2022.6.14 3༄༅།། བརྟན་བཞུགས་དབུ་འཛུགས་མ་གནང་བའི་གོང་དུ་སྐད་ཆ་ཐུང་ཐུང་ཞིག་ཞུ་འདོད་བྱུང་། དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་དང་། ལྷག་པར་དུ་དེ་རིང་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་མ་ཐག་པ་དང་། རྣམ་པ་ཚོ་མང་ཆེ་བས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པ་བཞེས་མ་ཐག་པའི་གནས་སྟངས་དམིགས་བསལ་བ་དང་ཁྱད་དུ་འཕགས་པ་ཞིག་ཡིན་དུས། རྣམ་པ་ཚོས་ཐུགས་སྨོན་ཡག་པོ་ཞིག་གནང་བ་ཡིན་ན་གང་ཅིའི་ཆ་ནས་ཕན་ཐོགས་ཡག་པོ་ཡོད་པ་རེད་བསམ་གྱི་འདུག

            དེ་རིང་འདིར་ཁྲིའི་སྒང་ལ་སྡོད་མཁན་དེ་ང་ཡིན་པ་མ་གཏོགས། ངས་འགོ་ཁྲིད་པའི་སྒོ་ནས་ང་ཚོ་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་གྱི་ཡོད་སྙམ་པའི་ཐོག་ནས་ཐུགས་སྨོན་གནང་བ་ཡིན་ན། དེ་རིང་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་འཛོམས་ཡོད་དུས་ཕན་ནུས་དམིགས་བསལ་བ་ཞིག་ཡོང་གི་རེད་བསམས། བོད་ནང་གི་འབྲེལ་ཡོད་མང་པོ་ཞིག་གིས་དེ་རིང་དམིགས་བསལ་ཐུགས་སྣང་གནང་གི་ཡོད་པ་ཡིན་དུས། ང་ཚོ་ཡོངས་རྫོགས་ཀྱིས་དེ་ལྟར་ཐུགས་སྨོན་གནང་རོགས་ཞེས་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

 

བརྟན་བཞུགས་ཀྱི་བྱེད་སྒོ་ཡོངས་རྫོགས་གྲུབ་པའི་རྗེས་སུ་གནང་བའི་གསུང་བཤད།

 

༄༅།། བརྟན་བཞུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང། དཔལ་ལྡན་སྲིད་སྐྱོང་མཆོག།དེ་བཞིན་དུ་བཀའ་བློན་དང་བཀའ་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། དེ་རིང་འདིར་འདིར་ཆེད་དུ་ཕེབས་པའི་མདོ་སྨད་པའི་མི་མང་རྣམ་པ་དང་། བོད་ནང་ནས་ཀྱང་མང་པོ་ཞིག་གིས་དམིགས་བསལ་དོ་སྣང་གནང་གི་ཡོད་དུས་ངས་ཚིག་འགའ་ཤས་ཤིག་ཞུ་འདོད་བྱུང་།

 

           ཐོག་དང་པོར་མདོ་སྨད་མི་མང་གིས་ང་ལ་ཆེ་མཐོང་ཤིན་ཏུ་ཆེན་པོ་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མདོ་སྨད་ཀྱི་ནང་དུ་ལོ་ངོ་དྲུག་བརྒྱ་དང་བཅུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཀིརྟི་ཚང་གི་བླ་མ་རྒན་པ་ལོ་ལོན་ཞིག་ལ་མདོ་སྨད་མི་མང་གིས་ཆེ་མཐོང་གནང་བ་ཞིག་རེད། རྣམ་པ་ཚོའི་ངོས་ནས་ང་ལ་བརྟན་བཞུགས་གནང་བ་དེས་ང་ད་དུང་ཡིན་ནའང་ཚེ་རིང་པོར་སྡོད་དགོས་པ་དང་སྡོད་ཐུབ་པའི་སྨོན་ལམ་བརྒྱབ་ཀྱི་ཡོད་ལ། ཚེའི་ལྷག་མ་ཅི་ཙམ་ཡོད་པ་དེའི་རིང་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སྤྱི་ལ་ཕན་པའི་ལས་དོན་གང་ཐུབ་ཀྱིས་སྒྲུབ་ཐུབ་པའི་རེ་བ་དང་སེམས་ཤུགས་བརྟན་པོ་ཡོད།

 

           ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཐོག་ནས་བཤད་ན། རྣམ་པ་ཚོས་ང་ལ་གསེར་གྱི་གཟེངས་རྟགས་གནང་བ་ཙམ་དུ་མ་ཟད། གཟེངས་རྟགས་དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ནས་གནང་བ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསེར་གྱི་གཟེངས་རྟགས་གནང་བའི་སྐབས། ང་ཁྲི་ལས་བབས་ཏེ་སྲིད་སྐྱོང་གི་ཕྱག་ནས་ཞུ་དགོས་པ་ལྟ་བུ་ཞིག་ཡོད་ནའང་། ཆོས་ཕྱོགས་ཀྱི་གནས་སྟངས་དང་འགྲོ་ལུགས་ཀྱི་དབང་གིས་ང་ཁྲི་མཐོན་པོའི་སྒང་ལ་བསྡད་ཡོད་དུས་ཁྲི་ལས་འབབ་རྒྱུ་སྟབས་བདེ་པོ་མ་བྱུང་བས་འཚེར་པོ་ཞིག་བྱུང་སོང་། ཡིན་ནའང་ང་ཚོ་མདོ་སྨད་པ་རྣམས་ཀྱིས་ཆོས་ཕྱོགས་ཀྱི་འགྲོ་སྟངས་ལ་བརྩི་བཀུར་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད་དུས། མདོ་སྨད་ཀྱི་ནང་ལ་གནའ་སྔ་མོ་ནས་བཟུང་རྒྱལ་པོ་དང་དཔོན་པོ་གང་འདྲ་ཞིག་ཡིན་ཀྱང་གྲྭ་པ་དང་བླ་མ་ལ་བརྩི་བཀུར་ཆེན་པོ་ཞུས་ནས་གྲལ་གྱི་མཇུག་ཏུ་སྡོད་པ་མ་གཏོགས་གྲྭ་པ་དང་བླ་མའི་གོང་ལ་ཁྱིམ་པ་ཞིག་སྡོད་པའི་ལུགས་སྲོལ་ཡོད་པ་མ་རེད། མདོ་སྨད་པས་གྲྭ་པ་དང་བླ་མ་ལ་བརྩི་བཀུར་ཆེན་པོ་ཞུ་བའི་གོམས་སྲོལ་བཟང་པོ་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་གནས་སྟངས་དེའི་ཐོག་ནས་ད་རེས་ངས་གསེར་གྱི་གཟེངས་རྟགས་དེའང་ཁྲི་ཐོག་ནས་ཞུས་པ་ཡིན།

 

           རྣམ་པ་ཚོས་ང་ལ་མཐོང་ཆེན་པོའི་སྒོ་ནས་གཟེངས་རྟགས་གནང་བ་དེ་ནི། ངའི་ངོས་ནས་འཇོན་བཞག་པ་དང་ངས་དམིགས་བསལ་བྱས་རྗེས་བཞག་ཡོད་པ་དེ་འདྲ་གང་ཡང་མ་རེད། ངའི་མི་ཚེ་འདི་བཟང་མཐའ་ལ་འཁྱོལ་ཐུབ་པ་ཞིག་བྱུང་ཡོད། ངའི་མི་ཚེ་བཟང་མཐའ་ལ་འཁྱོལ་ཐུབ་པ་བྱུང་བ་དེ་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ང་ལོ་བཅོ་ལྔ་ཡིན་པའི་སྐབས་༸རྒྱལ་བ་རིན་པོ་ཆེས། དེང་སང་དུས་ཚོད་ཡག་པོ་མི་འདུག་པས་གནའ་སྔ་མོའི་འགྲོ་སྟངས་ལྟར་གྲ་རྒྱས་པོ་བྱེད་མ་དགོས་པར་སྟབས་བདེ་པོའི་ངང་ནས་གང་མགྱོགས་མགྱོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཤོག ཅེས་པའི་བཀའ་ཡིག་ཐེངས་གཉིས་གནང་བ་རེད། དེ་ལྟ་བུའི་བཀའ་ཡིག་ལམ་སྟོན་སྔ་ཕྱི་གཉིས་ཕེབས་པ་ལ་བརྟེན་ནས་ང་མདོ་སྨད་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་ཐུབ་པ་ཞིག་བྱུང་བ་རེད། གལ་སྲིད་སྐབས་དེར་ང་མདོ་སྨད་ནས་ལྷ་སར་ཡོང་ཐུབ་མེད་ན་དེང་སང་མདོ་སྨད་ཀྱི་ལུང་ཁུག་ཅིག་ཏུ་ལྷག་པའི་བླ་རྒན་ཞིག་མ་གཏོགས། རྣམ་པ་ཚོས་རྗེས་དྲན་ཞུ་ཡུལ་དང་གཟེངས་རྟགས་སྤྲོད་སའི་མི་སྣ་ཞིག་ཏུ་གྱུར་ཐུབ་མེད་པ་གསལ་པོ་རེད།

 

