IMG 9206༄༅།། རྨད་དུ་བྱུང་བའི་དགོངས་བཞེད་ལས་འཁྲུངས་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་དང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྐུ་ངོ་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ། དུས་འཁོར་རྒྱུད་འགྲེལ་འདིའི་རྒྱུན་འཛིན་དང་འཆད་ཉན་གནང་མཁན་བྱ་དོར་རིན་པོ་ཆེ།གཞན་ཡང་སྐུ་མགྲོན་རྣམ་པ། རྩོམ་སྒྲིག་གཙོ་བོ་གནང་མཁན་གྱི་རྩོམ་སྒྲིག་པ་རྣམ་པ་བཅས་ལ། ངས་སྐད་ཆ་ཐུང་ཐུང་ཞིག་ཞུ་རྒྱུ་ཡིན།

 

ང་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པའི་ཀིརྟིའི་མཚན་ཞབས་རིན་པོ་ཆེ་མཆོག་གིས། ཆད་ལ་ཉེ་བའི་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་སླར་གསོའི་མཛད་སྒོའི་ཐོག་ང་ལ་ཡོང་རོགས་ཞེས་གསུང་གི་འདུག ང་ཡོང་ནས་ཕན་ཐོགས་གང་ཡང་ཡོད་པ་མ་རེད་ཅེེས་ཞུས་པ་ཡིན་ཡང་། ཁོང་རྣམ་པས་ཨུ་ཚུགས་བསྐྱོན་གྱི་འདུག་པར་བརྟེན་ཀིརྟིའི་མཚན་ཞབས་རིན་པོ་ཆེ་ང་དང་དམིགས་བསལ་འབྲེལ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་དེ་རིང་འདིར་མཛད་སྒོར་བཅར་བ་ཡིན།

 

ཕྱི་ལོ་ ༡༩༩༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀིརྟིའི་བྱེས་པ་གྲྭ་ཚང་ལ་ཆིབས་བསྒྱུར་བསྐྱངས་པའི་སྐབས་། དུས་འཁོར་རྒྱུད་འགྲེལ་གྱི་སྐོར་ལ་གནང་བའི་བཀའ་སློབ་ཀྱི་དུམ་བུ་ཞིག་རྣམ་པ་ཚོར་སྙན་སེང་ཞུ་འདོད་བྱུང།ངས་གསེར་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་མར་ཞུས་ཏེ་ཆ་ཚང་བ་ཞིག་ཞུ་ཐུབ་ཡོད་པ་མ་རེད།འཕྲོ་ཅན་དུ་ལུས་པ་རེད། དེ་གཅིག་པུ་ལ་ཆ་བཞག་ན་ད་ཕྱིན་ཆད་བསྟན་པའི་མེ་རོ་སླར་གསོ་བའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ལ་ངས་བརྩི་ཡི་ཡོད།ཅེས་བཀའ་གནང་བ་ཡིན་དུས་ཆད་ལ་ཉེ་བའི་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་སླར་གསོའི་དོན་དུ་ཕྱག་དཔེ་པར་སྐྲུན་གནང་མཁན་དང་། ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་རྩོམ་སྒྲིག་གི་ཕྱག་ལས་གནང་མཁན།ལྷག་པར་དུ་ཆད་ལ་ཉེ་བའི་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་སླར་གསོའི་འཆད་ཁྲིད་ཀྱི་ཐུགས་འགན་གཙོ་བོ་བཞེས་མཁན་༸སྐྱབས་རྗེ་བྱ་དོར་རིན་པོ་ཆེ་བཅས་ཀྱིས་བསྟན་པའི་མེ་རོ་སླར་གསོའི་ཞབས་འདེགས་བླ་ན་མེད་པ་ཞིག་བསྒྲུབས་པ་རེད།

IMG 9207

 

