2022.5.13༄༅།། གྲྭ་ཚང་གི་མཁན་རིན་པོ་ཆེས་གཙོས་གྲྭ་ཚང་གི་བླ་སྤྲུལ་འདུས་མང་དང་ལས་བྱེད་པ་ཡོངས་ལ། དེ་རིང་ཁྱེད་རྣམས་ཀྱིས་སོ་སོའི་ངོས་ནས་ལོ་མང་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་ལ་དགའ་དར་བཞེས་པའི་དུས་ཚིགས་དམིགས་བསལ་བ་ཞིག་རེད། རང་རང་གི་ངོས་ནས་འདས་པའི་ལོ་མང་རིང་དཀའ་ལས་བརྒྱབ་པའི་དགེ་བ་ལ་རྗེས་སུ་ཡི་རང་བྱས་པ་ཡིན་ན་ཕན་ཐོགས་བླ་ན་མེད་པ་ཞིག་ཡོང་གི་རེད། རྣམ་པ་ཚོས་ད་ལྟའི་བར་དུ་སངས་རྒྱས་ཀྱི་བསྟན་པ་ཡུན་གནས་དར་འཕེལ་ཡོང་བའི་དོན་དུ་དཀའ་ལས་བརྒྱབ་པ་ཡིན་དུས། རང་གི་དགེ་བའི་བྱ་བ་གང་བྱས་པ་དེ་ལ་རྗེས་སུ་ཡི་རང་གི་སྒོ་ནས་དགེ་བ་རྫོགས་བྱང་ལ་བསྔོ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཐོག་དང་པོ་ཞུ་འདོད་བྱུང་།


དེ་རིང་དགའ་དར་མ་བཞེས་མཁན་གྲྭ་ཕྲུག་ལོ་ཆུང་བ་དང་། ལས་ཀའི་ནང་གསར་དུ་ཞུགས་མ་ཐག་པ་མང་པོ་ཡོད་པ་རྣམས་ཀྱིས་ཀྱང་། རྒན་པ་རྣམས་ཀྱིས་ད་ལྟའི་བར་དུ་དཀའ་ལས་གང་འདྲ་བརྒྱབ་འདུག དཀའ་ལས་བརྒྱབ་པ་ལ་གྲུབ་འབྲས་དང་ངོ་སོ་གང་འདྲ་ཞིག་འདུག།ལས་ཀའི་གྲུབ་འབྲས་དང་སྤྱི་ཚོགས་ལ་ངོ་སོ་ཆེན་པོ་ཡོད་པ་དེ་ཤེས་པའི་ཐོག་ནས། མ་འོངས་པར་ཁྱེད་ཚོས་རྒན་པ་རྣམས་ཀྱི་མཛད་སྤྱོད་ལ་མིག་ལྟོས་བྱས་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་བྱ་བ་བྱས་ཏེ་དགའ་དར་ལེན་རྒྱུ་ཡོད་པ་ཞིག་དང་། དགའ་དར་ལེན་རྒྱུ་ཡོད་པ་ཙམ་མ་ཡིན་པར་ཕན་ཐོགས་ཅན་གྱི་ལས་ཀ་བྱེད་ཐུབ་མཁན་ཞིག་ཡོང་བའི་དོན་དུ་མ་འོངས་པར་དམིགས་ཡུལ་རྒྱ་ཆེན་པོ་ཞིག་འཛིན་དགོས་པ་གལ་ཆེན་པོ་རེད།  


ད་ལྟ་དགའ་དར་ལེན་མཁན་མང་ཆེ་བ་ནི་ང་དང་མཉམ་དུ་སྐྱིད་སྡུག་མཉམ་གཤིབ་དང་། བསྟན་པ་སྤྱི་དང་ལྷག་པར་དུ་ཀིརྟི་ཚང་གི་བསྟན་པ་ལ་ཞབས་འདེགས་ཞུས་ནས་ཡོང་མཁན་ཤ་སྟག་རེད། རྣམ་པ་ཚོ་ཀིརྟིའི་བྱེས་པ་གྲྭ་ཚང་ཙམ་མ་ཡིན་པར་བོད་ནང་དུ་ཡོད་པའི་འབྲེལ་ཡོད་རྒྱ་ཆེ་མི་མང་གིས། ཁྱེད་ཚོས་རྒྱ་གར་ནང་དུ་ལོ་དང་ཟླ་བ་སྦྲེལ་ནས་དཀའ་ལས་བརྒྱབ་ཀྱི་ཡོད་པའི་ངོས་འཛིན་དང་ཚོར་བ་ཆེན་པོ་ཡོད་པ་རེད། རྣམ་པ་ཚོས་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་ཀྱི་ཡོད་པར་མ་ཟད། ཕ་ཡུལ་གྱི་འབྲེལ་ཡོད་མང་ཚོགས་རྣམས་ཀྱིས། ཁོང་ཚོས་རྒྱ་གར་ཚ་པའི་ལུང་པར་དཀའ་ངལ་མང་པོ་ལ་གདོང་ལེན་བྱས་ཏེ་༸སྐྱབས་མགོན་རིན་པོ་ཆེར་ཞབས་ཕྱི་ཞུ་ཡི་ཡོད་པ་ཡིན་དུས། ང་ཚོས་ཀྱང་ད་དུང་ཡིན་ནའང་སོ་སོའི་ས་ནས་ནུས་པ་གང་ཡོད་ཀྱིས་བསྟན་པ་དང་དགོན་པ་ལ་ཞབས་ཕྱི་ཞུ་དགོས་སྙམ་པའི་བློ་སྟོབས་འཕེལ་བའི་མིག་ལྟོས་དང་ཤུགས་རྐྱེན་བཟང་པོ་ཞིག་བཞག་ཡོད།


02 2022.5.13ང་ཚོའི་གྲྭ་ཚང་ལ་བོད་ནས་ཕེབས་མཁན་གྱི་གྲྭ་པ་རྒན་པ་སྐོར་ཞིག་དང་།  རྒྱ་གར་ནང་དུ་སྐྱེས་ནས་འཚར་ལོངས་འབྱུང་བཞིན་པའི་གཞོན་པ་སྐོར་ཞིག་སྟེ་རིམ་པ་གཉིས་ཡོད། མི་ཐོག་འདི་གཉིས་བར་གྱི་འབྲེལ་མཐུད་ཡག་པོ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། རྒན་པ་ཚོས་གཞོན་པ་རྣམས་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་གྱི་ནུས་པ་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་དགོས་སྙམ་པའི་སེམས་ཤུགས་ཆེན་པོས་ད་ལྟའི་བར་དུ་དཀའ་ལས་བརྒྱབ་ཡོད་པ་རེད་ལ། མ་འོངས་པར་ཡང་སེམས་ཤུགས་ལ་དང་ལྷོད་མེད་པ་བྱས་ཏེ་མུ་མཐུད་ཤུགས་བརྒྱག་དགོས།


གྲྭ་ཕྲུག་ཆུང་བ་ཚོས་བསམ་བློ་གཏོང་ཤེས་མི་ཤེས་ཀྱི་དབང་གིས་བྱ་སྤྱོད་གང་ཅིར་སྐྱོན་ཆ་སྣ་ཚོགས་ཡོང་ངེས་པ་ཡིན་དུས། ལོ་མང་རིང་འགྲོགས་ནས་ཡོང་དུས་སྐྱོན་ཆེ་ཆུང་སྣ་ཚོགས་མཐོང་བའི་སྐབས་ལ་སེམས་ཤུགས་ཆག་པ་ལྟ་བུ་བྱས་ཏེ་ལྷོད་ཡངས་གཏན་ནས་གཏོང་མི་ཉན། ང་ལྟ་བུར་མཚོན་ན་སྔོན་མ་ཨ་ལགས་སྨོན་ལམ་དང་ཨ་ལགས་ཕ་མཐའ་སོགས་ཆུང་དུས་གསོ་སྐྱོང་བྱེད་པའི་སྐབས། ཉི་མའི་གུང་གི་ལས་ཐེབས་བཅག མཚན་ནག་གུང་གི་གཉིད་ཐེབས་བཅག་ནས་གསོ་སྐྱོང་བྱས་པ་ཡིན། ཕན་ཐོགས་དང་མ་ཐོགས་གནས་ཚུལ་ཐ་དད་ཡིན་པ་མ་གཏོགས་དཀའ་ལས་བརྒྱབ་པ་ཡིན། དེ་ནས་བཟུང་སྟེ་ད་ལྟའི་རྒན་པ་ཡོངས་རྫོགས་ལ་ཆུང་དུས་ནས་གཤིབ་སྟེ་དཀའ་ལས་བརྒྱབ་སྟེ་ད་ལྟ་ང་རྒན་ཤོས་དེར་གྱུར་པ་རེད། མི་ཞིག་གསོ་སྐྱོང་བྱ་རྒྱུ་ལས་སླ་པོ་ཞིག་གཏན་ནས་མིན་པས། ཁྱེད་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་གཞོན་པ་ཚོ་མི་ཡག་པོ་ཞིག་ཏུ་གསོ་སྐྱོང་བྱ་བར་དཀའ་ལས་བརྒྱག་དགོས། བླ་མའི་བྱིན་རླབས་སེམས་ལ་འཇུག ཅེས་གསུང་སྲོལ་ཡོད་པ་ལྟར། དགེ་རྒན་གྱི་བྱིན་རླབས་སློབ་མའི་ལུས་ངག་ཡིད་གསུམ་ལ་འཇུག་རྒྱུ་ཡོད་པ་ཞིག་བྱ་དགོས། དེ་ལྟར་མ་བྱུང་བ་ཡིན་ན་གཞོན་པ་ཚོ་གྲྭ་པ་ཡང་དག་པ་ཞིག་དང་དགེ་ཚུལ་སློང་ཡང་དག་པ་ཞིག་ཡོང་རྒྱུ་ཤིན་ཏུ་ཁག་པོ་ཡིན། དེ་འདྲ་ཡོང་བ་ལ་དགེ་རྒན་སོ་སོའི་ལུས་སེམས་ཀྱི་ཡོན་ཏན་དང་སྤྱོད་ལམ་བཟང་པོ་རྣམས་གཞོན་པ་ཚོ་ལ་བསླབས་ཏེ། གཞོན་པ་ཚོ་ཤེས་ཡོན་དང་ཀུན་སྤྱོད་གཉིས་ལྡན་ཞིག་ཡོང་བ་ལ་དམིགས་བསལ་འགན་ཁུར་བླངས་ནས་འབད་བརྩོན་བྱ་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་དུ་མི་ཐོག་གསར་རྙིང་གི་བར་ལ་འབྲེལ་མཐུད་ཡག་པོ་བྱ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།


