. . . .

8༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ས་བྱ། ཕྱི་ལོ་༡༨༤༩ ལོར་ཡུལ་མཚོ་སྔོན་རྩེ་གཞུང་བྱང་སོག་ཏུ་ངོ་མཚར་བའི་རྟགས་མཚན་དུ་མ་བཅས་ཡབ་གཏེར་སྟོན་སྔགས་འཆང་བདེ་ཆེན་རྡོ་རྗེ་དང་ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། གསུང་བཀྲོལ་མ་ཐག་མ་ཎི་གསུངས་ཤིང༌། ངའི་དགོན་པ་ཤར་ཕྱོགས་ན་ཡོད། ཅེས་དང༌། ཁྱེད་སུ་ཡིན་ཞུས་པར་ང་བསྟན་པའི་རྒྱལ་མཚན་ཡིན་སོགས་གསུངས། ཆུ་གླང༌། ཕྱི་ལོ་༡༨༥༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྟག་ཚང་ལྷ་མོའི་ཚོགས་ཆེན་ཁྲི་ལས་ཐོག་པ་ཐུབ་བསྟན་མཐའ་ཡས་ཚང་གིས་གཙོས་ཚོགས་འདུ་ལས་སྣེ་ལྷན་འཛོམས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་རྣམ་པ་དང༌། མཁན་སྤྲུལ་དུ་མས་གཙོས་གྲྭ་ཚང་བཞིའི་དགེ་འདུན་ཡོངས་འདུས་པའི་དབུས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་མཆོག་གིས་ཡ་མཚན་པའི་ལྟས་དུ་མ་དང་བཅས་ྋསྐྱབས་མགོན་ཀིརྟི་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་དེ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཞེས་པའི་མཚན་གསོལ།

 

ཤིང་སྟག ཕྱི་ལོ་༡༨༥༤ ལོར་ལུང་དང་རྟོགས་པའི་མཛོད་འཛིན་ྋརིགས་བརྒྱའི་ཁྱབ་བདག་རྗེ་དཀོན་མཆོག་སྨོན་ལམ་དཔལ་བཟང་པོའི་ཞལ་སྔ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། ཀུན་མཁྱེན་འཇམ་དབྱངས་བཞད་པས་ལྗགས་བཀོད་ལྟར་ལོ་དེའི་བོད་ཟླ་ལྔ་པའི་ནང་མཆོག་སྤྲུལ་རིན་པོ་ཆེ་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཟུང་བཀོད། སྐུ་གོང་མའི་ལུང་བསྟན་ལྟར་མཁན་བླ་ལས་སྣེ་འདུས་མང་ཡོངས་དགོངས་པ་གཅིག་མཐུན་ གྱིས་ཐུབ་བསྟན་མཐའ་ཡས་ཚང་ཡོངས་འཛིན་དུ་བསྐོས་ཏེ་ཀློག་སློབ་པ་ནས་དབུ་བཙུགས་ཏེ་འདོན་ཆོས་སྤྱོད་ཁག་ཐུགས་འཛིན་དང༌། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཁན་ཆེན་རྡོ་རྗེ་འཆང་ྋརྗེ་དཀོན་མཆོག སྨོན་ལམ་དཔལ་བཟང་པོའི་དྲུང་དུ་མདོ་སྔགས་ཟབ་ཆོས་ཀྱི་རྒྱུན་གང་ཡོད་ལྷག་ལུས་མེད་པར་རིམ་གྱིས་གསན། ཡོངས་འཛིན་སྐ་བར་ཐུབ་བསྟན་མཐའ་ཡས་ཚང་མདོ་སྔགས་རིག་གནས་ཀུན་ལ་མཁས་པས་སྐུ་ཡོན་མཐའ་དག་སྐྱོ་ངལ་མེད་པར་བརྩོན་པ་ཆེན་པོས་ཕུལ་པས། ཕྱིས་སུ་རྗེ་ཉིད་ཀྱིས་བཀའ་ལས། ངེད་ཀྱི་དགེ་རྒན་རིན་པོ་ཆེ་དེ་གཞུང་ལུགས་ཀྱི་མཁྱེན་རྒྱ་དང༌། གཞན་ལ་ཕན་ཆེ་བ་གདུལ་བྱ་སྐྱོང་བའི་ཐབས་ལ་མཁས་པ་དེ་ལྟ་བུ་ད་ལྟ་མདོ་དབུས་གང་དུ་བཙལ་ཀྱང་རྙེད་དཀའ་བ་ལྟ་བུར་ཡོད་ཅེས་ཐལ་མོ་སྦྱོར་བཞིན་ཡང་ཡང་གསུངས་སྐད།