རྒྱུད་འགྲེལ་འདི་ཉིད་ཆད་ལ་ཉེ་བའི་སྐབས་སུ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ཏེ་རྒྱུན་མཐུད་ནས་བསྐྱར་གསོ་གནང་ཐུབ་པ་བྱུང་ཡོད། བསྐྱར་གསོ་གནང་བའི་གཞི་རྩ་དེའི་ཐོག་ནས་རྣམ་པ་ཚོས་འགན་བཞེས་ནས་དར་ཞིང་རྒྱས་པར་མཛད་དེ།དུས་འཁོར་རྒྱུུད་འགྲེལ་གྱི་རྒྱུན་ཆད་འགྲོ་བའི་སེམས་ཁྲལ་མེད་པ་ཞིག་གནང་སྟེ། སླར་ཡང་དུས་འཁོར་གྱི་རྒྱུད་འགྲེལ་གྱི་ཆོས་བདག་ཞ་ལུ་དགོན་པ་ལ་རྩིས་འཕྲོད་ཐུབ་པ་བྱུང་བ་ཤིན་ཏུ་ཡག་པོ་རེད།ལོ་མང་པོ་འདི་དག་གི་རིང་བོད་པ་རང་གིས་རྒྱུན་འཛིན་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པའི་དུས་འཁོར་གྱི་རྒྱུད་འགྲེལ་ཆེན་མོ་འདིའི་ཐོག་ལོ་མང་པོའི་རིང་ཕྱག་ལས་གནང་མཁན་ཡོངས་ལ་ངའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ང་ཀིརྟིའི་མཚན་ཞབས་རིན་པོ་ཆེ་དང་དམིགས་བསལ་འབྲེལ་བ་ཡོད་པས་གཅིག་གཉིས་ཤིག་སྙན་སེང་ཞུས་ན་བསམས། ཀིརྟིའི་མཚན་ཞབས་རིན་པོ་ཆེ་ཞུ་བ་ནི་ཡོངས་གྲགས་ཀྱི་མཚན་ཞིག་ཏུ་གྱུར་ཡོད། འོན་ཀྱང་བླ་མ་རང་གི་མཚན་ངོ་མ་གང་ཡིན་གཞོན་པ་ཚོའི་གྲས་ནས་མཁྱེན་མཁན་དཀོན་པོ་ཡིན་རྒྱུ་རེད་བསམས། ཀིརྟིའི་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་དང་པོའི་མཚན་ལ་ཡོངས་གྲགས་སུ་ཚ་ཕྲུག་དགེ་བཤེས་ཚང་(དམ་ཆོས་ཕུན་ཚོགས་)ཞུ་བ་རེད། ཚ་ཕྲུག་ཞུ་བ་ནི་འཁྲུངས་ཡུལ་ཚ་ཁོ་ནས་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཕྱིས་སུ་གདན་ས་སྟག་ཚང་ལྷ་མོའི་ཚོགས་ཆེན་མཁན་པོ་གནང་བའི་རྒྱུ་མཚན་གྱིས་ང་ཚོས་ཡོངས་གྲགས་སུ་མཁན་པོ་ཚང་ཞེས་ཞུ་ཡི་ཡོད། ཚ་ཕྲུག་དགེ་བཤེས་རིན་པོ་ཆེ་ནི་ཤིན་ཏུ་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་འཇུ་མི་ཕམ་པར་དགག་ལན་(དགག་ལན་རྡོ་རྗེའི་ཕ་ལམ།)ཞིག་རྩོམ་པར་གནང་ཡོད། དགག་ལན་དེ་ལ་འཇུ་མི་ཕམ་པས་དགག་ལན་མང་པོ་བྱུང་བ་དེ་དག་ལས་དགག་ལན་དྲང་ཤོས་དང་ལུང་རིགས་ཀྱིས་གནད་ལ་འཁེལ་བ་ཞིག་བྱུང་འདུག་གསུངས་པ་རེད་ཅེས་པ་ཞིག་ངས་ཆུང་དུས་གོ་མྱོང་། ཚ་ཕྲུག་དགེ་བཤེས་ཚང་གི་སྤྲུལ་སྐུ་ཕྱི་མ་ལ་ཚ་ཕྲུག་དགེ་བཤེས་ཚང་གི་སྤྲུལ་སྐུ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་ཡིན།མཚན་ཞབས་རིན་པོ་ཆེས་(བློ་བཟང་འཇིགས་མེད་དམ་ཆོས།)སྟག་ཚང་ལྷ་མོའི་ཚོགས་ཆེན་མཁན་པོ་གནང་ཡོད་པར་བརྟེན། ང་ཚོས་མཁན་པོ་ཚང་ཞེས་ཞུ་བ་ཁར་གོམས་ཡོད་དུས། ཀིརྟིའི་མཚན་ཞབས་རིན་པོ་ཆེའི་མཚན་དངོས་དང་འབྲེལ་བའི་རྣམ་ཐར་འདི་རྣམ་པ་ཚོས་མཁྱེན་ཐུབ་ན་ཡག་པོ་ཡོད་པ་རེད་བསམས་ནས་ཞུས་པ་ཡིན།