དགེ་རྒན་རྣམས་ཀྱིས་རྒྱུན་དུ་རང་རང་གི་ཀུན་སྤྱོད་ལ་དོ་སྣང་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་སློབ་མ་ཚོར་རྒྱུན་དུ་བསླབ་བྱ་གནང་དགོས། བྱེད་རུང་བ་གང་དང་གང་ཡིན་པ་དང་། བྱེད་མི་རུང་བ་གང་དང་གང་ཡིན་པ། དེ་དག་གི་རྒྱུ་མཚན་དང་བཅས་ཞིབ་ཏུ་གསུངས་ཏེ་སློབ་མ་རྣམས་བསམ་བློ་གཏོང་ཐུབ་མཁན་དང་། སྤྱི་ལ་ཕན་པའི་བསམ་བློ་ཡོད་མཁན་ཞིག་ཏུ་གསོ་སྐྱོང་བྱ་དགོས་པ་ནི་དགེ་རྒན་ཚོའི་ལས་འགན་གཙོ་བོ་རེད། རྒྱུན་དུ་དཔེ་ཁྲིད་བྱེད་པ་དང་མཉམ་དུ་བསམ་བློའི་སློབ་གསོ་སྤྲོད་དགོས། ང་ལྟ་བུ་ཡིན་ན་ཆུང་དུས་ནས་དགེ་རྒན་རྣམས་ཀྱིས་སློབ་གསོ་ཡག་པོ་མཛད་པ་དེའི་མཐུ་ལ་བརྟེན་ནས་མི་ཚེའི་རིང་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་མཁན་ཞིག་ཏུ་གྱུར་ཐུབ་པ་རེད། ཁྱེད་ཚོ་ཡིན་ནའང་གྲྭ་ཕྲུག་ཆུང་བ་རྣམས་མི་ཚེའི་རིང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཅན་གྱི་བྱ་བ་སྒྲུབ་མཁན་ཞིག་ཡོང་བའི་བསླབ་བྱ་དང་མིག་ལྟོས་བཟང་པོ་འཇོག་དགོས།


དགེ་རྒན་འགའ་ཤས་ཀྱིས་རྒྱུན་དུ་དགེ་ཕྲུག་དང་མཉམ་དུ་སྡོད་སྐབས་འཛེམས་ཟོན་བྱ་དགོས་པའི་དཀའ་ངལ་ཆེན་པོ་འདུག་ཅེས་བཤད་ཀྱི་ཡོད་པ་གོ་བྱུང་། དགེ་རྒན་ཚོས་དགེ་ཕྲུག་རྣམས་ལ་འཛེམས་ཟོན་དགོས་པ་རེད། སྤྱིར་མི་བཟང་པོ་ཞིག་ཡིན་ན་རང་རྒྱུ་མཚན་དུ་01 2022.5.13བྱས་པའི་ཁྲེལ་ཡོད་པ་དང་། གཞན་རྒྱུ་མཚན་དུ་བྱས་པའི་ངོ་ཚ་ཡོད་པ་ཞིག་མཛད་དགོས། གྲྭ་པ་རྒན་པར་ཆགས་ཏེ་ལོ་བདུན་ཅུ་ལོན་པ་ཞིག་ཡིན་ཡང་རྒྱུན་དུ་སྐད་ཆ་ཤོད་མཁན་གྱི་དགེ་རྒན་ཞིག་དགོས་ཀྱི་ཡོད་ཅེས་པའི་གསུང་སྲོལ་ཡོད་པ་ལྟར། རྒན་པར་ཆགས་ཀྱང་བསམ་བློ་གཏོང་སྟངས་དང་ཀུན་སྤྱོད་གང་ཅིར་ཆོས་དང་མཐུན་པའི་ཡར་རྒྱས་གཏོང་དགོས་པ་མང་པོ་ལྷག་ཡོད་པ་ཡིན་དུས། དགེ་ཕྲུག་གིས་དགེ་རྒན་ལ་འཛེམས་ཟོན་བྱེད་ཀྱི་ཡོད་པ་བཞིན་དུ། དགེ་རྒན་གྱིས་དགེ་ཕྲུག་ལ་ཡང་འཛེམས་ཟོན་བྱ་དགོས་པ་འདི་གལ་ཆེན་པོ་རེད། འདི་འཚུལ་འཆོས་ཙམ་མ་ཡིན་པར་ཡ་རབས་བཟང་སྤྱོད་ཀྱི་འགྲོ་སྟངས་ཤིག་རེད། དགེ་རྒན་དང་དགེ་ཕྲུག་གཉིས་ཕན་ཚུན་གུས་ཞབས་དང་བརྩེ་བ་ཡོད་པའི་ཐོག་ནས་བསམ་བློ་དང་ཀུན་སྤྱོད་ཡར་རྒྱས་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། 


སྔོན་མ་དང་བསྡུར་ན་དེང་སང་མཐུན་རྐྱེན་གང་ལ་གང་འཚམས་ཡར་རྒྱས་ཕྱིན་ཡོད། མཐུན་རྐྱེན་ཕྲན་བུ་ཡར་རྒྱས་སུ་ཕྱིན་པ་དང་མཉམ་དུ་མི་འཕྲོ་བརླག་ཏུ་ཕྱིན་པ་ཡིན་ན་མཐུན་རྐྱེན་ཡར་རྒྱས་སུ་ཕྱིན་པས་ཕན་མ་ཐོགས་པ་རེད། དེ་ཡིན་དུས་མཐུན་རྐྱེན་ཡར་རྒྱས་སུ་ཕྱིན་པ་དེ་མི་ཡར་རྒྱས་འགྲོ་བའི་གྲོགས་སུ་འགྲོ་དགོས། གྲྭ་མང་རྣམས་སྔར་ལས་ཀྱང་ཤེས་ཡོན་དང་ཀུན་སྤྱོད་ཡག་པོ་ཡོང་ཐབས་བྱ་དགོས་པའི་འབད་བརྩོན་རྒྱུན་དུ་བྱ་དགོས་པ་ནི་གལ་ཆེན་པོ་རེད།


