2022.8.8 17༄༅།།ཨོཾ་སྭ་སྟི། དེ་ཡང་ཇི་སྐད་དུ།

སྲིད་དང་ཞི་བའི་ལེགས་ཚོགས་ཡོན་ཏན་ཀུན།།

གང་ལས་འབྱུང་བའི་བསམ་འཕེལ་དབང་གི་རྒྱལ།།

བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་གྱིས།།

དགེ་མཚན་བྱེ་བའི་མེ་ཏོག་ཆར་དུ་སྙིལ།།

            ཞེས་གསུངས་པའི་བཀྲ་ཤིས་པའི་བདེན་ཚིག་གིས་མདུན་བསུས་ཏེ། འཇམ་མགོན་རྒྱལ་བ་གཉིས་པའི་ཉེ་སྲས་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་དང་། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། རོང་པོ་མཁས་གྲུབ་ཆེན་པོ་དྲུང་ཆེན་ལྗགས་ནག་པའི་སྐུ་ཕྲེང་བཅུ་གཅིག་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་༸ཞབས་སྟེགས་མི་འཇིགས་གདོང་ལྔ་བརྒྱད་ཀྱིས་བཏེག་པའི་གསེར་གྱི་ཁྲི་འཕང་མཐོན་པོའི་དྲུང་དུ་གང་ཞུ་བར་བྱ་བ་ནི།

 

 

            དེ་ཡང་ཇི་སྐད་དུ།

ཁྱོད་ནི་དཔག་མེད་བསྐལ་པའི་སྔོན་རོལ་ནས།།

སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་སྤྱོད་ཀྱང་།།

འཁྲུལ་བྲལ་བློ་བཟང་བསྟན་པའི་ཤིང་རྟ་ཆེ།།

ཕྱོགས་སུ་བསྒྱུར་པའི་བྱེད་པོར་བསམ་བཞིན་བྱོན།།

            ཞེས་གསུངས་པ་ལྟར། ངེས་པ་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་ཟིན་ཀྱང་། ཐུན་མོང་སྣང་ཚོད་དང་བསྟུན་པའི་༸རོང་ཆེན་བསྟན་པའི་སྒྲོན་མེའི་ཡོངས་གྲགས་སྐུའི་འཁྲུངས་རབས་ཀྱི་དབང་དུ་བྱས་ན། རྣམ་ཐར་དཔག་བསམ་ལྗོན་པ་ལས་སྐུའི་འཁྲུངས་རབས་སོ་བདུན་དང་། གསང་རྣམ་རྟ་ལྗང་དབང་པོ་ལས་སྐུའི་འཁྲུངས་རབས་བདུན་དང་། མདོ་སྨད་ཡུལ་གྱི་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་འཁྲུངས་པའི་༸རོང་ཆེན་ཀིརྟི་སྐུ་ཕྲེང་བཅུ་གཅིག་བཅས་བསྡོམས་པས་སྐུའི་འཁྲུངས་རབས་ལྔ་བཅུ་ང་ལྔ་སྟེ། བསྟན་འགྲོའི་ཁུར་ཆེན་འདེགས་པའི་འཕགས་ཆེན་དམ་པའི་སྐུའི་སྐྱེ་ཕྲེང་ཟམ་མ་ཆད་པར་བྱོན་པ་འཁྲུངས་རབ་ལྟར་ལ། དེའི་ནང་ནས་བྱེ་བྲག་གངས་ལྗོངས་མདོ་སྨད་སྐལ་ལྡན་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་བགོ་སྐལ། མཁས་ཤིང་གྲུབ་པའི་དབང་ཕྱུག་༸རོང་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་ཕྲེང་བ་ཇི་ལྟར་བྱོན་པའི་ཚུལ་ནི།

                        རྗེ་ཐམས་ཅད་མཁྱེན་པའི་དངོས་སློབ། བསྟན་པའི་དར་ཆེན་བདུན་གྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ། རོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་བྲལ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད། མཐའ་འཁོབ་མུན་པའི་ལྗོངས་སུ་སྤེལ་བའི་ཐུགས་བསྐྱེད་ཀྱི་འབྲས་བུ་འགོག་མེད་དུས་སུ་སྨིན་པ་ན། ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས།