 

མཁན་པོ་ཚང་ལ་ཀིརྟིའི་མཚན་ཞབས་ཚང་ཞེས་པའི་མཚན་ཇི་ལྟར་ཐོགས་པའི་ཚུལ་ཕྲན་བུ་ཞིག་ཞུས་ན། ང་ལོ་བཅུ་གསུམ་ཡིན་པའི་སྐབས་སྔ་མོའི་ལམ་སྲོལ་ལྟར་མཚན་ཞབས་འཛུགས་དགོས་ཀྱི་ཡོད། དགེ་བཤེས་རྒན་པ་ལྔ་དང་གཞོན་པ་གཉིས་ཏེ་མཚན་ཞབས་བདུན་བཙུགས་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༥༧ ལོར་ང་ལྷ་སར་འགྲོ་བའི་སྐབས་མཚན་ཞབས་བདུན་པོ་དེ་དག་ལས་འབྲས་སྤུངས་བློ་གསལ་གླིང་གི་ཐོབ་ཁོངས་ཡིན་པའི་མཚན་ཞབས་གཅིག་ཀྱང་མེད་པར་སྒོ་མང་གྲྭ་ཚང་གི་ཐོབ་ཁོངས་ཡིན་དུས། ང་ལྷ་སར་འགྲོ་བའི་སྐབས་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་ཚང་གི་ཐོབ་ཁོངས་ཡིན་པའི་མཚན་ཞབས་ཤིག་གསར་དུ་བསྐོ་བཞག་ཞུ་དགོས་ཀྱི་འདུག་ཟེར་ནས་མཁན་པོ་ཚང་མཚན་ཞབས་ལ་གསར་དུ་བསྐོས་པ་རེད། མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཚ་ཁོ་ནས་འཁྲུངས་པའི་རྒྱུ་མཚན་གྱིས་དེའི་སྐུ་ཕྲེང་རིམ་བྱོན་རྣམས་ལྷ་སར་ཕེབས་པའི་སྐབས་འབྲས་སྤུངས་བློ་གསལ་གླིང་རོང་པོ་ཁམས་ཚན་ལ་ཐོབ་ཀྱི་ཡོད་པ་རེད།  མཁན་པོ་ཚང་མཚན་ཞབས་ལ་བསྐོ་བཞག་གནང་བ་ནས་བཟུང་ལོ་དྲུག་གི་རིང་། ལྷ་ས་དང་རྒྱ་གར་དུ་འབྱོར་བའི་རྗེས་སུ། སྦག་ས་དང་ཌལ་ཧོར་བཅས་སུ་ང་ལ་ཚོགས་ཆོས་གྲྭ་ལ་འགྲོ་རོགས་དང་སློབ་སྦྱོང་གི་རོགས་པ་གནང་སྟེ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན།

 