འདས་པའི་ལོ་གཅིག་ལྷག་རིང་ང་ཐེ་ཝན་ལ་བསྡད་པ་རེད། ཚུར་སླེབས་ནས་དུས་ཡུན་རིང་པོར་མ་འགོར་བར་རྡོ་རྗེ་གདན་ལ་ཕྱིན། འདས་པའི་ལོ་གཉིས་ཙམ་གྱི་རིང་གྲྭ་ཚང་ནང་ཕྲན་བུ་འགྱུར་བ་ཕྱིན་ཡོད་པའི་རྣམ་པ་ཞིག་མཐོང་རྒྱུ་འདུག དཔེར་ན། གྲྭ་ཚང་གི་གྲྭ་པ་རྣམས་ཕྱི་ལོགས་སུ་འགྲོ་རྒྱུ་སྔར་ལས་མང་དུ་ཕྱིན་འདུག་པ་དང་། ཟ་ཁང་དང་ཚོང་ཁང་དུ་འགྲོ་རྒྱུ་ཡང་སྔར་ལས་མང་དུ་ཕྱིན་ཡོད་པའི་མཐོང་སྣང་ཞིག་བྱུང་། དེ་བཞིན་དུ་ཕྱིའི་སྤྱི་ཚོགས་ལ་འབྲེལ་བ་ཡང་སྔར་ལས་མང་དུ་ཕྱིན་འདུག སྤྱིར་སྤྱི་ཚོགས་ལ་འབྲེལ་བ་ཡོད་དགོས་པ་གལ་ཆེན་པོ་ཡིན་འདུག་ཀྱང་། སྤྱི་ཚོགས་ཁྲོད་ཀྱི་ཤུགས་རྐྱེན་སྣ་ཚོགས་གྲྭ་ཚང་ནང་དུ་འཁྱེར་ཡོང་ན་ཕན་ཐོགས་ཡོད་པ་མ་རེད། སྤྱི་ཚོགས་ནང་ཤུགས་རྐྱེན་བཟང་ངན་འདྲ་མིན་ཡོད་དུས། གྲྭ་ཚང་ནང་དུ་གྲྭ་པའི་ཤུགས་རྐྱེན་མ་གཏོགས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྤྱི་དང་ལྷག་པར་དུ་དེང་སང་གི་ཤུགས་རྐྱེན། དཔེར་ན། སྐད་ཆ་ཤོད་སྟངས་དང་། བསམ་བློ་གཏོང་སྟངས། མི་ཕན་ཚུན་བར་འབྲེལ་བ་བྱེད་སྟངས་ཀྱི་ཤུགས་རྐྱེན་རིགས་གྲྭ་ཚང་ནང་དུ་སླེབས་ན་ཕན་ཐོགས་གང་ཡང་མེད། རྒན་པ་ཚོས་འདོད་པ་ཆུང་བ་དང་ཆོག་ཤེས་པ་བྱ་དགོས་པ་གལ་ཆེན་པོ་རེད། འདོད་པ་ཆུང་བ་དང་ཆོག་ཤེས་པ་བྱས་ན་སྒེར་པ་རང་གི་སེམས་པ་སྐྱིད་པ་ཡོང་བ་ལ་ཡང་ཕན་ཐོགས་ཀྱི་ཡོད།
ངས་སྔོན་མ་ཚར་མང་པོ་བཤད་མྱོང་བ་ལྟར། རྒྱ་གར་པས། སེན་ཏོ་ཤི་ཨ་མ། ཞེས་པའི་ཤོད་སྲོལ་ཞིག་ཡོད། སེན་ཏོ་ཤི་ཞེས་པ་ནི་ཆོག་ཤེས་ཀྱི་དོན་ཡིན། ཆོག་ཤེས་ཀྱིས་མི་ལ་ཨ་མ་ལྟ་བུའི་བདེ་སྐྱིད་སྤྲོད་ཀྱི་ཡོད་ཅེས་པའི་དོན་ཡིན། སློབ་སྦྱོང་ལ་ཆོག་ཤེས་ཡོད་མི་རུང་ཡང་རྒྱུ་ནོར་དང་དངོས་པོ་ལ་ཆོག་ཤེས་མེད་ན། ཆོག་ཤེས་མེད་མཁན་གྱི་མི་དེ་ལ་སྐྱིད་པོ་ཡོང་ཟེར་བ་ཤིན་ཏུ་ཁག་པོ་ཡིན།


ཉེ་ཆར་གངས་ཅན་སྐྱིད་གཤོངས་སོགས་སུ་ང་ཚོ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་འགའ་ཤས་ཚོགས་པ་རེད། ཚོགས་འདུ་ཚོགས་པའི་སྐབས་ང་ཚོ་དང་འབྲེལ་བ་ཡོད་པའི་བོད་ཕྱི་ནང་གཉིས་ཀ་ལ་བསྟོད་པ་གཏོང་མཁན་མང་པོ་ཞིག་ཡོང་གི་ཡོད། བསྟོད་པ་མི་ལ་གཏོང་ཆུགས་ཞེས་༸གོང་ས་མཆོག་ནས་བཀའ་གནང་གི་ཡོད་པ་ལྟར། ང་ཚོ་ལ་བསྟོད་པ་མིས་གཏོང་བའི་དུས་ཚོད་ལ་སླེབས་པ་རེད། གཞན་གྱིས་ང་ཚོ་ལ་བསྟོད་བསྔགས་བྱས་པ་དེ་ང་ཚོས་ཡག་པོར་ཉར་ཤེས་དགོས་པ་དེ་གལ་ཆེན་པོ་ཡིན་དུས། ད་ཕྱིན་ཆད་ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག འདིའི་ཐོག་རྒན་གཞོན་ཡོངས་རྫོགས་ཀྱིས་བསམ་བློ་བཏང་ནས་འགན་ཁུར་དགོས། བསྟོད་བསྔགས་འདི་དག་མི་རབས་ནས་མི་རབས་ཀྱི་བར་དུ་འཛིན་ཐུབ་པ་ཞིག་ཡོང་བ་ལ། ཆོས་དང་འཇིག་རྟེན། ཡ་རབས་སྤྱོད་བཟང་། འཆད་ཉན་སློབ་གཉེར། ནང་ཁུལ་གྱི་མཐུན་ལམ། བླ་སློབ་བར་གྱི་དད་པ་དང་དམ་ཚིག་སོགས་གང་ཅིའི་ཆ་ནས། གསེར་ས་འོག་ཏུ་ཡོད་ན་འོད་ནམ་མཁའ། ཞེས་པའི་དཔེ་ལྟར། ལོ་མང་པོའི་རྗེས་སུ་རང་བཞིན་གྱིས་ཕྱི་ལོགས་ལ་ཐོན་ཡོང་གི་ཡོད་པས། ང་ཚོས་གཟབ་གཟབ་བྱས་ནས་རྒྱུན་འཛིན་ཐུབ་པ་ཞིག་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་རྣམ་པ་ཚོ་ལ་ཞུ་འདོད་བྱུང་།


ད་ལྟ་འཛིན་གྲྭ་གཉིས་ཀྱིས་མཛོད་དང་འདུལ་བ་འཛིན་གྲྭ་ཐོན་ཡོད་པ་རེད། མཛོད་ཐོན་པ་དགེ་བཤེས་རྒྱུགས་སྤྲོད་ལ་འགྲོ་བཞིན་པ་དང་འགྲོ་འཆར་ཅན་གཉིས་ཡོད། དགེ་བཤེས་རྒྱུགས་སྤྲོད་ལ་དང་པོ་འགྲོ་བའི་སྐབས་ང་ཚོར་དཀའ་ངལ་ཕྲན་བུ་ཞིག་བྱུང་བ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ངས་དགེ་བཤེས་རྒྱུགས་སྤྲོད་ཀྱི་འཆར་གཞི་རྣམ་པ་ཚོའི་མདུན་ལ་བཞག་མ་ཐུབ་པའི་དབང་གིས་རེད། དགེ་བཤེས་རྒྱུགས་སྤྲོད་ཀྱི་འཆར་གཞི་མདུན་ལ་བཞག་མ་ཐུབ་པའི་བར་དེར་ག་རེ་བྱེད་དགོས་མིན་གྱི་བསམ་ཚུལ་མ་མཐུན་པ་ལྟ་བུའི་དཀའ་ངལ་ཕྲན་བུ་ཞིག་བྱུང་བ་རེད། ཡིན་ནའང་དེང་སང་དགེ་བཤེས་རྒྱུགས་སྤྲོད་ཀྱི་ལམ་ཁ་ལ་འགྲོ་བཞིན་པ་ཡིན་དུས། མ་འོངས་པར་ང་ཚོའི་གྲྭ་ཚང་འདི་ནས་མདོ་སྔགས་གཉིས་ཀའི་སློབ་སྦྱོང་ཚད་ལྡན་ཐོན་པ་ཞིག་བྱུང་ན་བསྟན་པ་སྤྱིའི་རྒྱན་རེད་ལ། ཀིརྟི་ཚང་གི་རྒྱན་རེད། ཀིརྟིའི་བྱེས་པ་གྲྭ་ཚང་གི་རྒྱན་དང་གཟི་བརྗིད་རེད། སྤྱིར་རྒྱ་གར་ནང་དགོན་སྡེ་ཤིན་ཏུ་མང་པོ་ཡོད་ཀྱང་གདན་ས་ཆེ་ཁག་གི་རིགས་མ་གཏོགས་མདོ་སྔགས་གཉིས་ཀའི་སློབ་སྦྱོང་ཡོངས་སུ་རྫོགས་པ་ས་གནས་གཅིག་གི་ཐོག་ནས་ཐོན་མཁན་ཤིན་ཏུ་དཀོན་པོ་རེད།