བུ་ཁྱོད་འདི་ནས་ཤར་ཕྱོགས་རྒྱལ་མོ་རོང་།།

རྒྱ་བོད་ས་མཚམས་བྱིན་ཅན་འཚོལ་དུ་སོང་།།

            ཞེས་སོགས་ཀྱི་བཀས་བསྐུལ་བཞིན། ཐོག་མར་ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ཞེས་གྲགས་པ་ཕྱག་བཏབ་མཛད་དེ། ནག་ཕྱོགས་ཐལ་བར་རློག་མཛད་གྲུབ་དབང་བསྟན་པ་རིན་ཆེན་ནས། བཤད་སྒྲུབ་བསྟན་པའི་སྣང་བྱེད་ངག་དབང་བློ་བཟང་བསྟན་པ་ཚེ་རིང་གི་བར། མདོ་སྨད་ཀྱི་ཡུལ་དུ་༸རོང་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་ཕྲེང་བ་བཅུ་རིམ་པར་བྱོན་ཏེ། མདོ་རོང་གི་ཡུལ་གྱིས་གཙོས་མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་ཀུན་ཏུ་ལུགས་གཉིས་འཕྲིན་ལས་ཀྱི་སྣང་བ་དཀར་པོས་ཡུག་གཅིག་ཏུ་ཁྱབ་པར་མཛད་པའི་ཚུལ་བརྗོད་པའི་སྐབས་ཏེ། ལྷ་ཡི་ཆོས་རྔ་ཆེན་པོ་ལས་བཀྲ་ཤིས་དགེ་ལེགས་ཀྱི་སྒྲ་དབྱངས་བསྒྲགས་པ་དང་པོའོ།།

 

            དེ་ཡང་ཇི་སྐད་དུ།

བློ་བཟང་རྒྱལ་བསྟན་འཛིན་ལ་ཐུགས་བསྐྱེད་མཐུ།།

འཇིགས་བྲལ་མཚུངས་པ་མེད་པའི་དཔལ་གྲུབ་ཅིང་།།

ཡེ་ཤེས་ལུས་ཅན་ལུང་རྟོགས་རྒྱ་མཚོའི་གཏེར།།

སྐྱབས་གཅིག་ཆོས་ཀྱི་རྒྱལ་པོ་་་།།

            ཞེས་དམ་པའི་གསུང་གིས་ཇི་ལྟར་བསྔགས་པ་བཞིན། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྲེ་བྲག་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་སྲིད་པའི་མཐར་ཡང་ཉམས་པ་མེད་པར་འཛིན་ཅིང་སྤེལ་བར་བྱེད་པ་ལ། འཇིགས་པ་དང་ཞུམ་པ་བྲལ་བའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ཡོངས་སུ་བརྟས་ཤིང་། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ། ༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གང་ཉིད་ནི། མདོ་སྨད་ལྷོ་རྒྱུད་ཐེ་བོའི་སྟག་མོའི་སྒང་དུ། ཡབ་ཨ་ཚེ་དང་། ཡུམ་ཨུ་རྒྱན་མཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟའི་ལོར་དགེ་མཚན་གྱི་ལྟས་སྣ་ཚོགས་དང་བཅས་སྐུ་འཁྲུངས། དགུང་ལོ་ལྔ་པའི་སྐབས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་ལྔ་པ་མཆོག་དང། ༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་རྣམ་གཉིས་ནས། ལུང་བརྟགས་སྔ་ཕྱི་གཟིགས་པ་གཅིག་མཐུན་གྱིས་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་ཐུགས་ཐག་བཅད་དེ། རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ། དེ་ནས་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ། མཁས་གྲུབ་གོང་མ་རྣམས་ཀྱི་ཆོས་ཀྱི་རྒྱལ་ཁྲི། མི་འཇིགས་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་འགྱུར་མེད་རྡོ་རྗེའི་ཁྲི་འཕང་མཐོན་པོར་༸ཞབས་ཀྱི་པདྨོ་རྣམ་པར་བཀོད་པ་དང། རྗེ་དཀོན་མཆོག་ཤེས་རབ་མཆོག་ཡོངས་འཛིན་དུ་བསྟེན་ནས། ཡི་གེ་འབྲི་ཀློག་ཆོས་སྤྱོད་སོགས་གང་བསླབས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པར། ཡོངས་འཛིན་སྐུ་བགྲེས་པ་རྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་སྤྲུལ་པའི་སྐུ་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོ་ལས། བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་།