ང་ཌལ་ཧོར་ལ་ཡོད་པའི་སྐབས་སུ་མཁན་པོ་ཚང་ཡང་ང་དང་མཉམ་དུ་ཌལ་ཧོར་ལ་བཞུགས་པའི་སྐབས་དེར། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་འོས་སྦྱོང་སྐབས་དང་པོའི་ནང་ཕེབས་དགོས་པའི་བཀའ་གནང་བ་བཞིན་མཁན་པོ་ཚང་ཐེངས་དང་པོའི་དགེ་རྒན་འོས་སྦྱོང་ལ་ཕེབས་པ་རེད།མཁན་པོ་ཚང་དགེ་རྒན་འོས་སྦྱོང་ལ་ཕེབས་ཁར་ངའི་ངོས་ནས། ང་ཚོས་ཡོངས་གྲགས་སུ་མཁན་པོ་ཚང་ཞེས་མཚན་འབོད་ཞུ་བཞིན་ཡོད་ཀྱང་། ཡིག་ཆའི་ནང་ཀིརྟིའི་མཚན་ཞབས་ཞེས་པའི་མཚན་བེད་སྤྱོད་གནང་ཐུབ་ན་ལེགས་པའི་བསམ་ཚུལ་ཞིག་ཞུས་པ་ཡིན། མཁན་པོ་ཚང་གིས་དེ་ལྟར་མཚན་དེ་བེད་སྤྱོད་གནང་བ་ནས་བཟུང་ཡོངས་གྲགས་སུ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་ཞེས་པའི་མཚན་ཐོགས་པ་རེད། འདི་ལོ་རྒྱུས་ཀྱི་ཁ་སྐོང་གི་ཚུལ་དུ་ཞུས་པ་ཡིན།

 

སྤྱིར་ཀིརྟིའི་མཚན་ཞབས་རིན་པོ་ཆེ་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་རྒྱ་ཤིན་ཏུ་ཆེན་པོ་ཡིན་ཡང་། རྒྱུན་དུ་སྦས་པའི་བརྟུལ་ཞུགས་གནང་སྟེ་མཁྱེན་པ་རྒྱས་པོ་ཡིན་མདོག་གཏན་ནས་གནང་གི་མེད། ཉམས་ཆུང་ཚུལ་མཐུན།བྱ་བཏང་རི་ཁྲོད་པ། སྒོར་མོ་ཕྲན་བུ་ཞིག་བྱུང་བ་ཡིན་ན་སྒོར་མོ་ཡོད་ན་སྐྱིད་པོ་མི་འདུག་གསུངས་ཏེ་ང་ཚོ་ལ་གནང་ཡོང་གི་ཡོད། དོན་ཉུང་བྱ་ཉུང་གི་བྱ་བཏང་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན།

 

ངས་མཚན་ཞབས་རིན་པོ་ཆེ་ལ་ཆོས་འབྲེལ་བྱུང་སྟངས་སྐོར་ཕྲན་བུ་ཞུས་ན། མཁན་པོ་ཚང་གིས་ངའི་མཚན་ཞབས་གནང་བའི་སྐབས་སུ་ངས་དམིགས་བསལ་ཆོས་འབྲེལ་ཞུ་མ་མྱོང་། ཕྱི་ལོ་ ༡༩༨༣ ལོར་(སྐུ་ངོ་བློ་བཟང་སྦྱིན་པ་སྐབས་དེར་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་གནང་བའི་སྐབས་མིན་འགྲོ།)ཕོོ་བྲང་ནས་བཀའ་གནང་སྟེ་ཁྱེད་རང་གིས་མཚན་ཞབས་རིན་པོ་ཆེའི་མདུན་ནས་དུས་འཁོར་རྒྱུད་འགྲེལ་ཞུས་ན་ག་འདྲ་འདུག་ཅེས་བཀའ་གནང་བྱུང་བས། ངས་ད་ལྟའི་བར་དུ་མཚན་ཞབས་རིན་པོ་ཆེར་ཆོས་འབྲེལ་ཞུས་མྱོང་མེད་ནའང་། སྐུ་མདུན་གྱིས་བཀའ་གནང་བ་ཡིན་དུས་ཡིན་དང་ཡིན། ངས་མཚན་ཞབས་རིན་པོ་ཆེའི་མདུན་ནས་རྒྱུད་འགྲེལ་ཞུ་ཡི་ཞེས་སྙན་སེང་ཞུས་པ་ཡིན།

 