ད་ལྟ་དགེ་བཤེས་རྒྱུགས་སྤྲོད་ལ་འགྲོ་བཞིན་པ་ཚོས་ཧུར་ཐག་འབད་ཐག་བྱས་ཏེ་དགེ་བཤེས་རྒྱུགས་སྤྲོད་ཡང་དག་པ་དང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། རྣམ་པ་ཚོས་དགེ་བཤེས་མགྱོགས་པོར་ཐོན་པར་བྱས་ནས་འགྲོ་རྒྱུ་ལ་བྲེལ་བ་གང་ཡང་ཡོད་པ་མ་རེད། ཁྱེད་ཚོའི་མི་ཚེ་ད་དུང་རིང་པོ་ཡོད་པ་རེད། དགེ་བཤེས་རྒྱུགས་སྤྲོད་ལ་འགྲོ་མཁན་ཚོས་དེ་སྔ་གཞུང་དཀའ་པོད་ལྔའི་སློབ་སྦྱོང་གི་མ་རྩ་ཡོད་པའི་ཐོག་ནས་བསྐྱར་སྦྱོང་བྱེད་ཀྱི་ཡོད་དུས། དགེ་བཤེས་རྒྱུགས་སྤྲོད་ཀྱི་ལོ་གསུམ་གྱི་རིང་ལ་དཔེ་ཆ་ཡར་རྒྱས་ཆེན་པོ་འགྲོ་ཐུབ་རྒྱུ་ཡིན་པར་ཐེ་ཚོམ་མེད་པ་ལྟ་བུ་ཡིན། རྒྱུགས་འཕྲོད་ཙམ་ལས་སློབ་སྦྱོང་ལ་གཏིང་ཟབ་མོའི་འབད་བརྩོན་མི་བྱེད་པར་འཆམ་བསྡད་ན་ཕན་ཐོགས་གང་ཡང་མེད། དེ་བཞིན་དུ་དགེ་རྒན་དང་རྒྱུགས་ལེན་མཁན་ཚོའི་ངོས་ནས་ཡིན་ནའང་ཉི་མ་འཁྱོལ་ཐབས་ཙམ་མ་ཡིན་པར། དགེ་བཤེས་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱ་དགོས། རྩོད་རྒྱུགས་ལྟ་བུ་ཡིན་ནའང་སློབ་གཉེར་པ་ཡོངས་རྫོགས་ཀྱིས་མཐོང་ས་ནས་རྩོད་རྒྱུགས་བླངས་པ་ཡིན་ན། སློབ་གཉེར་པ་གཞོན་པ་ཚོས་དགེ་བཤེས་རྒྱུགས་སྤྲོད་ལ་འགྲོ་མཁན་ཚོས་རྟགས་གསལ་འདི་འདྲ་ཡག་པོ་གཏོང་གི་འདུག་སྙམ་པའི་བློ་སྐྱེད་དང་མིག་དཔེ་ལྟ་འོས་པ་ཞིག་ཡོང་གི་རེད། དགེ་བཤེས་རྒྱུགས་སྤྲོད་ལ་འགྲོ་མཁན་ཚོས་དཀའ་ལས་བརྒྱབ་པ་ཡིན་ན་དཀའ་ལས་བརྒྱབ་པའི་གོ་ཆོད་པ་རེད། རང་གི་ངོས་ནས་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱས་ནས་ཚུལ་དང་མཐུན་པའི་ཐོག་ནས་རྒྱུགས་མ་འཕྲོད་ནའང་ངོ་ཚ་དགོས་པ་དང་བློ་ཞུམ་དགོས་པ་གང་ཡང་མེད། དེ་ཡང་སོ་སོའི་རྒྱན་རེད་ཅེས་བཤད་ཀྱང་འགྲིག


མ་ཧཱ་ཏཱ་མ་གྷན་ངྷིས་སྔོན་མ་འཛིན་གྲྭ་བརྒྱད་པར་འགྲོ་བའི་སྐབས་ཡིག་རྒྱུགས་ཀྱི་དྲིས་ལན་འབྲི་བའི་དུས་སུ། ཁོང་གི་འཁྲིས་སུ་དགེ་རྒན་ཞིག་ཡོང་ནས་ཁྱེད་ཀྱི་དྲི་བའི་ལན་དེ་ནོར་འདུག འདི་འདྲ་འབྲི་དགོས་རེད་ཅེས་བཤད་འདུག་ཀྱང་། ཁོང་གིས་དགེ་རྒན་དེས་གང་བཤད་པ་ལ་མ་ཉན་པར་རང་གིས་གང་ཤེས་པ་དེ་བྲིས་པ་ཡིན་དུས་ལོ་དེར་རྒྱུགས་འཕྲོད་མེད་ཀྱང། རྒྱུགས་མ་འཕྲོད་པ་དེ་ཁོང་གི་རྒྱན་དང་གཟི་བརྗིད་ལ་གྱུར་ཡོད། སློབ་སྦྱོང་ལ་ཧུར་ཐག་འབད་ཐག་བྱས་ནས་རྒྱུགས་མ་འཕྲོད་ནའང་སྐྱོན་ཡོད་པ་མ་རེད། གཙོ་བོ་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།
ང་ད་ལོ་ལོ་བརྒྱད་ཅུ་གྱ་གཅིག་ལ་སླེབས་ཟིན་པ་རེད། སྤྱིར་བཏང་ལོ་བརྒྱད་ཅུར་སླེབས་པ་ནས་བགྲེས་ཡོལ་གཙང་མ་ཞིག་བྱ་དགོས་བསམ་པ་སྔོན་མ་ནས་ཡོད། འོན་ཀྱང་དེང་སང་གཟུགས་པོ་བདེ་ཐག་ཆོད་འདུག་ལ། ཁ་སང་གྲྭ་ཚང་གི་ལས་སྣེའི་ངོས་ནས་གྲྭ་མང་ལ་བསླབ་བྱ་རྒྱག་རོགས་བྱོས་ཟེར་བའི་སྙན་ཞུ་ཞིག་ཀྱང་འབྱོར་སོང་། དེ་རིང་ངའི་སེམས་ཤུགས་འཕར་བའི་ཐོག་ནས་རྣམ་པ་ཚོ་ལ་བསླབ་བྱའི་ཚུལ་དུ་ཚིག་འགའ་ཤས་ཤིག་བཤད་ཐུབ་ན་ཡག་པོ་འདུག་བསམས་བྱུང་།


གྲྭ་ཚང་གིས་བཅའ་ཡིག་ལག་བསྟར་བྱེད་པའི་སྐབས་བཅའ་ཡིག་གི་དགོངས་དོན་ཇི་བཞིན་འགྲོ་ཨེ་ཐུབ་ལྟ་དགོས་པ་མ་གཏོགས། བཅའ་ཡིག་ཟུར་རྒྱན་མང་པོ་ཞིག་དང་གྲོས་ཆོད་མང་པོ་ཞིག་བཞག་བསྡད་ན་བཅའ་ཡིག་རང་བཞིན་གྱིས་ལས་སླ་རུ་ཕྱིན་ཏེ། མཚམས་ཤིག་ནས་བཅའ་ཡིག་ལ་མཛུབ་མོ་འཛུགས་ས་མེད་པ་ལྟ་བུར་ཆགས་རྒྱུའི་ཉེན་ཁ་ཡོད། དཔེར་ན། བཅའ་ཡིག་ནང་དུ་བཅུ་ཐམ་པ་བཤད་ཡོད་ན་ཟུར་རྒྱན་གྱི་ནང་དུ་གཅིག་མ་གཏོགས་བྱེད་མ་དགོས་པ་ལྟ་བུར་ཆགས་པའི་ཉེན་ཁ་འདུག གཙོ་བོ་བཅའ་ཡིག་གི་ནང་དོན་ཇི་བཞིན་ལག་ལེན་ལ་འཁེལ་ཨེ་ཐུབ་མི་ཐུབ་ལྟ་དགོས་པ་དང། གལ་སྲིད་བཅའ་ཡིག་གི་དོན་ཚན་བྱེེ་བྲག་པ་ཞིག་ལག་ལེན་དུ་འཁེལ་ཐུབ་ཐབས་གཏན་ནས་མེད་པ་ཞིག་ཡིན་ན་གཞི་ནས་བཅའ་ཡིག་ཟུར་རྒྱན་འཇོག་དགོས་པ་མ་གཏོགས། ལས་ཀ་ཆུང་ཆུང་ཞིག་སྟབས་བདེ་བ་དང་ལས་བདེ་བའི་དོན་དུ་ཟུར་རྒྱན་དང་གྲོས་ཆོད་རེ་བཞག་སྟེ་བཅའ་ཡིག་ལས་སླ་རུ་བཏང་བ་ཡིན་ན་བཅའ་ཡིག་གི་ནུས་པ་རང་བཞིན་ཉམས་འགྲོ་ཡི་རེད། གུང་ཐང་བསྟན་པའི་སྒྲོན་མེས། མི་རུང་མི་རུང་ཟེར་ན་རུང་བ་དོན་སྟེང་ནས་མི་འཛུར། །ཅི་སྐྱོན་ཅི་སྐྱོན་ཟེར་ན་འདི་སྐྱོན་དམྱལ་བ་ནས་བསྟན་ཡོང་། །ཞེས་གསུངས་པ་ལྟར། མི་འགྲིག་པའི་ཕྱོགས་ལ་གུ་ཡངས་པོ་མ་བྱས་པར་དོག་མཐའ་ནས་འཛིན་ཐུབ་ན་འགྲིག་ལམ་མ་ཉམས་པར་གནས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་དང་། འདི་ཡང་མི་སྐྱོན། འདི་ཡང་མི་སྐྱོན་ཟེར་ནས་འགྲིག་ལམ་ཡོངས་རྫོགས་ལ་གུ་ཡངས་པོ་ལྟ་བུ་བྱས་ཏེ་བཟོ་བཅོས་བཏང་བ་ཡིན་ན། མཚམས་ཤིག་ནས་འགྲིག་ལམ་གནས་མ་ཐུབ་པའི་དཀའ་ངལ་ཡོང་གི་ཡོད།