            དགུང་ལོ་བཅུ་གསུམ་སྟེང་། གདན་ས་དེ་ཉིད་ནས་བཤེས་གཉེན་སྨྲ་བའི་དབང་པོ་བདུན་མཚན་ཞབས་སུ་བསྐོས་ཏེ། བསྡུས་གྲྭ་རྣམ་འགྲེལ་སོགས་གཞུང་ཆེན་མོར་གསན་སྦྱོང་གནང་། དགུང་ལོ་བཅུ་དྲུག་པར། རྔ་ཡུལ་ཆོས་སྡེ་ཆེན་པོ་དགེ་ལྡན་ལེགས་བཤད་གླིང་དུ་ཆིབས་བསྒྱུར་མཛད་དེ། དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་དཔའ་བོ་གཅིག་པའི་དབང་དང་། ཚེ་དབང་སོགས་གནང་སྟེ་ཟབ་ཆོས་བདུད་རྩིའི་དགའ་སྟོན་གྱིས་ཚིམས་པར་མཛད།

དགུང་ལོ་བཅུ་དྲུག་པ་མེ་བྱ་ལོར། མདོ་སྨད་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་གྱིས། གདན་ས་ཆེན་པོ་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་ལ་ཆོས་ཞུགས་མཛད་པ་ན། མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་ཡོངས་འཛིན་དུ་བསམ་སྦྱོར་དག་པས་ཚུལ་བཞིན་དུ་བསྟེན་ཏེ། མདོ་རྒྱུད་གཞུང་བརྒྱའི་གནད་ལ་གསན་བསམ་རྒྱ་ཆེར་མཛད། བོད་གཞུང་དགའ་ལྡན་ཕོ་བྲང་ནས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ་ཏེ་གོང་བཀུར་བླ་མེད་མཛད།

            དགུང་ལོ་བཅོ་བརྒྱད་བཞེས་སྐབས། དུས་འགྱུར་གྱི་དབང་གིས་མགོན་པོ་གང་ཉིད་དང་ཡོངས་འཛིན་སྐུ་འཁོར་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། སྦག་ས་ཆོས་སྒར་དང་ཌལ་ཧོར་ཆོས་སྒར་དུ་གཞུང་ཆེན་མོའི་གསན་བསམ་འཕྲོ་སྐྱོང་མཛད། དགུང་ལོ་ཉི་ཤུ་བཞེས་པའི་ཚེ། བརྟན་མཁས་ཡོན་ཏན་གཉིས་ལྡན་ཡོངས་རྫོགས་བསྟན་པའི་མངའ་བདག༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་མནོས་ཏེ།ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སྤྱན་གྱི་འབྲས་བུ་བཞིན་སྲུང་བ་ཉམས་བཞེས་ཀྱི་མཐིལ་དུ་མཛད། གཞན་ཡང་ཐ་སྙད་རིག་པའི་གནས་དང་། སཾསྐྲ་ཏའི་སྐད་ཡིག་སྦྱངས་པ་མཐར་ཕྱིན་པར་མཛད་ནས་ཨཙརྱའམ་སློབ་དཔོན་གྱི་ཡོན་ཚད་ཨང་དང་པོ་ཐོབ། སྐུ་གཞོན་ནུའི་དུས་ནས་བཟུང་ལོ་མང་རིང་ཡོངས་འཛིན་མཁས་པ་དུ་མའི་དྲུང་ནས། གཞུང་ཆེན་མོའི་དགོངས་དོན་ལ་རྒྱ་ཆེན་མང་དུ་ཐོས་པས་སྒྲོ་འདོགས་བཅད་པའི་འབྲས་རྟགས་སུ། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞག་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་ཤིང་། མཁས་པའི་བྱ་བ་རྣམ་གསུམ་གྱི་མཛད་པ་བཟང་པོས་དུས་འདའ་བ་སོགས། ཀློག་པ་ཐོས་བསམ་གྱི་འཁོར་ལོས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་པའི་རྣམ་པར་ཐར་པའོ།།