 

                མེ་འབྲུག ཕྱི་ལོ་༡༨༥༦ ལོར་ྋརྗེ་དཀོན་མཆོག་སྨོན་ལམ་ཚང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཚ་ཁོའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དུ་བླ་སྤྲུལ་སེར་སྐྱ་དད་ལྡན་མང་པོས་ཕེབས་བསུ་དང་བཅས་གྲུབ་དབང་གོང་མ་རིམ་བྱོན་གྱི་ཆོས་ཀྱི་གདན་ཁྲིར་ཞབས་ཟུང་བཀོད། མཆོག་རྩེ་རྒྱལ་མོ་སྐྲ་དཀར་མས་གདན་ཞུས་ལྟར་འདོད་ཆོས་བསྩལ། ཀཱ་ལ་རིའི་རི་ཁྲོད་དུ་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་སོགས་ཀྱི་བསྙེན་མཚམས་ལ་བཞུགས། ལོ་འདིར་དགུང་ལོ་བརྒྱད་ལས་མ་སོན་ཀྱང་ལམ་ཡོངས་རྫོགས་ཀྱི་གནད་འདུས་པའི་ལམ་རིམ་ཚིགས་བཅད་ཤོ་ལོ་ཀ་བཅུ་བཞི་ཅན་ལྗགས་རྩོམ་གནང༌། ས་ལུག ཕྱི་ལོ་༡༨༥༩ ལོར་ཧོར་ཚང་ཀིརྟི་དགོན་དུ་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་སྟེ་སྨོན་ལམ་གྱི་ཚོགས་མགོན་དུ་ཞབས་སོར་བཀོད། ཁྱོ་ཁོ་སྨད་པའི་ནང་སོགས་སུ་ཕེབས་ནས་འདོད་ཆོས་ཀྱིས་ཚིམས་པར་མཛད། ལྕགས་སྤྲེལ། ཕྱི་ལོ་༡༨༦༠ ལོར་རྔ་པའི་རྨེའུ་དཔོན་མོ་ཨ་སྐྱོང་བཟའ་བདེ་སྒྲོན་དང་བློན་པོ་རྨེའུ་དཀོན་གཉིས་སོགས་ནས་གདན་ཞུས་ལྟར་དེ་ཚང་གིས་གཙོས་རྔ་སྟོད་སྨད་ཀྱི་དད་ལྡན་སེར་སྐྱ་ཡོངས་ལ་ཆོས་སྦྱིན་བསྩལ། ལོ་འདི་ནས་ལོ་ངོ་བཅུ་གསུམ་རིང་མཚན་ཞབས་པ་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་ལྷན་དབུ་ཚད་ཕར་ཕྱིན་སོགས་གཞུང་ལུགས་མཐའ་ཡས་པར་ཐོས་བསམ་སྒོམ་གསུམ་གྱིས་བརྒལ་བརྟག་ཞིབ་པར་མཛད་པའི་མཐུས་མདོ་སྔགས་རིག་གནས་ཀྱི་དགོངས་དོན་ལ་མཁྱེན་རབ་ཀྱི་མཐའ་དང་བྲལ་བས་མཁས་པའི་བྱ་བ་གསུམ་སྟེ་འཆད་རྩོད་རྩོམ་གསུམ་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར།

 