ང་ཚོའི་གྲྭ་ཚང་འདི་གཙོ་བོ་འཆད་ཉན་སློབ་གཉེར་གནང་མཁན་གྱི་གྲྭ་ཚང་ཞིག་ཡིན། གྲྭ་ཚང་འདིའི་ནང་དུ་བསྡད་ཕྱིན་ཆད་ལོ་ཆུང་དུས་ནས་བཟུང་ངེས་པར་དུ་འཆད་ཉན་སློབ་གཉེར་གྱི་ཐོག་ལ་ཤུགས་བརྒྱག་དགོས། སློབ་གཉེར་གྱི་འཛིན་གྲྭ་ཡོངས་རྫོགས་ཐོན་ཟིན་པའི་རྗེས་སུ་དམིགས་བསལ་གྱིས་སྒྲུབ་པ་ཉམས་ལེན་ལ་འབད་བརྩོན་བྱེད་ཐུབ་ན་ཡག་པོ་རེད། དེ་མིན་ནའང་འཆད་ཉན་སློབ་གཉེར་གང་བྱས་པ་དེ་སྒྲུབ་པ་ཉམས་ལེན་གྱི་གཙོ་བོ་ཡིན་དགོས། དཔེ་ཆ་ཁྲིད་མཁན་ཚོ་ཡིན་ན་ཁྲིད་གཞུང་དེ་དག་ཚིག་སྐམ་པོ་ཙམ་མ་ཡིན་པར་ཉམས་ལེན་དང་སྦྱར་ནས་ཁྲིད་ཐུབ་པ་བྱ་དགོས་པ་ནི་གལ་ཆེན་པོ་རེད། ཕར་ཕྱིན་ལམ་སྒྲིག་དང་ཚད་མའི་ལམ་སྒྲིག་ཅེས་ཤོད་སྲོལ་ཡོད་པ་ལྟར། དཔེ་ཆ་ཡོངས་རྫོགས་ལམ་གྱི་ཉམས་ལེན་ལ་སྦྱར་ནས་ཁྲིད་ཐུབ་པ་ཞིག་བྱ་དགོས། དེང་སང་གདན་ས་ཁག་ཏུ་དགེ་བཤེས་མང་པོ་ཞིག་དགོངས་པ་རྫོགས་པའི་སྐབས་ཐུགས་དམ་ལ་བཞུགས་ཀྱི་ཡོད། ཁོང་རྣམ་པས་ཁ་འདོན་དགེ་སྦྱོར་བྱེད་ཀྱི་ཡིན་གསུངས་ནས་མཚམས་ཁང་ནང་དུ་བཞུགས་ཡོད་པ་མ་རེད། རང་གིས་དཔེ་གཟིགས་གནང། གཞན་ལ་དཔེ་ཁྲིད་གནང་བ་དང་མཉམ་དུ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་གནང་གི་ཡོད་དུས་རྒྱུད་ལ་རྟོགས་པ་བརྙེས་ཀྱི་ཡོད་པ་རེད། དེ་ཡིན་དུས་སློབ་གཉེར་པ་རྣམས་ཀྱིས་རྒྱུན་དུ་འཆད་ཉན་གྱི་ཐོག་ལ་འབད་བརྩོན་བྱ་དགོས་པ་དེ་གལ་ཆེན་པོ་རེད།


ཞོགས་པའི་ཞལ་འདོན་བསྡུས་བསྡུས་ཤིག་ཡོད་པ་དེའི་ནང་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་གནད་ཡོངས་རྫོགས་ཚང་ཡོད། ཉམས་ལེན་བྱེད་ཐུབ་དང་མི་ཐུབ་སོ་སོ་ལ་རག་ལས་པ་མ་གཏོགས། དཔེ་ཆ་ཆུང་ཆུང་དེའི་ནང་དུ་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ཚང་ཡོད།  ཞོགས་པའི་ཞལ་འདོན་དེ་ཁྲལ་ཆོས་ལྟ་བུ་མ་ཡིན་པར་ཉམས་ལེན་བྱས་ན་ཉམས་ལེན་གྱི་གནད་ཡོངས་རྫོགས་དེའི་ནང་དུ་འདུས་ཡོད།


རྗེ་རིན་པོ་ཆེས་སྐྱོར་མོ་ལུང་གི་འདུ་ཁང་ནང་དུ་ཚོགས་ཚོགས་པའི་སྐབས། སྟོང་ཉིད་བསྒོམས་ནས་ཚོགས་གྲོལ་བ་མ་མཁྱེན་པའི་ལོ་རྒྱུས་ཤོད་རྒྱུ་ཡོད། རྗེ་རིན་པོ་ཆེ་བཞུགས་སའི་ཀ་བ་དེའི་མིང་ལ་ཏིང་འཛིན་ཀ་བ་ཞེས་པའི་མིང་ཐོགས་ཡོད། རྗེ་རིན་པོ་ཆེས་སྒོམ་བསྐྱོན་པའི་སྐབས་སུ་ཡང་ཚོགས་ཀྱི་འདོན་པ་གང་ཡིན་པ་དེའི་ནང་དོན་དང་འབྲེལ་ནས་སྟོང་ཉིད་སྒོམ་གྱི་ཡོད་པ་རེད། ཞོགས་པའི་འདོན་པ་ཉུང་ཉུང་ཞིག་མ་གཏོགས་མེད་ནའང་དེའི་སྟེང་ནས་ཉམས་ལེན་བྱས་ཏེ་སྒོམ་བརྒྱབ་ན་ཉམས་ལེན་གྱི་རིམ་པ་ཆ་ཚང་བ་ཞིག་ཡོད། ཁྱེད་ཚོ་སུ་ཡིན་ནའང་མི་ཚེ་འཆད་ཉན་སློབ་གཉེར་གྱི་ཐོག་ལ་གཏོང་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེས་གུང་སེང་གི་སྐབས་ལ་ཕྱག་དཔེ་གཟིགས་ཀྱི་ཡོད་གསུང་གི་ཡོད། ཁྱེད་ཚོ་ཡིན་ནའང་དེ་རིང་གུང་སེང་རེད་ཅེས་(coffeeshop)ཚིག་ཇ་ཁང་ལ་འགྲོ་ཟེར་བ་ལྟ་བུ་མ་ཡིན་པར། དཔེ་ཆ་ལྟ་ཡི་ཡིན་སྙམ་པའི་དོན་གཉེར་དང་འབད་བརྩོན་ཞིག་ཡོད་དགོས་པ་རེད།


གནའ་སྔ་མོ་བོད་ཀྱི་འབྲས་སྤུངས་ལ་ཆ་བཞག་ན། འབྲས་སྤུངས་གླིང་ལ་དྲིལ་བུ་དང་ཌ་མ་རུ་དཀྲོལ་དགོས་ན་ཚོགས་ཆེན་ཞལ་ངོ་དང་དགེ་སྐོས་ལ་དགོངས་པ་ཞུས་ན་མ་གཏོགས་རང་བསམ་གྱིས་ཌ་མ་རུ་དང་དྲིལ་བུ་དཀྲོལ་ཆོག་གི་མ་རེད། རྒན་པ་ཚོས་གསུང་སྲོལ་བྱས་ན་དེའི་གོང་ལ་གྲྭ་ཤག་ནང་དུ་ཡོན་ཆབ་འབུལ་ཆོག་གི་མ་རེད་ཅེས་པའི་གསུང་སྲོལ་ཞིག་ཀྱང་ཡོད། འཆད་ཉན་སློབ་གཉེར་གཙོ་བོ་ཡིན་པ་མ་གཏོགས་ཚོགས་བསགས་སྒྲིབ་སྦྱོང་གི་བྱ་བ་དེ་རིགས་གཙོ་བོ་བྱེད་ཆོག་གི་ཡོད་པ་མ་རེད། ཁ་འདོན་སྒྲིབ་སྦྱོང་བྱེད་ཀྱི་ཡོད་ཟེར་ནས་ཕྲེང་བའི་ཐོག་ལ་འཛབ་མང་པོ་བརྒྱབ་ནས་འགྲོ་བ་དེ་གཙོ་བོ་མ་རེད།