           ང་ལྷ་ས་ལ་སླེབས་ནས་བཟུང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་ཆོས་དང་ཆབ་སྲིད་གང་ཅིའི་ཐད་ནས་གཟིགས་སྐྱོང་བླ་ན་མེད་པ་གནང་བ་རེད། བོད་གཞུང་གི་ངོས་ནས་ཡིན་ནའང་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་གནང་སྟེ་གཟིགས་པ་ཆེན་པོ་གནང་སོང་། ལྷག་པར་དུ་ང་རྒྱ་གར་དུ་འབྱོར་བའི་རྗེས་སུ་ངས་༸རྒྱལ་བ་རིན་པོ་ཆེ་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད།

 

           ཆོས་ཕྱོགས་ནས་ཞུས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེ་བཀའ་དྲིན་གསུམ་ལྡན་གྱི་སློབ་དཔོན་དང་རྩ་བའི་བླ་མ་ཡིན་པར་མ་ཟད། ༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་ཀྱི་སྐུ་མདུན་ནས་༸རྒྱལ་བ་རིན་པོ་ཆེ་དང་བཀའ་དབང་མཉམ་དུ་ཞུ་རྒྱུ་བྱུང་ཡོད་དུས་རྡོ་རྗེའི་སྤུན་གྲོགས་སུ་གྱུར་པའི་སྐལ་བ་བཟང་པོ་ཡང་བྱུང་ཡོད། དེ་རིང་འདིའི་ནང་དུ་༸རྒྱལ་བ་རིན་པོ་ཆེ་དང་རྡོ་རྗེ་སྤུན་གྲོགས་ཞུ་རྒྱུའི་གོ་སྐབས་ཐོབ་མཁན་ཕལ་ཆེར་ང་རྐྱང་པ་ཡིན་རྒྱུ་རེད། དེ་བཞིན་དུ་༸རྒྱལ་བ་རིན་པོ་ཆེས་ལྷ་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད་པའི་སྐབས་རྟགས་གསལ་འབུལ་མཁན་གྱི་གྲས་སུ་ཡང་ང་ལ་གོ་སྐབས་གནང་སོང་། འདི་དང་འདིས་མཚོན་པའི་ཆོས་ཕྱོགས་ནས་བླ་ན་མེད་པའི་གཟིགས་པ་ཤིན་ཏུ་ཆེན་པོ་ལན་མང་པོ་གནང་མྱོང་ཡོད།

 

           ཆབ་སྲིད་ཀྱི་ཕྱོགས་ནས་ཡིན་ན། རྣམ་པ་ཚོས་མཁྱེན་གསལ་ལྟར་༸རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་སྐུ་ཤ་རློན་པ་སྐུ་དངོས་ཀྱིས་བོད་ཀྱི་རྒྱལ་པོ་གནང་བའི་སྐུ་དྲུང་དུ་ངས་ཆོས་བློན་གྱི་མིང་ཙམ་ཁུར་ནས་སྡོད་རྒྱུའི་སྐལ་བ་བཟང་པོ་བྱུང་བ་འདི་ཡང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས། ང་རྒོད་པོ་དང་འཇོན་པོ་ཡིན་པའི་རྒྱུ་མཚན་གྱིས་བྱུང་བ་ཞིག་གཏན་ནས་མ་རེད། ངས་བྱ་བ་ཕྲན་བུ་རེ་བྱས་ཡོད་པ་དེ་དག་ཡོངས་རྫོགས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གནང་བ་ཁག་གཞི་ལ་བཞག་སྟེ་བོད་ཕྱི་ནང་གཉིས་ཀ་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ངས་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་ལས་དོན་ཕྲན་བུ་བསྒྲུབས་པ་དེ་ལ་རྣམ་པ་ཚོས་ཆེ་མཐོང་གནང་བ་ཞིག་རེད། ངའི་མི་ཚེའི་ནང་ལ་གཟི་བརྗིད་ཕྲན་བུ་ཞིག་ཡོད་པ་དེ་ཡང་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་མང་ལ་ཞབས་ཕྱི་ཞུས་ཏེ་བོད་སྤྱི་པའི་ལས་དོན་ཕྲན་བུ་བསྒྲུབས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ངའི་ངོས་ནས་འཇོན་བཞག་པ་ཞིག་གང་ཡང་མེད་ནའང་། ད་ལྟའི་བར་དུ་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཞུས་པ་ཡིན་ལ། མ་འོངས་པར་ཡང་བོད་སྤྱི་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་ཞེས་རྣམ་པ་ཚོར་ཁས་ལེན་ཞུ་རྒྱུ་ཡིན།

 