            སྐུ་ན་ཕྲ་མོའི་དུས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོར་སྦྱངས་པ་མཛད་ཅིང་། རྒྱུད་སྡེ་བཞིའི་དབང་བསྐུར་རྣམ་དག་གིས་ཐུགས་རྒྱུད་སྨིན་པར་མཛད། ཡི་དམ་གྱི་ལྷ་ཚོགས་དུ་མའི་ལས་རུང་ལྗགས་བསྙེན་སྔ་ཕྱིར་མཛད་པ་དང་། ལྷག་པར་གནས་མཆོག་རྡོ་རྗེ་གདན་དུ་ལོ་གསུམ་རིང་། གཉན་ཚེམ་བུ་པའི་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོའི་ལྗགས་བསྙེན་ཆེན་མོར་བཞུགས་ཏེ། དཀའ་སྤྱད་དྲག་པོས་རིམ་གཉིས་ཉམས་བཞེས་ཀྱི་མཛད་བཟང་མར་མིའི་རྣམ་ཐར་བཞིན་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཏེ། སྤངས་རྟོགས་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སོགས། སྤོང་བ་བསམ་གཏན་གྱི་འཁོར་ལོས་བསྟན་འགྲོའི་དོན་མཛད་པའི་རྣམ་པར་ཐར་པའོ།།

            བྱ་བ་ལས་ཀྱི་འཁོར་ལོས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པའི་ཚུལ་ནི། བཞུགས་སྒར་ངྷ་རམ་ས་ལར་བོད་ཀྱི་དཔེ་མཛོད་ཁང་དུ། ལོ་ངོ་བཅུའི་རིང་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས་པ་དང་། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་དུ་བཙུགས་པ་ཙམ་དུ་མ་ཟད། དེའི་འཛིན་སྐྱོང་གི་ཐུགས་འགན་ཡོངས་སུ་བཞེས་ཏེ་སྐུ་ངལ་དུ་མ་ཁྱད་བསད་ཀྱིས་ཡུན་རིང་བསྐྱངས་གནང་མཛད་པའི་བཀའ་དྲིན་ཐུགས་རྗེ་ལ་བརྟེན་ནས། བསླབ་པ་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཆ་ནས། བསྟན་པ་ལ་ཞབས་འདེགས་ཞུ་ནུས་པའི་དགེ་འདུན་གྱི་སྡེ་བསྔགས་བརྗོད་ཐོབ་པ་ཞིག་ཏུ་གྱུར།   

                        གཞན་ཡང་། འབྲེལ་ཡོད་ལྷ་སྡེ་མི་སྡེས་གཙོས་པའི་དད་ལྡན་མང་ཚོགས་ལ་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ལས་བརྩམས་པའི་བསླབ་བྱ་དོན་ཚན་སོ་གཉིས་ཅན་ཡོངས་ཁྱབ་ཏུ་སྩལ་པའི་བཀའ་དྲིན་ལ་བརྟེན་ནས། མང་ཚོགས་ཁྲོད་ནས་སྲོག་གཅོད་སྡིག་ལས་དང་། ཁ་མཆུ་འཁྲུག་རྩོད། རྐུ་ཇག་ཆོམ་གསུམ། དུད་ཆང་རྒྱན་རྩེད་སོགས་སྤངས་ཏེ། རྣམ་དཀར་དགེ་སྒྲུབ་དང་། འཆམ་མཐུན་ཞི་བདེ། ཁོར་ཡུག་སྲུང་སྐྱོབ། ཡ་རབས་སྤྱོད་བཟང་ལ་གནས་མཁན་ཤིན་ཏུ་མང་པོ་བྱུང་ཞིང་། བོད་མིའི་ཁྱད་ཆོས་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་པོ་མི་ཉམས་གོང་འཕེལ་མངོན་གསལ་དུ་བྱུང་དང་འབྱུང་བཞིན་པ་ནི། གངས་ཅན་བོད་མི་ཡོངས་ལ་བཀའ་དྲིན་བླ་ན་མེད་པར་གྱུར་པ་ལགས།

                        གཞན་ཡང་། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས་སོགས་ཀྱི་སྐོར་གསུང་རྩོམ་སྤྱི་དང་། ལྷག་པར་དུ། བོད་ཕྱི་ནང་གཉིས་ཀའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་ན་གཞོན་རྣམས་ལ་གཙོ་བོར་དམིགས་ཏེ། སྔོན་འགྲོ་ནས་གཞི་རིམ་འཛིན་གྲྭ་དགུ་པའི་བར་གྱི་སློབ་དེབ་བློ་གསལ་མགུལ་རྒྱན་དེབ་གྲངས་ ༦༩ ཅན་རྩོམ་སྒྲིག་མཛད་པ་ནི། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད། མ་འོངས་དུས་རབས་མང་པོའི་རིང་ལ་སྔར་བཞིན་བཤད་པ་དང་སྒྲུབ་པའི་སྒོ་ནས། དུས་རབས་ཀྱི་འགྲོས་དང་མཐུན་པར་དར་ཞིང་རྒྱས་པའི་ཐབས་ཐུགས་ཁུར་ཟབ་མོ་དང་དགོངས་པ་རྒྱ་ཆེན་བཞེས་ནས་མཛད་པའི་བསྟན་པའི་བྱ་བ་རླབས་ཆེན་པོ་ཞིག་མཛད་པའི་བཀའ་དྲིན་ནི་དུས་ནམ་ཡང་གཞལ་དུ་མ་མཆིས་པ་ལགས།