གྲྭ་ཚང་གི་ལས་སྣེ་དང་ལས་བྱེད་པ་ཚོས་གྲྭ་ཚང་གི་དོན་དུ་ལྷག་བསམ་རྣམ་དག་གིས་ལས་ཀ་བྱེད་ཀྱི་ཡོད་ནའང་། མཚམས་རེར་ལས་ཀ་བྱེད་སྟངས་དེ་དེང་སང་གི་ཆབ་སྲིད་པ་ཚོའི་ལས་ཀ་བྱེད་སྟངས་ལྟར། ལས་ཀ་བྱེད་སྟངས་ལ་སྲིད་བྱུས་ཤིག་བསྲེས་ནས་ལས་ཀ་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་འདུག དེ་འདྲ་གཏན་ནས་བྱ་རྒྱུ་ཡོད་པ་མ་རེད། དཔེར་ན། ཁྱེད་ཀྱིས་ངའི་སྐད་ཆ་ལ་རྒྱབ་སྐྱོར་བྱས་ན་ངས་ཁྱེད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་བ་ལྟ་བུའི་དེང་སང་གི་སྲིད་བྱུས་དེ་ལས་ཀའི་ནང་གཏན་ནས་འཁྱེར་ཡོང་རྒྱུ་ཡོད་པ་མ་རེད། ལས་ཀ་ག་རེ་བྱས་པ་ཡིན་ནའང་ལྷག་བསམ་རྣམ་དག་གིས་བྱེད་དགོས་ཀྱི་འདུག ག་རེ་བྱས་ན་ཕན་ཐོགས་ཀྱི་ཡོད་མེད་ལ་བསམ་བློ་བཏང་ནས་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་འདུག དེང་སང་གི་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཚོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་རེས་བྱས་ནས་འགྲོ་ཡི་ཡོད་པ་རེད། འདི་འདྲ་བྱས་ན་ལས་ཀ་དྲང་མོ་ཡོང་ཟེར་བ་ཤིན་ཏུ་དཀའ་ལས་ཁག་པོ་རེད། གྲྭ་ཚང་གི་ལས་ཀ་བྱེད་མཁན་སུ་ཞིག་ཡིན་ནའང་དེང་སང་གི་སྲིད་བྱུས་ཀྱི་ལས་ཀ་བྱེད་སྟངས་དེའི་ཐོག་ནས་ལས་ཀ་བྱས་ན་ཡག་པོ་ཡོད་པ་མ་རེད་ལ། ལས་ཀ་བྱེད་སྟངས་དེ་ང་ཚོ་ལ་འགོས་ན་རིམ་གྱིས་ནང་ཁུལ་ལ་ཕྱོགས་གཏོགས་ཆགས་རྒྱུའི་ཉེན་ཁ་ཡོད་དུས་ཡག་པོ་གཏན་ནས་ཡོད་པ་མ་རེད་ཅེས་ཞུ་འདོད་བྱུང་།


གྲྭ་ཚང་ལ་ཆ་བཞག་ན་ཐེངས་དང་པོའི་སྐབས་གྲྭ་པ་མང་པོ་ཞིག་གྲྭ་ཚང་ནང་དུ་འདུག་འདོད་བྱེད་ཀྱི་མེད་དུས། གྲྭ་ཚང་ནང་དུ་སློབ་སྦྱོང་དང་མི་ཚེའི་མདུན་ལམ་མི་འདུག་ཟེར་བ་ལ་ཁ་གཡར་ནས་ཕྱི་ལོགས་ལ་འགྲོ་ཡི་ཡོད། རྗེས་སུ་གྲྭ་ཚང་ནང་དུ་རིག་གནས་ཀྱི་སློབ་སྦྱོང་ཤིན་ཏུ་ཡག་པོར་ཆགས་པའི་སྐབས། རིགས་ཤིག་གིས་གྲྭ་ཚང་ནང་དུ་དཔེ་ཆ་ལྟ་རྒྱུ་མི་འདུག་ཟེར་བ་ལ་ཁ་གཡར་ནས་ཕྱི་ལོགས་ལ་འགྲོ་ཡི་ཡོད། དེང་སང་གྲྭ་ཚང་ལ་གཞུང་ཆེན་དཀའ་པོད་ལྔའི་སློབ་གཉེར་ཆ་ཚང་ཚུགས་ཡོད་ཀྱང་ཁ་གཞན་དག་ཅིག་ལ་ཁ་གཡར་ནས་འབྲེལ་ཡོད་བོད་ནས་ཡོང་མཁན་ཚོ་གྲྭ་ཚང་ནང་དུ་མི་ཡོང་བ་དང་། གྲྭ་ཚང་ནང་དུ་ཡོད་པ་འགའ་ཤས་ཕྱི་ལོགས་ལ་ཐོན་འགྲོ་མཁན་སྔ་ཕྱི་བྱས་ནས་ཡོང་གི་ཡོད། འདི་ལ་ཕྱི་ནང་གཉིས་ཀ་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་པ་གསལ་པོ་རེད། ཕ་ཡུལ་ནས་ཡོང་མཁན་ཚོ་གྲྭ་ཚང་ནང་དུ་ཡོང་འདོད་མེད་པ་རྐྱང་པ་ཞིག་མ་རེད། ཁོ་ཚོ་བལ་ཡུལ་གྱི་ས་མཚམས་སུ་སླེབས་པ་ནས་ཁ་པར་བཏང་སྟེ་གྲྭ་ཚང་ནང་དུ་ཡོང་རྒྱུ་ལས་གདན་ས་ཞིག་ལ་འགྲོ་ན་ལེགས་ཟེར་ནས་ངན་ལབ་སྣ་ཚོགས་བརྒྱག་མཁན་ཞིག་ཡོང་གི་འདུག འདི་ལ་ང་ཚོ་ཡོངས་རྫོགས་ཀྱིས་དོ་སྣང་བྱེད་དགོས་ཀྱི་འདུག


རྒྱ་གར་ནང་གི་གྲྭ་རྒྱུན་གསར་པ་ཚོའི་གྲས་ནས་དགའ་དར་ལེན་མཁན་མང་པོ་འདུག རྒྱ་གར་ནང་གི་གྲྭ་རྒྱུན་རྒན་པ་ཁྱེད་ཚོ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད། བོད་ནས་ཡོང་མཁན་གྱི་གྲྭ་རྒྱུན་རྒན་པ་ཚོའི་ལས་འགན་མ་འོངས་པར་ཁྱེད་ཚོས་འཕྲོ་མཐུད་ནས་རྒྱུན་འཛིན་བྱ་དགོས། ཁྱེད་ཚོས་ནང་ཚགས་བྱས་ཏེ་གྲྭ་པ་གཞོན་པ་ཚོ་ལ་འགྲོ་སྟངས་འདུག་སྟངས་དང་། བྱ་བ་སྤྱོད་ལམ། མཐའ་ན་གཞོན་པ་ཚོར་བོད་སྐད་བཤད་དགོས་པ་གལ་ཆེན་པོ་ཡིན་ལུགས་བཅས་ཀྱི་བསླབ་བྱ་བརྒྱབ་དགོས་ཀྱི་འདུ


བོད་སྐད་གཙང་མ་བཤད་ཤེས་པའི་དོན་དུ་ནང་ཁུལ་གྱི་ཁྲིམས་ལྟ་བུ་ཞིག་ཀྱང་བཟོ་དགོས། སྔོན་མ་ང་དགེ་རྒན་འོས་སྦྱོང་ལ་ཡོད་པའི་སྐབས་སྐད་འདྲེས་མ་མི་བཤད་པའི་དོན་དུ་ནང་ཁུལ་ལ་ཁྲིམས་ལྟ་བུ་བཟོ་མྱོང་བ་རེད། སྐབས་དེར་ཆུ་ཁུར་ཤོག་ཟེར་བ་ལ་ཆུ་ཝ་ཀྲོར་པཱ་ནིས་ཁུར་ཤོག་ཟེར་ནས་སྐད་མང་པོ་ཞིག་བསྲེས་ནས་ཆེད་མངགས་ཤོད་ཀྱི་ཡོད།