           དེ་རིང་མདོ་སྨད་མི་མང་གི་ངོས་ནས་ང་ལ་ཆེ་མཐོང་དང་འབྲེལ་བའི་གསེར་གྱི་གཟེངས་རྟགས་གནང་བ་ཡིན་དུས། ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་མདོ་སྨད་མི་མང་ལ་ཚིག་གཅིག་གཉིས་ཤིག་ཞུ་འདོད་བྱུང་།  ང་དང་དམིགས་བསལ་འབྲེལ་ཡོད་མེད་ལ་མ་ལྟོས་པར་མི་ཤིན་ཏུ་མང་པོ་ཞིག་གིས་དེ་རིང་དམིགས་བསལ་གྱིས་ཐུགས་སྣང་གནང་གི་ཡོད་དུས། མདོ་སྨད་མི་མང་གིས་ད་ལྟའི་བར་དུ་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་མཛད་ནས་རང་སྲོག་ཚུན་ཆད་བློས་བཏང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཕྱག་ལས་གནང་དང་གནང་བཞིན་ཡོད་པར་མ་ཟད། བོད་སྤྱི་པའི་ལས་དོན་ཐོག་ཆོས་སྲིད་གཉིས་ཐད་ནས་བྱས་རྗེས་ཆེན་པོ་ཡོད་མཁན་གྱི་མདོ་སྨད་པ་ཤིན་ཏུ་མང་པོ་ཞིག་ད་ལྟའི་བར་དུ་བྱུང་ཡོད་ལ། མ་འོངས་པར་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐོག་མཛད་རྗེས་འཇོག་མཁན་གྱི་མདོ་སྨད་པ་ཤིན་ཏུ་མང་པོ་ཞིག་ཡོང་ཐུབ་པ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ད་ལྟའི་བར་དུ་མདོ་སྨད་པ་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གནང་ཐུབ་ཡོད་པ་དེ་ནི་ཤིན་ཏུ་ནས་གཟི་བརྗིད་ཆེན་པོ་ཞིག་རེད།

 

           དེང་སང་བོད་ནང་དུ་རྒྱ་ཆེའི་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ལུས་སེམས་གཉིས་ཀའི་ཐོག་དཀའ་ངལ་བསམ་ཡུལ་འདས་པ་མྱངས་དང་མྱོང་བཞིན་ཡོད་ནའང་། སེམས་ཤུགས་གཏན་ནས་མ་ཆག་པར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྙིང་ལ་བཅངས་ནས་བོད་སྤྱི་པའི་ལས་དོན་ཐོག་ལ་འབད་བརྩོན་ལྷོད་མེད་གནང་གི་ཡོད་པ་ནང་བཞིན། མ་འོངས་པར་ཡང་སྔར་བཞིན་རྣམ་པ་ཚོས་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

           གནའ་སྔ་མོ་མདོ་སྨད་ནང་ཁུལ་དུ་ཡང་རྩྭ་ས་རྩོད་གླེང་གིས་མཚོན་པའི་ནང་ཁུལ་ལ་རྩོད་རྙོག་སྣ་ཚོགས་ཡོང་གི་ཡོད་ཀྱང་། ༸རྒྱལ་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་རིམ་པར་ཕེབས་པའི་རྗེས་སུ་རིམ་གྱིས་མདོ་སྨད་པའི་ནང་ཁུལ་གྱི་རྩོད་རྙོག་དང་མི་མཐུན་པ་ཡོངས་རྫོགས་མཚམས་བཞག་ནས་ནང་ཁུལ་གྱི་མཐུན་ལམ་ཤིན་ཏུ་ཡག་པོར་གྱུར་འདུག ང་རང་ལ་ཡང་བོད་ནང་ནས་མི་འགའ་ཤས་ཀྱིས་འདི་ལྟར་བཤད་མྱོང་། ས་ཆ་འདི་དང་འདི་ཡིན་རྒྱུ་ང་ཚོ་ལ་བདག་གི་ཡོད་ཀྱང་༸རྒྱལ་བ་རིན་པོ་ཆེ་དང་ཁྱེད་ཚོའི་གསུང་བཤད་སྔ་ཕྱི་ལ་བརྩི་བཀུར་བྱས་ནས་ང་ཚོའི་ཐོབ་ཐང་དེ་ཚོ་བློས་བཏང་ནས་མཐུན་ལམ་ཡོང་ཐབས་བྱས་པ་ཡིན་ཞེས་ཤོད་ཀྱི་འདུག འདིས་མཚོན་པའི་མདོ་སྨད་ཀྱི་ནང་ཁུལ་དུ་མཐུན་ལམ་ཡོང་བར་ཧུར་ཐག་འབད་ཐག་གནང་བ་བཞིན་དུ། མ་འོངས་པར་ཡང་མདོ་སྨད་ནང་ཁུལ་དང་བོད་སྤྱི་པའི་མཐུན་ལམ་ཡར་རྒྱས་ཡོང་ཐབས་ལ་རྣམ་པ་ཚོས་མུ་མཐུད་འབད་བརྩོན་གནང་རོགས་གནང་། བོད་སྤྱི་པའི་རྩ་དོན་ནི་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་འཁྲི་བའི་ལས་འགན་ཞིག་རེད། ལྷག་པར་དུ་བོད་ནང་གི་བོད་རྒྱ་ཆེ་མི་མང་ནི་དོན་དམ་པའི་བོད་ཀྱི་བདག་པོ་ཡིན་དུས་རྣམ་པ་ཚོས་འགན་བླངས་ནས་བོད་སྤྱི་པའི་རྩ་དོན་ལ་སྔར་བཞིན་བདག་པོ་བརྒྱག་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