                ས་འབྲུག ཕྱི་ལོ་༡༨༦༨ ལོར་ཏཱ་རོ་འཇམ་དབྱངས་ཀྱིས་མཁར་དགུར་གདན་དྲངས་ཏེ་ཚོ་བདུན་དགོན་པ་རྗེ་འདི་ཉིད་ལ་ཕུལ། ལྕགས་རྟ། ཕྱི་ལོ་༡༨༧༠ ལོར་རྨེའུ་རྒྱལ་པོ་ལྕགས་ཐར་འབུམ་གྱིས་གཙོས་རྒྱལ་བློན་རྣམས་ཀྱིས་ཡང་ཡང་གསོལ་བ་བཏབ་པ་ལྟར་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་བཏབ་པར་དེའི་རྟིང་གནོན་དང་འགལ་སྤོང་གི་མཐུན་སྒྲུབ་ཀྱི་ཞབས་འདེགས། རྨེའུ་རྒྱལ་པོ། མགོ་ལོག་ཨ་སྐྱོང་དཔོན་པོ། ཚ་ཁོ་མཆོག་རྩེ་རྒྱལ་པོ། དབལ་ཤུལ་གསེར་ཐཱ་བཅས་རྒྱལ་ཁག་བཞིས་ཞུ་རྒྱུ་སོགས་སྙན་དུ་བསླངས། ཆུ་སྤྲེལ། ཕྱི་ལོ་༡༨༧༢ ལོར་ཁུ་ཞང་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་འཕེལ་གྱིས་མཁན་པོ་དང༌། དཀོན་མཆོག་བསྟན་པས་ལས་ཀྱི་སློབ་དཔོན། ཡོངས་འཛིན་ཐུབ་བསྟན་མཐའ་ཡས་ཀྱིས་གསང་སྟོན་སློབ་དཔོན་གནང་སྟེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སྡོམ་པ་གསུམ་གྱིས་ཐུགས་ཀྱི་གསང་མཛོད་ཡོངས་སུ་བཀང་སྟེ། བསྲུང་བྱ་རྣམས་ཁས་བླངས་པ་ཙམ་མ་ཡིན་པར་མིག་འབྲས་བཞིན་དུ་སྲུང་བ་ཉམས་བཞེས་ཀྱི་མཐིལ་དུ་བཟུང༌།  ཆུ་བྱ། ཕྱི་ལོ་༡༨༧༣ ལོར་རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་མཚན་ཉིད་གྲྭ་ཚང་གསར་འཛུགས་ ཀྱིས་ཚོགས་ཆེན་མཁན་ཁྲི་དང་པོར་སེ་ར་པའམ་སེར་སྨད་དགེ་བཤེས་དཀོན་མཆོག་མཐའ་ཡས་བསྐོས། ལྕགས་ཡོས། ཕྱི་ལོ་༡༨༩༡  ལོར་ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་མཚན་ཉིད་གསར་འཛུགས་མཛད། ཤིང་རྟ། ཕྱི་ལོ་༡༨༩༤ ལོར་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཤིང་བཟའ་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོའི་མདུན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་དང༌། ཤིང་ལུག ཕྱི་ལོ་༡༨༩༥ ལོར་མཛོད་དགེའི་དམར་མོ་ཐང་དུ་ཤིང་བཟའ་རྡོ་རྗེ་འཆང་ལས་དུས་འཁོར་དབང་ཆེན་གསན་པ་སོགས་ཕན་ཚུན་བླ་སློབ་ཏུ་གྱུར། མེ་སྤྲེལ། ཕྱི་ལོ་༡༨༩༦ ལོར་རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་གསང་སྔགས་རྒྱུད་པ་གྲྭ་ཚང་དང་སྟག་ཚང་ལྷ་མོར་དུས་འཁོར་གྲྭ་ཚང་གསར་འཛུགས་གནང་བ་དང༌། དེ་འབྲེལ་རྔ་སྨད་ཀྱི་གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་དང་ཚོ་བདུན་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་སོགས་འབྲེལ་ཡོད་དགོན་སྡེ་ཆེ་ཆུང་མང་པོར་ཐེངས་འགའ་རེ་རིམ་ཕེབས་ཀྱིས་དམ་ཆོས་འདུལ་བ་དང་མཐུན་པའི་འགྲིག་ལམ་ཀུན་སྤྱོད་ཞིབ་གཙང་ངོས་འཆད་ཉན་ཡར་རྒྱས་ཡོང་ཐབས་སོགས་བསྟན་པའི་མིག་རྒྱན་དུ་འོས་པའི་ཐུགས་རྗེ་བཀའ་དྲིན་ཟླ་མེད་པས་བསྐྱངས།

 