སྐབས་དེར་རྒྱུད་འགྲེལ་གསན་མཁན་ལ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་དངོས་སློབ་ཏྲེ་ཧོར་སྤང་སྣང་རིན་པོ་ཆེ་གཙོ་བོ་རེད། ཁོང་ནི་བྱ་བཏང་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། ང་ཌལ་ཧོ་ལ་སྡོད་པའི་སྐབས་རྡོ་ཕ་བོང་ཆེན་པོ་ཞིག་གི་འོག་ཏུ་ཁང་བ་ཆུང་ཆུང་ཞིག་བརྒྱབས་ཏེ་ང་དེར་བསྡད་པ་ཡིན། ཏྲེ་ཧོར་སྤང་སྣང་རིན་པོ་ཆེ་རྡོ་ཕ་བོང་དེའི་སྒང་ལ་ཁང་པ་ཆུང་ཆུང་ཞིག་བརྒྱབས་ནས་བཞུགས་ཏེ་ང་ཚོ་སྟེང་འོག་བྱས་ནས་འདུག་མྱོང་། དེ་བཞིན་སེར་སྨད་བྱ་བྲལ་རྒན་འཇམ་དཔལ་མཁྱེན་རབ་བཅས་ང་ཚོ་གསུམ་ལ་མཚན་ཞབས་རིན་པོ་ཆེས་དུས་འཁོར་རྒྱུད་འགྲེལ་གནང་བ་རེད། གསེར་ཀོང་མཚན་ཞབས་རིན་པོ་ཆེའི་དགོངས་རྫོགས་ཀྱི་ཆེད་དུ་ཡིན་པ་སོགས་དེབ་ཆུང་འདིའི་ནང་དུ་གསལ་པོར་འཁོད་འདུག ང་ཚོ་ལ་དུས་འཁོར་རྒྱུད་འགྲེལ་གནང་བའི་སྐབས།མཚན་ཞབས་རིན་པོ་ཆེས་རྒྱུད་འགྲེལ་སྦྲགས་སྟངས་མང་ཆེ་བ་མཁྱེན་གྱི་འདུག་ཀྱང་དེའི་ནང་འགའ་ཤས་ཤིག་སྦྲགས་དགོས་ཀྱི་ཡོད་མེད་དོགས་པ་གནང་གི་འདུགལྷག་སོང་ན་སྐྱོན་མེད་ཀྱང་ཆད་སོང་ན་མ་ཚང་བའི་སྐྱོན་ཡོང་གི་རེད་གསུངས་ཏེ་མང་པོ་ཞིག་སྦྲགས་ཏེ་གསུངས་བྱུང།དུས་འཁོར་རྒྱུད་འགྲེལ་གྱི་བཀའ་ཁྲིད་ཟླ་གཉིས་གསུམ་ཞིག་འགོར་སོང་། གཞུང་སྦྲགས་མང་ཤོས་དེ་ང་ཚོས་དུས་འཁོར་རྒྱུད་འགྲེལ་ཞུས་པའི་སྐབས་སུ་བྱུང་བ་རེད། ཏྲེ་ཧོར་སྤང་སྣང་རིན་པོ་ཆེ་བོད་ལ་ཕེབས་ཏེ་བོད་ནས་དགོངས་པ་རྫོགས་པ་རེད། སེར་སྨད་དགེ་བཤེས་བྱ་བྲལ་རྒན་འཇམ་དཔལ་མཁྱེན་རབ་ཀྱང་ཕལ་ཆེར་དགོངས་པ་རྫོགས་ཚར་བ་ཡིན་ས་རེད། དེ་ཡིན་དུས་ང་ཚོ་གསུམ་ལས་ཤུལ་དུ་ང་མ་གཏོགས་ལྷག་མེད།

 