          དེ་རིང་༸གོང་ས་༸རྒྱལ་བ་རིན་པོ་ཆེས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་བའི་སྐབས་སུ། བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་བཀའ་དབང་གི་དམིགས་འོག་ཏུ་བཅུག་ནས་དབང་གནང་བ་རེད་ལ། བོད་ནང་གི་བོད་མི་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་དབང་གསན་གྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཁོང་གིས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ཁྱེད་ཚོས་ཀྱང་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཤོག་ཅེས་རྒྱུན་དུ་བཀའ་གནང་གི་ཡོད་པ་ལྟར། འདིའི་ཐོག་ལ་རྣམ་པ་ཚོ་མི་རེ་ངོ་རེ་ནས་འབད་བརྩོན་ཞུ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་བཞིན་དུ་བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་ཐུགས་རྗེ་ཆེན་པོ་ཡིན་དུས། རྒྱུན་དུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མཎི་ཡིག་དྲུག་གྲངས་གསོག་བྱ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། རྣམ་པ་ཚོས་མཎི་ཡིག་དྲུག་གྲངས་གསོག་ཞུ་རྒྱུར་འབད་བརྩོན་ཆེན་པོ་གནང་གི་འདུག་ལ། མ་འོངས་པར་ཡང་དེ་ལུགས་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

       བྱེས་སུ་ཡོད་པའི་མདོ་སྨད་མི་མང་ལ་མཚོན་ན། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མདོ་སྨད་མི་མང་གིས་༸རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཐེངས་དང་པོ་དེ་ཞུས་པ་རེད། སྐབས་དེེར་ཡོད་མཁན་གྱི་མི་ལྷ་ལྕམ་སྐུ་ཞབས་དང་ངེད་གཉིས་མ་གཏོགས་ཕལ་ཆེར་འདིར་མེད་པ་ཡིན་དུས་འདིའི་གནས་སྟངས་ཕྲན་བུ་ཞུས་ན་བསམ་བྱུང། སྐབས་དེ་དུས་མདོ་སྨད་ཀྱི་བླ་མ་འགའ་ཤས་ཡོད་པའི་ནང་ནས་ང་ལ་ཐོག་མར་འགྲོ་རོགས་ཟེར་གྱི་འདུག་པ་ལྟར་ངས་སྣེ་ཁྲིད་ནས་མཇལ་ཁ་ཞུས་པ་ཡིན།

          སྐབས་དེ་དུས་མནའ་གན་ཐུ་བོ་ཆེ་ཟེར་བ་དེ་ཡང་རྡོ་རྗེ་གདན་དུ་བཞག་པ་རེད་ལ། བོད་མང་གཙོའི་སྲིད་གཞུང་གི་འགོ་དང་པོ་ཡང་སྐབས་དེ་ནས་བཙུགས་ཏེ་རིམ་གྱིས་སྤྱི་འཐུས་ཐེངས་དང་པོ་འདེམས་པ་སོགས་བྱས་པ་རེད།  ཕྱི་ལོ་ ༡༩༦༣ ལོའི་ཟླ་ ཚེས་ ༢༨ ཉིན་མདོ་སྨད་ཆིག་སྒྲིལ་ཚོགས་པ་ཐེངས་དང་པོ་གསར་འཛུགས་གནང་བའི་སྐབས་མིང་རྟགས་ཐེངས་དང་པོ་འགོད་མཁན་དེ་ང་ཡིན།  ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༡༡ ཚེས་ ཉིན་མདོ་སྨད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་ངོ་བོའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་བརྟན་བཞུགས་འབུལ་བར་ང་ལ་ཡོང་རོགས། ཞེས་རེ་འདུན་གནང་བ་བཞིན་ང་ཌ་ལ་ཧོ་སི་ནས་རྡ་རམ་ས་ལར་བཅར་ནས་མདོ་སྨད་པས་༸རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་ཐེངས་དང་པོ་དེ་ཕུལ་བ་རེད།  ཕྱི་ལོ་ ༡༩༧༨ ལོའི་ཟླ་ ཚེས་ ༢༦ ཉིན་མདོ་སྨད་མི་མང་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་རྡ་རམ་ས་ལར་ཚོགས་པའི་སྐབས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་གསར་འཛུགས་གནང་བ་རེད། དེ་ཕྱིན་ཆད་ཀྱི་མདོ་སྨད་པའི་ལོ་རྒྱུས་ཡོངས་རྫོགས་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་ཡིན་དུས་ཞུ་དགོས་པ་མི་འདུག