            འདི་དང་འདི་ལྟ་བུས་མཚོན་བསྟན་པ་སྤྱི་ལ་དགོངས་པའི་མཛད་རྗེས་དང་བཀའ་དྲིན་ནི། བདག་ལྟ་བུས་རེ་རེ་བཞིན་བརྗོད་དུ་མེད་པ་དང་གཞལ་དུ་མེད་པ་ལགས། ཁྱད་པར་དུ། ༸རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་གོང་མ་རྣམས་ཀྱང་མདོ་སྨད་ཀྱི་ཡུལ་དུ་སྐུ་འཁྲུངས་པ་ཙམ་དུ་མ་ཟད། མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་རིས་སུ་མ་ཆད་པར་ཞབས་ཀྱིས་བཅགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱ་བོད་དབར་དང་བོད་མི་ནང་ཁུལ་གྱི་འཁྲུག་རྩོད་ཆེ་ཆུང་མང་པོ་འདུམ་སྒྲིག་མཛད་དེ། མདོ་སྨད་ཀྱི་ཡུལ་ཁམས་བདེ་ལ་བཀོད་པ་སོགས་ཀྱི་བཀའ་དྲིན་གཞལ་དུ་མེད་ཅིང་། མགོན་སྐྱབས་དཔུང་གཉེན་མཛད་དང་མཛད་བཞིན་པའི་བཀའ་དྲིན་ནི། གསེར་གྱི་ལྷུན་པོ་བརྒྱ་ཕྲག་ལས་ཀྱང་གཏོས་ཆེ་བ་ལགས་པ་བཅས། བྱ་བ་ལས་ཀྱི་འཁོར་ལོས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པའི་རྣམ་པར་ཐར་པའོ།།

            མདོར་ན། ཉན་ཐོས་དགྲ་བཅོམ་པ་འདུལ་འཛིན་ཉེ་བར་འཁོར་ནས་བཟུང་། སྐུ་གོང་མ་འཇམ་མགོན་བསྟན་པའི་སྣང་བྱེད་མཚུངས་མེད། ༸རྗེ་བཙུན་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དཔལ་བཟང་པོ་ལ་ཐུག་གི་བར་གཟུགས་སྐུའི་བཀོད་པ་ཆུ་ཟླའི་རོལ་གར་བཞིན། འཕགས་ཆེན་མཁས་དང་གྲུབ་པའི་སྐྱེ་ཕྲེང་ཟམ་མ་ཆད་པར་བྱོན་ཟིན་པ་དེ་དག་གི་གསང་གསུམ་འཕྲིན་ལས་ཀྱི་ཕུང་པོ་གཅིག་ཏུ་འདུས་པའི་ངོ་བོ། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གང་ཉིད་ནི། སྐུའི་ན་ཚོད་ཕྲ་མོའི་དུས་ནས་༸མཁས་གྲུབ་གོང་མ་རིམ་བྱོན་གྱི་རྣམ་ཐར་བདག་གིར་བཞེས་ཏེ། མཚན་ལྡན་གྱི་བླ་མ་གསེར་རིའི་ཕྲེང་བ་ལྟ་བུ་དུ་མའི་ཞབས་པད་བསམ་སྦྱོར་དག་པས་ཚུལ་བཞིན་དུ་བསྟེན་ཏེ།