                མེ་བྱ། ཕྱི་ལོ་༡༨༩༧ ལོར་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་དད་ལྡན་སེར་སྐྱ་འདུས་མང་ལ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་མ་དེ་གནང་བ་ནས་དུས་འཁོར་དབང་ཆེན་ཐེངས་ལྔ་དང༌། ཁོང་གིས་བཀའ་ཆོས་ཆུང་རིམ་གནང་བ་བགྲང་དུ་མི་ལང་ལ་ཆེ་རིགས་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པ་དང༌། དྲང་ངེས་ལེགས་བཤད་སྙིང་པོའི་རྩ་བཤད་ངོ་མཚར་བ་ཐེངས་འགའ་ཤས། བླ་མ་མཆོད་པ་སོགས་ཀྱི་བཤད་ཁྲིད་དུ་མ། རྡོར་ཕྲེང་གི་དབང་ལན་གསུམ། མི་ཏྲ་བརྒྱ་རྩ་ཐེངས་བཞི། རིན་འབྱུང་བརྒྱ་རྩ་ལན་གཉིས། གསང་འདུས་འཕགས་ལུགས་ཀྱི་དབང་ཉེར་དྲུག རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཞེ་ལྔ། བདེ་མཆོག་ལཱུ་དྲིལ་ཕྱི་ནང་བསྡོམས་དབང་ཉེར་གསུམ། རྟ་མགྲིན་ཡང་གསང་དང་གསང་སྒྲུབ་བསྡོམས་དབང་སོ་གསུམ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བཅུ་གཅིག་ཞལ་གྱི་དབང་ཞེ་བདུན། ཀུན་རིག་གི་དབང་ཉེར་གསུམ། གཞན་ཡང་གདུགས་དཀར་སོགས་ཟུར་བཀའི་དབང་དང་རྗེས་གནང་སོགས་བསམ་གྱིས་མི་ཁྱབ་པར་གནང༌། གསུང་ལས་སྐྱེས་པའི་སློབ་མ་ཡང་ྋསྐྱབས་མཆོག་ཤིང་བཟའ་རྡོ་རྗེ་འཆང་བསྟན་པའི་དབང་ཕྱུག༼ཁོང་ཕན་ཚུན་བླ་སློབ་ཏུ་གྱུར་ཡོད།༽གྲུབ་དབང་ྋསྐྱབས་མགོན་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དྲུག་པ་ྋརྗེ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་གྱི་སྤྲུལ་སྐུ་བློ་བཟང་བཀྲ་ཤིས་བསྟན་པའི་རྒྱལ་མཚན་དང༌། གཙོས་ཁྲི་ཆེན་སྤྲུལ་པའི་སྐུ་བློ་བཟང་འཇམ་དབྱངས་བསྟན་འཛིན་སེངྒེ། གྲུབ་དབང་ཞབས་དཀར་པའི་སྤྲུལ་སྐུ་བློ་བཟང་བྱམས་པ་ཆོས་འཕེལ་སོགས་བླ་སྤྲུལ་གྲངས་ལས་འདས་པ་དང༌། མཆོག་རྩེ་རྒྱལ་བློན། རྨེའུ་རྒྱལ་བློན། མགོ་ལོག་ཕྱོགས་ཀྱྀ་དཔོན་ཁག་དུ་མ་དང༌། དབལ་ཤུལ་ཚང་སོགས་མདོ་སྨད་ཕྱོགས་ཀྱི་དྲག་ཞན་དུ་མས་ཁོང་གི་ཞབས་པད་མ་བསྟེན་པ་མེད་ཚོད་དུ་སྣང་ངོ༌།

 

                བརྩམས་ཆོས་ཀྱང་གཞུང་ཆེན་མོ་རྣམས་ཀྱི་སྡོམ་ཚིག་དང༌། དཀའ་འགྲེལ། མཐའ་དཔྱོད། དོགས་སློང༌། དྲིས་ལན། སྙན་རྩོམ། བསྟོད་ཚོགས། བསླབ་བྱ། བསང་ཆོག  སྒྲུབ་ཆོག་བཅས་བཀའ་རྩོམ་པོད་ཆེན་བཅུ་གཉིས་བཞུགས་པ་སོགས་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་མཛད་པ་རྣམ་ཐར་མཐའ་ཡས་པ་བདག་གིར་བཞེས་པས་ཀིརྟི་མཁས་ཆེན་ཚང་ཞེས་སྙན་གྲགས་ཀྱི་དབྱར་རྔ་ཕྱོགས་བཅུར་གྲགས་པས། སྐུ་ཚེའི་སྔ་ཕྱིར་གྱོད་སྣ་ཁ་མཆུ་ཆེན་པོ་མཐའ་ཡས་པ་འདུམ་བསྒྲིགས་ཀྱིས་སེམས་ཅན་མང་པོར་མི་འཇིགས་པའི་སྐྱབས་སྦྱིན་གནང་བ་བགྲངས་ཀྱིས་མི་ལོངས། མཐར་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ཆོ་འཕྲུལ་ཟླ་བ་༡ ཚེས་༡༡  ཕྱི་ལོ་༡༩༠༥ ལོར་ཕྱི་ལུགས་དགུང་ལོ་ང་བདུན་བཞེས་པའི་ཐོག་མཛད་པའི་ཐ་མ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའོ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.