          སྐབས་དེར་མདོ་སྨད་པའི་མི་གྲངས་ཤིན་ཏུ་ཉུང་ངུ་ལས་མེད། གུང་ཐང་ཚུལ་ཁྲིམས་དང་ཚ་ཁོ་རྡོ་རྗེ་དཔལ་བཟང་ལ་སོགས་པ་མི་རྒན་པ་ཡང་གང་འཚམས་ཤིག་ཡོད། བོད་ཀྱི་གཏམ་དཔེ་ལ། རི་བོང་ལག་པ་ཐུང་ཡང་། །ལ་རྨོས་འདྲ་འདྲ་བརྒྱབས་ཡོད། །ཅེས་པའི་ཤོད་སྲོལ་ཡོད་པ་ལྟར། ཐོག་མའི་སྐབས་མདོ་སྨད་པ་ལ་མི་གྲངས་ཉུང་ཉུང་ཞིག་ལས་མེད་ནའང་ཆོལ་ཁ་གཞན་དག་དང་འདྲ་མཉམ་གྱིས་བོད་སྤྱི་པའི་རྩ་དོན་ཐོག་ཆད་ལུས་མེད་པར་ལས་དོན་བསྒྲུབས་ཐུབ་ཡོད་ལ། བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་དུ་མཐུན་ལམ་ཡོང་བ་ལ་མདོ་སྨད་པས་སེམས་ཤུགས་ཁུར་ནས་དམིགས་བསལ་གྱིས་འགན་ཁུར་བླངས་ཡོད།

                དེང་སང་སྔོན་མ་དང་བསྡུར་ན་མདོ་སྨད་པའི་གྲངས་ཁ་ཅུང་མང་པོ་ཡོད་པ་རེད། མདོ་སྨད་པའི་མི་ཐོག་གསར་པ་རྣམས་ཀྱིས་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་ཁག་གཞི་ལ་བཞག་ནས་སྤྱི་སྒེར་གྱི་ལས་དོན་བསྒྲུབས་པ་ཡིན་ན། ཚེ་འདི་ཕྱི་གཉིས་ཀར་དེ་ལས་ལྷག་པའི་བྱ་བ་བཟང་པོ་ཞིག་བྱེད་རྒྱུ་མེད། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་ཁྱིམ་ཚང་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་ནས་བཟུང་སྟེ་གནད་དོན་འདིའི་ཐོག་བཀའ་སློབ་ལམ་སྟོན་མ་གནང་ཟེར་བ་མེད་པ་ལྟ་བུ་ཡིན་དུས། ཆོས་སྲིད་ཀྱི་ལས་དོན་གང་འདྲ་ཞིག་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གཞི་ལ་བཞག་ནས་བསྒྲུབས་པ་ཡིན་ན་སླེབས་ས་མ་ནོར་བ་ཞིག་ཏུ་སླེབས་ཐུབ་ཀྱི་ཡོད་དུས། རྣམ་པ་ཚོས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྔ་ཕྱི་ཁག་ལ་རྒྱུན་དུ་དོ་སྣང་གནང་རོགས་ཞེ་རེ་སྐུལ་ཞུ་རྒྱུ་ཡིན།

          བྱེས་ལ་སྡོད་མཁན་གྱི་མདོ་སྨད་མི་མང་གིས་ད་ལྟའི་བར་དུ་རྡོག་རྩ་ཆིག་སྒྲིལ་གྱིས་སྤྱི་པའི་རྩ་དོན་ལ་ཕན་པའི་ལས་དོན་ཡག་པོ་བསྒྲུབས་སོང་། ང་ཚོ་༸རྒྱལ་བ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་དང་། ༸རྒྱལ་བ་རིན་པོ་ཆེའི་སྐུ་རྩ་སྐུ་བདག་ཡིན་པའི་ཆ་ནས་ཀྱང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དགོངས་དོན་གྱི་འོག་ལ་ཤར་སྐྱོད་བྱེད་མཁན་ཞིག་ཡིན་པར་སྤོབས་པ་ཡོད་པའི་ཐོག་ནས་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