ཇི་སྐད་དུ།

མདོ་སྔགས་རིག་གནས་ཕྱོགས་མེད་སྦྱངས་པས་མཁས།།

སྡོམ་གསུམ་གཅེས་པའི་ནོར་བཞིན་བསྲུངས་པས་བཙུན།།

གང་མཛད་བསྟན་འགྲོའི་གསོས་སུ་གྱུར་པས་བཟང་།།

གྲུབ་བརྙེས་མཛད་པས་གདུལ་བྱ་སྐྱོང་གྱུར་ཅིག།

འཆད་པ་ལེགས་འདོམས་དབྱར་རྔ་ཕྱོགས་བརྒྱར་བཞད།།

རྩོད་པ་སེངྒེའི་ང་རོས་རྒོལ་བ་འཇོམས།།

རྩོམ་པ་དབྱངས་ལྡན་རིག་པའི་ཁྱད་ཆོས་ཀྱིས།།

བློ་བཟང་བསྟན་ལ་དགེ་ལེགས་སྤེལ་བར་ཤོག།

            ཅེས་གསུངས་པ་ལྟར། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ། མདོར་ན་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པའི་འཕྲིན་ལས་བཟང་པོའི་ཆ་ཤས་ཙམ་བརྗོད་པའི་སྐབས་ཏེ། ལྷ་ཡི་ཆོས་རྔ་ཆེན་པོ་ལས་བཀྲ་ཤིས་དགེ་ལེགས་ཀྱི་སྒྲ་དབྱངས་བསྒྲགས་པ་གཉིས་པའོ།།

                        ཀུན་གཟིགས་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོའི་ཞལ་ནས།

རྒྱལ་བའི་སྲས་ཀྱི་ངང་ཚུལ་ལྷུར་བླངས་ཏེ།།

དམུ་རྒོད་འགྲོ་བའི་སྤྱོད་པས་མི་འཁྲུགས་པར།།

རྒྱལ་བསྟན་སྲིད་མཐའི་བར་དུ་སྤེལ་བ་ཡི།།

འགྱུར་མེད་སྙིང་སྟོབས་གོ་ཆ་བཞེས་སུ་གསོལ།།

            ཅེས་འགྱུར་མེད་བདེན་པའི་ཚིག་གི་གསུང་དབྱངས་རྣམ་པར་བསྒྲགས་པ་ལྟར། ད་ལྟ་འཇིག་རྟེན་ཡོངས་སུ་སྙིགས་ལྔའི་རང་མཚང་མཚོ་ལྟར་བརྡོལ་བའི་གནས་བབས་སྤྱི་དང་། བྱེ་བྲག་བོད་ཁ་བ་གངས་ཅན་ལྗོངས་སུ་ནག་ཕྱོགས་ཀླ་ཀློའི་དཔུང་གིས་ཆོས་རིག་བསྟན་སྲིད་མི་རིགས་སྣོད་བཅུད་ཡོངས་རྫོགས་བཅོམ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་རླུང་ནང་གི་མར་མེ་བཞིན་དུ་ཆེས་ཉག་ཕྲ་བར་གྱུར་པའི་སྐབས་འདིར། བསྟན་འགྲོའི་ཕན་བདེ་ཁུར་དུ་འཁྱེར་བའི་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་ངང་ཚུལ་ལྷུར་བཞེས་ཤིང་། ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་བླ་ལྷག་ཏུ་བགོས་ཏེ། གངས་ལྗོངས་བསྟན་འགྲོའི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར། སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ཏེ། ལུགས་གཉིས་གང་འདུལ་གྱི་འཕྲིན་ལས་རླབས་པོ་ཆེས་རིས་མེད་གདུལ་བྱ་རྣམས། འཕྲལ་ཡུན་བདེ་དགེའི་དཔལ་ལ་ཡོངས་སུ་འགོད་པར་མཛད་དུ་གསོལ། ཞེས་རྩེ་གཅིག་གསོལ་བ་ལན་བརྒྱར་འདེབས་པའི་རྟེན་དུ། རི་རབ་གླིང་བཞི་ཁོར་ཡུག་དང་བཅས་པའི་གསེར་གྱི་མཎྜལ་བཟང་པོས་ཐོག་དྲངས། སྐུའི་རྟེན་དུ་་་་་་་་་་་་་་་། གསུང་གི་རྟེན་དུ་་་་་་་་་་་་་་་། ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན། དེ་བཞིན་སྐུའི་ན་བཟའ་དང་བཞུགས་གདན། བཀྲ་ཤིས་པའི་རྫས་བརྒྱད་སོགས་དང་། འབུལ་མཚོན་སྔ་ཕྱི་(གསོལ་འདེབས་མཎྜལ་འབུལ་མཚོན་སྒོར་། དང་གཏང་རག་མཎྜལ་འབུལ་མཚོན་སྒོར་་ )བསྡོམས་ཧིན་སྒོར་་་་་་་་་་བཅས་བདོག་པའི་དངོས་པོ་ཅུང་ཟད་འབུལ་བ་ལགས་ན།

