་ཕྱག་ཕྲེང་སོགས་ངོས་འཛིན་གནང་བས། དབོན་པོ་དར་རྒྱས་པས་དབུས་གཙང་དུ་ཐུགས་དམ་བརྟག་པར་བཏང་བ་ལ་ྋརྒྱལ་དབང་ལྔ་པ་ཆེན་པོ་དང༌། པཎ་ཆེན་བློ་བཟང་ཡེ་ཤེས། གནས་ཆུང་ཆོས་སྐྱོང་སོགས་བླ་ལྷ་རྣམས་དགོངས་པ་གཅིག་མཐུན་གྱིས་གྲུབ་དབང་བསྟན་པ་རབ་རྒྱས་ཀྱི་ཡང་སྤྲུལ་འཁྲུལ་མེད་ཡིན་པའི་བཀའ་ལུང་བསྩལ།

                དགུང་ལོ་ཉེར་དྲུག་བཞེས་པ། ལྕགས་བྱ། ཕྱི་ལོ་༡༦༨༡ ལོར་དབུས་ཕྱོགས་སུ་ཕེབས་པ་ན་ྋགོང་ས་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཁྲི་ལ་བཞུགས་པའི་ལོ་མཐའ་མ་དེར་མཇལ་ཞིང༌། གཞུང་ས་མཆོག་ནས་ཐུབ་དབང་གི་སྣང་བརྙན་ཁྱད་འཕགས་ཀྱིས་གཙོས་གནང་བྱིན་གྱ་ནོམ་པས་གཟེངས་བསྟོད། པཎ་ཆེན་བློ་བཟང་ཡེ་ཤེས་དགུང་ལོ་ཞེ་གཉིས་ལ་ཕེབས་པའི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ཞེས་པའི་མཚན་གསོལ་དང་མགོན་པོ་གུར་གྱི་འདྲ་སྐུ་ཁྱད་འཕགས་ཤིག་གནང༌། སླར་རང་ཡུལ་དུ་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། གནམ་ལྕགས་བབས་པ་ཕྱག་གིས་བཞེས་ཤིང་འདྲེ་གདོན་མི་སྲུན་པ་རྣམས་དམ་ལ་བཏགས་ནས་འགྲོ་བ་མང་པོར་མི་འཇིགས་པའི་སྐྱབས་སྦྱིན་བསྩལ། ལྕགས་རྟ། ཕྱི་ལོ་༡༦༩༠ ལོར་མཚོ་ཞིག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་པའི་གཙུག་ལག་ཁང་བཞེངས། སྣང་སྲིད་ཀྱི་སྣོད་བཅུད་ལ་མཐུ་སྟོབས་ཀྱིས་མངའ་དབང་བསྒྱུར་པས་ཚུར་མཐོང་གི་བློ་ངོར་མི་ཤོང་བའི་རྫུ་འཕྲུལ་བསྟན་པ་མཐའ་ཡས། མཐར་དགུང་ལོ་ང་གསུམ་བཞེས་པ། བོད་རབ་བྱུང་བཅུ་གཉིས་པའི་ས་བྱི། ཕྱི་ལོ་༡༧༠༨ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཐུགས་ཟག་མེད་ཡེ་ཤེས་ཀྱི་ཀློང་དུ་ཐིམ་ཚུལ་བསྟན་པ་ན། མེ་ཏོག་གི་དབྱིབས་ཅན་གྱི་ཁ་བ་བབ་ཅིང་འཇའ་སྤྲིན་འཁྲིགས་པ་སོགས་ཡ་མཚན་པ་མང་དུ་བྱུང་བའོ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.