          བཙན་བྱོལ་བོད་གཞུང་འདི་༸རྒྱལ་བ་རིན་པོ་ཆེས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་རེད། གཞུང་འདིའི་མིང་ལ་བོད་མིའི་སྒྲིག་འཛུགས་ཟེར་གྱི་ཡོད་ན་འདྲ། བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་གྱི་ཡོད་ན་འདྲ། གང་ལྟར་ཡང་གཞུང་འདི་བརྟན་པོར་གནས་ཐུབ་པ་དང་། གཞུང་འདི་སྲ་བརྟན་ཡོང་བའི་དོན་དུ་ང་ཚོ་ཡོངས་རྫོགས་ཀྱིས་འགན་ལེན་དགོས་ཀྱི་ཡོད་ལ། ༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་དོན་དུ་ཡིན་ནའང་རེད། གཞུང་འདི་བརྟན་པོ་གནས་ཐུབ་པའི་ཐབས་ལ་དམིགས་བསལ་གྱིས་འབད་བརྩོན་གནང་དགོས། བོད་རྒྱ་ཆེའི་མི་མང་གིས་བདམས་པའི་གཞུང་དེ་ལ་རྒྱབ་སྐྱོར་ཞུ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

           ད་ལྟའི་ཆར་བོད་མི་རིགས་འདི་ཆག་འཇིག་གི་ཉེན་ཁ་ཆེན་པོ་ཞིག་གི་མཚམས་སུ་སླེབས་ཡོད་པ་དེ་ང་ཚོས་ངེས་པར་དུ་ཚོར་དགོས་ཀྱི་འདུག ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ག་ཚོད་ལ་ཕེབས་ཚར་འདུག༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་རྒྱུ་ཡིན་པ་ཞལ་བཞེས་གནང་གི་ཡོད་ལ། དོན་དངོས་སུ་དེ་ལྟར་བཞུགས་རྒྱུའི་དབང་དུ་བཏང་ཡང་དགུང་ལོ་མཐོ་པོར་ཕེབས་ཟིན་ཡོད་པ་དངོས་ཡོད་གནས་ཚུལ་རེད།

 

           གནའ་སྔ་མོ་རྒྱ་དམར་གཞུང་གིས་བོད་ནང་གི་བོད་མི་ཚོར་དམ་དྲག་དང་བཙན་གནོན། མནར་གཅོད་ཚད་ལས་བརྒལ་བ་བཏང་གི་ཡོད་ཀྱང་། དེང་སང་དེ་ལས་ཀྱང་ཚབས་ཆེ་བ་ནི་བོད་ཀྱི་སྐད་ཡིག་ཐོག་ཚད་ལས་བརྒལ་བའི་དམ་དྲག་བྱས་ཏེ་བོད་སྐད་དང་བོད་ཀྱི་ཡི་གེ་གཏན་ནས་མི་ཤེས་པའི་བོད་ཀྱི་མི་རབས་ཤིག་གསོ་སྐྱོང་བྱས་ཡོང་གི་ཡོད། གནས་སྟངས་འདིའི་འོག་ནས་རིམ་གྱིས་བོད་ཅེས་པའི་མིང་ཙམ་ཡང་བརླག་འགྲོ་བའི་ཉེན་ཁ་ཞིག་ཏུ་སླེབས་ཡོད་དུས། ང་ཚོས་བོད་མི་རིགས་འདི་ཉེན་ཁ་གང་འདྲ་ཞིག་ཏུ་སླེབས་ཡོད་པའི་གནས་སྟངས་དེ་ཚོར་དགོས་ཀྱི་འདུག ང་ཚོ་ཉེན་ཁ་གང་འདྲ་ཞིག་ཏུ་སླེབས་ཡོད་པ་དེ་ཤེས་པའི་ཐོག་ནས་ཉེན་ཁ་དེ་ལས་སྐྱོབ་པའི་ཐབས་ཤེས་ག་རེ་བྱེད་དགོས་ཀྱི་འདུག མི་རེ་རེའི་ངོས་ནས་འགན་བླངས་ཏེ་བསམ་བློ་གཏོང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

ལྷག་པར་དུ་གཞིས་སུ་བཞུགས་པའི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཀྱིས་རེ་བ་དང་བློ་གཏད་ཞུ་སའི་བོད་གཞུང་འདི་བརྟན་པོ་དང་སྲ་ཐག་ཐག་ཅིག་ཡོང་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་རྣམ་པ་ཚོ་ལ་རེ་སྐུལ་ཞུ་རྒྱུ་ཡིན། དེང་སང་དགྲ་བོ་རྒྱ་དམར་སིམ་འཛུལ་བྱས་ཡོང་གི་མེད་འགྲོ་བསམ་པའི་དོགས་པ་ཞིག་སྐྱེས་ཡོང་གི་འདུག་པས་རྣམ་པ་ཚོས་གཟབ་གཟབ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