ཁྱེད་ཚོས་བོད་སྐད་སྦྱོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁྱེད་ཚོའི་ཕ་མེས་ཚོའི་སྐབས་ནས་དད་པ་ཞུས་སའི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཡག་པོ་ཞིག་ཤེས་པའི་དོན་དུ་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་དང་ཤེས་དགོས་པ་གལ་ཆེན་པོ་རེད། ཁྱེད་ཚོའི་ཕ་མེས་ཚོའི་སྐབས་ནས་ཡོད་པའི་ནང་པའི་ཆོས་ལུགས་དེ་བོད་ཀྱི་ནང་ཆོས་རེད། བོད་བརྒྱུད་ཀྱི་ནང་པའི་ཆོས་ལུགས་ཡག་པོ་ཞིག་ཤེས་པ་ལ་བོད་ཀྱི་སྐད་དང་ཡི་གེ་མ་ཤེས་ཐབས་མེད་པ་ནི་ཁྱེད་ཚོ་རྒན་པ་རྣམས་ཀྱིས་གསལ་པོ་ཤེས་ཀྱི་ཡོད་པ་རེད། རྒྱ་གར་ནང་གི་གྲྭ་རྒྱུན་རྒན་པ་ཚོས་འགན་ཁུར་ནས་གཞོན་པ་ཚོ་བོད་སྐད་ཡག་པོ་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།


རྒྱ་གར་ནང་གི་གྲྭ་རྒྱུན་ཚོར་ཨམ་སྐད་དང་བོད་ཡིག་བསླབ་ན་ཕན་ཐོགས་ཡོད་པ་མ་རེད། དེ་ལས་རྒྱལ་སྤྱིའི་ཐོག་རྒྱུག་ཆེ་བའི་དབྱིན་ཇིའི་སྐད་ཡིག་བསླབ་དགོས་པ་རེད་ཅེས་ཤོད་མཁན་རིགས་ཤིག་ཡོང་གི་འདུག།འདི་རིགས་ཀྱི་བསམ་བློ་ནི་རྒྱ་ཆེ་མདོག་གིས་བྱབ་ཆུང་བྱས་པ་ཞིག་རེད་བསམ་གྱི་འདུག ང་ཚོའི་ལས་འགན་གཙོ་བོ་ནི་དགོན་པའི་ནང་དུ་བསྡད་ནས་ནང་པའི་ཆོས་ལུགས་ལ་སློབ་སྦྱོང་ཡག་པོ་བྱེད་མཁན་གྱི་གྲྭ་པ་གསོ་སྐྱོང་བྱ་དགོས་པ་མ་གཏོགས། སྤྱི་ཚོགས་ནང་གི་ཤེས་ཡོན་པ་སྤྱིར་བཏང་བ་ཞིག་གསོ་སྐྱོང་བྱ་དགོས་པ་དེ་ང་ཚོའི་ལས་འགན་མ་རེད། ང་ཚོ་ལ་སྤྱིར་བཏང་གི་མི་་ཞིག་གསོ་སྐྱོང་བྱ་དགོས་པའི་འགན་ཡོད་ན་ང་ཚོས་སློབ་གྲྭ་ཞིག་བཙུགས་ན་ཡག་ཤོས་རེད། ཡིན་འང་སྤྱིར་བཏང་བའི་ཤེས་ཡོན་པའི་མི་ཞིག་གསོ་སྐྱོང་བྱ་དགོས་པ་ང་ཚོའི་ལས་འགན་གཙོ་བོ་མ་རེད།


རྡོ་རྗེ་གླིང་ལ་སན་རྗོ་སི་ཞེས་པའི་སློབ་གྲྭ་ཆེན་མོ་ཞིག་ཡོད། སློབ་གྲྭ་དེའི་རྒྱ་རྭའི་ནང་དུ་འཛུལ་ཚར་བའི་རྗེས་དབྱིན་ཇིའི་སྐད་རྐྱང་པ་མ་གཏོགས་རྒྱ་གར་གྱི་སྐད་དང་བལ་ཡུལ་གྱི་སྐད་བརྒྱབ་མི་ཆོག་པའི་ཁྲིམས་བཟོས་ཡོད། དེ་བཞིན་དུ་ང་ཚོའི་དགོན་པའི་ལྕགས་རིའི་ནང་དུ་བོད་སྐད་རྐྱང་པ་མ་གཏོགས་སྐད་གཞན་དག་བརྒྱབ་མི་ཆོག་པའི་ཁྲིམས་ཤིག་བཟོ་ཐུབ་ན་ཕན་ཐོགས་ཡོད་པ་རེད་བསམས། བལ་ཡུལ་གྱི་སྐད་བརྒྱབ་རྒྱུར་བཀག་འགོག་གཏན་ནས་མ་བྱས་ན་གྲྭ་པ་གཞོན་པ་ཚོ་བོད་སྐད་གཙང་མ་དང་དག་པོ་ཞིག་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། ང་ཚོས་གྲྭ་རྒྱུན་ལེན་པའི་སྐབས་ལོ་ཆུང་ཆུང་ཤ་སྟག་ཁྲིད་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་སྐད་དང་ཡི་གེ་གཙང་མ་དང་དག་པོ་སློབ་ཐུབ་པའི་ཆེད་དུ་ཡིན། གྲྭ་པ་གཞོན་པ་ཚོ་ལ་བོད་ཀྱི་སྐད་དང་ཡི་གེའི་མ་རྩ་བརྟན་པོ་ཞོག་ཐབས་བྱ་དགོས་པ་ནི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།


ཏོག་དབྱིབས་ནད་ཡམས་ཀྱིས་ཁྱབ་པའི་དུས་ཡུན་འདིའི་རིང་ང་ཚོ་ལ་འཐུས་ཤོར་དང་གྱོང་གུད་འགའ་ཤས་བྱུང་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག མང་པོ་བཤད་མ་དགོས་པར་གྲྭ་རྒྱུན་བསྡུ་རྒྱུ་རྐྱང་པར་མཚོན་ན་ཡང་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་རྣམ་པ་ཞིག་འདུག།གྲྭ་རྒྱུན་སྔོན་མ་དང་བསྡུར་ན་ཉུང་དུ་ཕྱིན་འདུག ང་ཚོས་གྲྭ་རྒྱུན་གང་མང་མང་བསྡུ་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་དུ་ད་ལོ་ང་ཚོས་གྲྭ་རྒྱུན་ཆུང་བ་གང་མང་ཞིག་བསྡུ་ཐུབ་པར་ཤུགས་བརྒྱག་དགོས་ཀྱི་འདུག


ལོ་ཆུང་བ་ཚོ་ལ་ང་ཚོའི་སློབ་དེབ་སློབ་ཚན་དུ་བཞག་ནས་ཁྲིད་ཀྱི་ཡོད་པ་མ་གཏོགས། དེ་ལས་འཛིན་གྲྭ་རྒན་པ་ཚོ་ལ་སློབ་དེབ་ཀྱི་ནང་དོན་ཁོ་ཚོའི་སྐད་ཡིག་གི་གནས་ཚད་དང་འཚམས་པོ་མི་འདུག་ཟེར་ནས་སློབ་དེབ་ཆ་ཚང་བ་ཞིག་སློབ་ཚན་དུ་འཇོག་གི་མེད་ཚོད་འདུག ང་ཚོའི་ནང་ནས་སློབ་དེབ་སློབ་མའི་སྐད་ཡིག་གི་གནས་ཚད་དང་འཚམས་པོ་མི་འདུག་ཟེར་ནས་བཤད་ན། ཕྱི་ལོགས་ནས་བསམ་ཚུལ་དེ་འདྲ་ཡོང་རྒྱུ་ཡིན་པ་གསལ་པོ་རེད། དངོས་གནས་སྐད་ཡིག་གི་གནས་ཚད་ཀྱིས་འདང་གི་མི་འདུག་ན། གཞོན་པ་ཚོའི་སྔོན་འགྲོའི་སློབ་སྦྱོང་གི་དུས་ཡུན་རིང་དུ་བཏང་ནས་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞོག་ཐབས་བྱ་དགོས་པ་རེད། སློབ་དེབ་ཀྱི་ནང་དོན་སློབ་ཁྲིད་བྱ་རྒྱུར་སྐད་ཡིག་གི་གནས་ཚད་ཀྱིས་འདང་གི་མེད་བཞིན་དུ་མཚན་ཉིད་ཀྱི་གཞུང་གི་སློབ་ཁྲིད་བྱས་ན་དེ་བས་ཀྱང་མགོ་འཚོས་རྒྱུ་ཁག་པོ་ཡིན་པ་གསལ་པོ་རེད། དབྱིན་ཇི་པ་ཚོ་ལ་ནང་ཆོས་བསླབ་པ་ལྟ་བུ་མ་ཡིན་པར་བོད་པ་ཞིག་ལ་ནང་ཆོས་བསླབ་པ་ལྟ་བུ་ཞིག་ཡོང་ཐབས་བྱ་དགོས། དེ་ལ་བོད་ཀྱི་སྐད་དང་ཡི་གེའི་རྨང་གཞི་བརྟན་པོ་དགོས་ཀྱི་ཡོད་པ་ཡིན་དུས། སྔོན་འགྲོའི་སྐབས་ནས་བཟུང་སྟེ་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞོག་ཐབས་བྱ་དགོས།