            སླར་ཡང་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོ་ནི། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཚེ་ཡི་ལྷ་མཆོག་རྣམས་ཀྱིས་དབུས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་དང་། ༸རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། དུས་གསུམ་གྱི་རྣམ་དཀར་དགེ་ཚོགས་རྒྱ་མཚོ་ལྟ་བུ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་དང་། ཁྱད་པར་དུ་བསླུ་མེད་བདེན་ཚིག་གི་མཐུ་གྲུབ་པའི་འཕགས་མཆོག་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་གི་བྱིན་རླབས་ཏེ།

            རྡོ་རྗེ་འཆང་༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས།

བདག་ཅག་རྣམས་ཀྱིས་དུས་གསུམ་བསགས་པའི་དགེ།

འཆི་མེད་ཚེ་ལ་དབང་བ་དྲང་སྲོང་མཐུ།།

གཅིག་ཏུ་བསྒྲིལ་བའི་རྟེན་འབྲེལ་མི་བསླུ་བས།།

བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག།

མཆོག་གསུམ་བསླུ་བ་མེད་པའི་བདེན་པ་དང་།།

བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དཔུང་།།

བདག་ཅག་དད་མོས་གཅིག་ཏུ་ཚོགས་པའི་མཐུས།།

ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག།ཅེས་དང་།

                        ཅེས་སོགས་བསླུ་མེད་བདེན་ཚིག་གི་འཕྲེང་བ་འགག་མེད་ཚངས་པའི་དབྱངས་སུ་བསྒྲགས་པ་བཅས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། ༸རོང་ཆེན་བསྟན་པའི་སྒྲོན་མེ་གང་ཉིད་ཀྱི་༸ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ། བསྐལ་པ་རྒྱ་མཚོའི་བར་དུ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པར་བཞུགས་པའི་ཞལ་བཞེས་བཟང་པོའི་མེ་ཏོག་འདབ་བརྒྱའི་ཕྲེང་བ། བདག་ཅག་རྣམས་ཀྱི་སྤྱི་བོའི་མཛེས་རྒྱན་དམ་པར་ཅི་ནས་ཀྱང་སྩོལ་གནང་ཐུགས་རྗེས་གཟིགས་པར་མཁྱཻན། མཁྱཻན། མཁྱཻན། ཅེས་མགོན་པོ་གང་གི་སྐུ་ཚེ་༸ཞབས་པད་བརྟན་པའི་གསོལ་འདེབས་དབྱངས་སུ་བརྗོད་པའི་སྐབས་ཏེ། ལྷ་ཡི་ཆོས་རྔ་ཆེན་པོ་ལས་བཀྲ་ཤིས་དགེ་ལེགས་ཀྱི་སྒྲ་དབྱངས་བསྒྲགས་པ་གསུམ་པའོ།།

རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།

རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།།

བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི།།

འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།

ཅེས་མཎྜལ་བཤད་པ་འདི་བཞིན། ཕྱི་ལོ་༢༠༢༢ ཕྱི་ཟླ་ ཚེས་ ཉིན། བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེ་ཉིན་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་མཆོག་རྩེ་གསེར་ཁྲིའམ་རྒྱལ་རོང་ཁྲི་ཡོངས་འཛིན་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་བསྟན་འཛིན་མཆོག་རབ་མཆོག་གི་གསོལ་འདེབས་མཎྜལ་བཤད་པར། ལོ་འདིར་་མདོ་སྨད་ཆོལ་ཁས་བརྟན་བཞུགས་འབུལ་བཞེས་གནང་སྐབས་ཀྱི་སློབ་དཔོན་ཆེན་མོ་ཨ་མཁར་བློ་བཟང་རྒྱ་མཚོས་བྲིས་པའི་མཎྜལ་བཤད་པ་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་སྟེང་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་མིང་པ་འབྲིང་བ་འཇིགས་མེད་ཀྱིས་སྣོན་འཕྲི་བཟོ་བཅོས་ཞུས་པའི་མཎྜལ་བཤད་པ་རྒྱས་པར་བཞུགས་པ་འདི་གཞིར་བཞག་གིས་ཚིག་དོན་ཐོག་ཅུང་ཟད་བསྡུས་ཏེ་ཕྱོགས་སྒྲིགས་ཞུས་པའོ།

 

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.