          དེ་སྔོན་མདོ་སྨད་ཆོལ་ཁའི་ངོས་ནས་༸རྒྱལ་བ་རིན་པོ་ཆེར་གྱ་སྟོན་གོ་སྒྲིག་ཞུས་པ་ནང་བཞིན་གྱ་སྟོན་གྱི་ཐོག་མཐའ་བར་གསུམ་ཤིན་ཏུ་ཡག་པོ་བྱུང་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་སྐུ་རྩེད་དང་སྦྲགས་ནས་མ་འོངས་པར་དགུ་བཅུའི་གོ་སྟོན་བྱ་དགོས་པ་རེད་ཅེས་གསུངས་ཡོད། སྐུ་རྩེད་ཀྱི་རྣམ་པའི་ཐོག་ནས་བཀའ་གནང་བ་ཞིག་ཡིན་ནའང་དགག་བྱ་དགོས་པ་ཁྱད་པར་བ་ཞིག་ཡོད་རྒྱུ་རེད་བསམ་གྱི་འདུག་པས། ང་ཚོ་མདོ་སྨད་པ་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་གོ་སྟོན་ད་ལྟ་ནས་གྲ་སྒྲིག་ཞུ་རན་གྱི་འདུག་ཅེས་རེ་འདུན་ཞུ་རྒྱུ་ཡིན། རྣམ་པ་ཚོའི་དེ་རིང་གི་བརྟན་བཞུགས་ཀྱི་འབུལ་མཚོན་གྱི་གྲས་ནས་སྒྲོལ་དཀར་གྱི་སྐུ་འདི་རྟེན་འབྲེལ་གྱི་ཆེད་དུ་ངས་ཞུ་རྒྱུ་ཡིན་པ་མ་གཏོགས། ལྷག་མ་འབུལ་མཚོན་དངུས་དངོས་གང་ཡོད་པ་ཡོངས་རྫོགས་མ་འོངས་པར་༸རྒྱལ་བ་རིན་པོ་ཆེའི་དགུ་བཅུའི་གོ་སྟོན་གྱི་གྲ་སྒྲིག་གི་དོན་དུ་རྣམ་པ་ཚོ་ལ་ཕྱིར་འབུལ་ཞུ་རྒྱུ་ཡིན།

 

          དེ་རིང་ཐོག་དང་པོར་སྐུ་ངོ་སྲིད་སྐྱོང་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྐུ་རེ་ཕུལ་བ་ཡིན། ཐུགས་རྗེ་ཆེན་པོའི་སྐུ་འདྲ་འདི་ངའི་ངོས་ནས་བོད་སྤྱི་པའི་བསྟན་སྲིད་ཀྱི་ལས་དོན་ཐོག་སྐུ་ལས་སྐྱོན་མཁན་འབྲེལ་ཡོད་ཚོ་ལ་འབུལ་གྱི་ཡོད། དེ་བཞིན་དུ་བོད་ནས་རྒྱ་གར་དུ་ཡོང་མཁན་ལོ་བརྒྱད་ཅུ་ལོན་པ་ཚོ་ལ་ཡང་འབུལ་གྱི་ཡོད། བོད་ནས་གཉེན་འཕྲད་དུ་ཕེབས་མཁན་གྱི་གྲས་ནས་ལོ་མང་པོའི་རིང་རྒྱ་བོད་བར་དུ་འབྲེལ་མཐུད་པ་ལྟ་བུའི་ཕྱག་ལས་གནང་མཁན་གྱི་རྫོང་དཔོན་དང་རྫོང་དཔོན་ཟུར་པ། སྡེ་པ་དང་ཤོག་ཀ་སོ་སོའི་འགོ་བ་དང་དཔོན་པོ། དཔོན་པོ་ཟུར་པ། དགོན་སྡེ་ཁག་གི་འགན་འཛིན་སོགས་ལོ་མང་རིང་སྐུ་ལས་སྐྱོན་མཁན་འབྲེལ་ཡོད་མང་པོ་ཞིག་ཡོང་གི་འདུག་པ་དེ་དག་ལ་ངས་ཐུགས་རྗེ་ཆེན་པོའི་སྐུ་འདི་རྟེན་སྐལ་དུ་འབུལ་གྱི་ཡོད་པ་ཡིན་དུས། ད་རེས་མདོ་སྨད་དབུས་རྒྱུན་ལས་ཀྱི་ཕྱག་ལས་གནང་མཁན་ཚོ་ལ་རྟེན་སྐལ་དུ་ཐུགས་རྗེ་ཆེན་པོའི་སྐུ་རེ་འབུལ་རྒྱུ་ཡིན། མདོ་སྨད་སྤྱི་པའི་རྟེན་སྐལ་ལ་སྟོན་པའི་སྐུ་འདི་ཕུལ་བ་ཡིན།

 

         མདོར་བསྡུས་ན། བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཡོང་བ་དང་། བོད་གཞུང་འདི་བརྟན་པོ་གནས་ཐབས་ལ་རྣམ་པ་ཚོས་ཤུགས་བསྐྱོན་ནས་ཕྱག་ལས་གནང་རོགས་བྱོས་ཟེར་ནས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

                                                                                                                                                                                                                                   ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༡༤ ཉིན།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.