ངས་སློབ་དེབ་འདི་འདྲ་སྒྲིག་དགོས་པའི་རྒྱུ་མཚན་ནི། སྤྱིར་བཏང་གི་བོད་སྐད་ཤེས་པ་ཙམ་གྱི་ཆེད་དུ་མ་ཡིན་པར། བོད་ཀྱི་སྐད་ཡིག་གཏིང་ཟབ་ས་ནས་ཤེས་པའི་དོན་དུ་ཡིན་ཟེར་ནས་སྔོན་གླེང་ནང་གསལ་པོ་བྲིས་ཡོད། བོད་ཀྱི་སྐད་དང་ཡི་གེ་གཏིང་ཟབ་ས་ནས་ཤེས་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་གཏིང་ཟབ་ས་ནས་མ་ཤེས་ན། ནང་པ་སངས་རྒྱས་པའི་གཞུང་ཆེན་ཁག་དཔྱིས་ཕྱིན་པ་ཞིག་ཤེས་ཐུབ་ཐབས་མེད་པའི་རྒྱུ་མཚན་གྱིས་ཡིན་ཟེར་ནས་བྲིས་ཡོད། སྔོན་འགྲོའི་སློབ་སྦྱོང་གི་དུས་ཡུན་རིང་དུ་བཏང་ན་སྐད་ཡིག་གི་གནས་ཚད་ཇེ་བཟང་དུ་ཡོང་རྒྱུ་ཡིན་དུས། ཁོ་ཚོས་འཛིན་གྲྭ་མགྱོགས་པོ་བྱས་ཏེ་ཐོན་རྒྱུར་བྲེལ་བ་བྱ་དགོས་པའི་རྒྱུ་མཚན་མེད།


རྒྱ་གར་ནང་གི་གྲྭ་རྒྱུན་ང་ཚོའི་གྲྭ་ཚང་ལ་མང་དུ་སླེབས་ནས་དགེ་ཚུལ་དང་དགེ་སློང་སྒྲུབ་མཁན་གང་འཚམས་བྱུང་ཡོད། དགེ་ཚུལ་སློང་སྒྲུབ་མཁན་ཚོ་ལ་དགེ་ཚུལ་སློང་གི་བསླབ་བྱ་དེ་དམིགས་ཀྱིས་བཀར་ནས་དཔེ་ཁྲིད་གནང་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེའི་འགན་དེ་གྲྭ་ཚང་གི་ལས་སྣེས་ལེན་དགོས་ཀྱི་འདུག དགེ་སློང་ཞིག་ཡིན་ན་དགེ་སློང་གི་བསྲུང་བྱ་གང་དང་གང་ཡོད་པ་དང་། གང་བྱས་ཆོག་པ་དང་གང་བྱས་མི་ཆོག་པ། དེ་བཞིན་དུ་དགེ་ཚུལ་ཚོ་ཡིན་ནའང་བླང་འདས་སོ་དྲུག་གི་གྲངས་འདྲེན་དང་བཅས་པ་གསལ་པོ་བསླབས་ཏེ་ངེས་ངེས་ཏག་ཏག་ཡོད་པ་ཞིག་དང་། བསྲུང་བྱའི་གྲངས་འདྲེན་དང་བཅས་པ་ཤ་འཇགས་རུས་འཇགས་ཤིག་བྱུང་བ་ཡིན་ན། གྲྭ་པའི་སྤུས་ཀ་དག་པོ་དང་གྲྭ་པའི་རྐང་དེ་རང་བཞིན་གྱིས་ཡག་པོ་ཞིག་ཡོང་གི་རེད། དགེ་ཚུལ་སློང་སོ་སོའི་བསྲུང་བྱ་དང་བཅས་པའི་མཚམས་གསལ་པོ་མ་ཤེས་ན་གྲྭ་པ་སྤུས་ཀ་གཙང་མ་དང་ཡག་པོ་ཞིག་ཡོང་རྒྱུ་ཤིན་ཏུ་ཁག་པོ་ཡིན། དགེ་ཚུལ་སྒྲུབ་པ་རེད་ཟེར་བ་ཙམ་དང་། དགེ་སློང་སྒྲུབ་པ་རེད་ཟེར་བ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད། སྔོན་མ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེས་སྐུ་རྩེད་དང་བཅས་གསུང་གི་ཡོད། ང་ཚོའི་ཕ་ཡུལ་ཁམས་ཏྲེ་ཧོར་ཕྱོགས་ཀྱི་གྲྭ་པ་ཚོས་དགེ་སློང་བསྒྲུབས་པའི་རྗེས་སུ་ཡང་ཆོས་གོས་དང་སྣམ་སྦྱར་མེད་དུས། ཆོས་གོས་སྣམ་སྦྱར་གྱི་བྱིན་རླབས་བརྒྱབ་པའི་རས་ཐུམ་རྡོག་རྡོག་ཅིག་སྐེད་པར་འདོགས་ཀྱི་ཡོད། ཉིན་ཞིག་དགེ་སློང་ཞིག་གིས་བྱིན་རླབས་ཡོད་སའི་རས་ཐུམ་རྡོག་རྡོག་དེ་ས་ལ་བཞག་ནས་ཡོད་པའི་སྐབས། མི་གཞན་པ་ཞིག་གིས་རས་ཐུམ་རྡོག་རྡོག་དེ་བགོམས་ནས་སོང་བས། ཁྱོད་ཀྱིས་ངའི་སྡོམ་པ་བགོམས་སོང་ཟེར་ནས་འཛིང་རེས་ཤོར་བ་རེད་ཅེས་པའི་ལོ་རྒྱུས་གསུང་གི་ཡོད། སྡོམ་པ་ཟེར་བ་དེ་འདྲ་ཞིག་མ་གཏོགས་མ་ཤེས་ན་དགེ་སློང་རྣམ་པར་དག་པ་ཞིག་ཡོང་ཐབས་ཡོད་པ་མ་རེད།


སྔོན་མ་ངས་གྲྭ་ཚང་གི་གྲྭ་པ་ཚོ་ལ་དགེ་ཚུལ་སློང་གི་བསླབ་བྱའི་གྲངས་འདྲེན་རྒྱུགས་ལེན་མྱོང་། དེ་བཞིན་དུ་དགེ་ཚུལ་ཚོ་ལ་དགེ་ཚུལ་ཕྱིར་བཅོས་དང་། དགེ་སློང་ཚོ་ལ་དགེ་སློང་གི་ཕྱིར་བཅོས་འདོན་རྒྱུ་ཡོད་མེད་བལྟས་པ་ཡིན། གྲྭ་པ་གཞོན་པ་ཚོ་ལ་དགེ་ཚུལ་སློང་གི་བསླབ་བྱ་ངེས་ཐབས་བྱ་དགོས་པ་གལ་ཆེན་པོ་རེད། འཛིན་གྲྭའི་ནང་གི་ཉིན་རེའི་སློབ་ཁྲིད་རྐྱང་པ་ཞིག་མ་ཡིན་པར། གྲྭ་པ་གཞོན་པ་རྣམས་དགེ་ཚུལ་སློང་གཙང་མ་དང་ཡང་དག་པ་ཞིག་ཡོང་ཐབས་བྱ་དགོས་པ་ནི་གྲྭ་ཚང་གི་འགན་འཁྲི་གཙོ་བོ་རེད། ལོ་གཅིག་ནང་ཐེངས་འགའ་ཤས་སློབ་ཁྲིད་བྱ་དགོས་ཀྱི་འདུག།སྐད་ཀྱིས་གོ་བརྡ་མི་འཕྲོད་མཁན་ཚོ་ལ་སྐད་བསྒྱུར་བཞག་ནས་དང་པོ་ངོ་སྤྲོད་བྱས་ཀྱང་འགྲིག་གི་རེད།


གཙོ་ཆེ་ཤོས་དེ་རང་རང་གི་མི་ཚེའི་མདུན་ལམ་དེ་ཤེས་པར་བྱ་དགོས་པ་དང་། ད་ལྟའི་བར་དུ་ཚོགས་བསགས་དང་དགེ་བའི་ལས་གང་བྱས་པ་དེ་ལ་རྗེས་སུ་ཡི་རང་བའི་ཐོག་ནས། རང་གིས་ད་ལྟའི་བར་བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་གང་བྱས་པ་དེ་རྫོགས་བྱང་ལ་བསྔོ་བ་དང་། ཁྱེད་ཚོ་ད་བར་དུ་ང་དང་མཉམ་དུ་གཤིབ་ནས་རྒས་སོང་བ་རེད། ཕ་ཡུལ་གྱི་འབྲེལ་ཡོད་ཚོས་ཁྱེད་ཚོའི་གནང་སྟངས་དེ་གཟི་བརྗིད་ཆེན་པོ་ལ་ཚོར་གྱི་ཡོད། མ་འོངས་པར་ཡང་དེ་བཞིན་ཧུར་ཐག་འབད་ཐག་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

 (ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༥ ཚེས་ ༡༣)

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.