རྒྱུད་འགྲེལ་འདིའི་ཁྲིད་རྒྱུན་གཙོ་བོ་ནི་འཇིགས་མེད་རྡོ་རྗེ་འཆང་གི་ཁྲིད་རྒྱུན་ནས་བྱུང་བ་ཞིག་རེད། ཁྲིད་རྒྱུན་འདི་རྗེ་འཇིགས་མེད་རྡོ་རྗེ་འཆང་གིས་སྔ་མོའི་ཁྲིད་རྒྱུན་ལས་ཁ་ཇེ་རྒྱས་སུ་བཏང་སྟེ་གནང་བ་ཞིག་ཡིན་འདུག དུས་འཁོར་རྒྱུད་འགྲེལ་གྱི་བཀའ་ཁྲིད་ཐེངས་དང་པོ་དེ་རེབ་གོང་ལ་གནང་འདུག ཐེངས་གཉིས་པ་དེ་ཕྱི་ལོ་ ༡༩༤༠ ལོར་སྟག་ཚང་ལྷ་མོར་ངའི་སྐུ་གོང་མ་གཙོ་བྱས་ཏེ་བླ་མ་མང་པོ་ཞིག་ལ་གནང་འདུག སྐབས་དེར་མཚན་ཞབས་རིན་པོ་ཆེ་ཕལ་ཆེར་དགུང་ལོ་བཅོ་ལྔ་ཡིན་པས་རྒྱུད་འགྲེལ་གསན་པ་རེད། རྒྱུད་འགྲེལ་གྱི་ཁྲིད་རྒྱུན་འདི་དེང་སང་ང་ཚོའི་ཕྱོགས་ཙམ་མ་གཏོགས་མེད་པ་ལྟ་བུ་ཞིག་ཆགས་ཡོད་ས་རེད། ད་ལྟ་ཡིན་ན་ཡང་བོད་ནང་དུ་དུས་འཁོར་མཁན་པོ་ཚོ་ལ་འཇིགས་མེད་རྡོ་རྗེ་འཆང་ནས་བརྒྱུད་པའི་རྒྱུད་འགྲེལ་གྱི་བརྒྱུད་པ་ཚད་ལྡན་ཞིག་བོད་དུ་ལྷག་ཡོད་མེད་རྩད་གཅོད་གཏོང་དགོས་པའི་བཀོད་མངགས་ཞུས་ཡོད། ད་ལྟའི་བར་དུ་བོང་ནང་རྒྱུད་འགྲེལ་གྱི་བརྒྱུད་པ་ཚད་ལྡན་ཞིག་རྙེད་སོན་བྱུང་མི་འདུགད་དུང་ཡང་རྩད་གཅོད་བཏང་དང་གཏོང་བཞིན་པའི་སྐབས་ཡིན།

 

ཕྱི་ལོ་ ༡༩༨༤ ལོར་ང་བོད་ནང་ལྟ་སྐོར་དུ་འགྲོ་བའི་སྐབས་རྒྱུད་འགྲེལ་གྱི་ཁྲིད་རྒྱུན་ནང་སྦྲགས་དགོས་མིན་གྱི་དོགས་པ་ཡོད་པ་འགའ་ཤས་ཨ་ལགས་ཚེ་ཏན་ཞབས་དྲུང་ལ་བཀའ་འདྲི་ཞུ་རོགས་གསུངས་ཏེ་ཕྱག་བྲིས་ཤིག་གནང་སོང་། ང་སྐབས་དེར་གནས་སྟངས་མང་པོས་རྐྱེན་བྱས་ཏེ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་ལ་ང་དངོས་སུ་མཇལ་ཐུབ་མེད་ནའང་མཚན་ཞབས་རིན་པོ་ཆེའི་ཕྱག་བྲིས་དེ་མི་བརྒྱུད་ནས་ཨ་ལགས་ཞབས་དྲུང་ཚང་ལ་ཕུལ་བ་ཡིན།ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་གང་དང་གང་སྦྲགས་དགོས་མིན་གྱི་བཀའ་ལན་ཞལ་གསལ་གནང་སོང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཕྱག་བྲིས་དེ་ངའི་ཡིག་ཆའི་ཁོངས་སུ་ཡོད་མེད་རྩད་གཅོད་བྱས་པ་ཡིན་ཡང་རྙེད་སོན་མ་བྱུང་། ཕྱག་བྲིས་དེ་ངས་ཐད་ཀར་མཚན་ཞབས་རིན་པོ་ཆེར་ཕུལ་ཚར་བ་ཡིན་འདུག ཨ་ལགས་ཞབས་དྲུང་ཚང་གིས་བཀའ་ལན་དེ་འབྱོར་བའི་རྗེས་ཏེ། ཕྱི་ལོ་ ༡༩༨༨ ལོ་དང་། ཕྱི་ལོ་ ༡༩༩༦ ལོ། ཕྱི་ལོ་ ༢༠༠༠ ལོ་བཅས་ལ་མཁན་པོ་ཚང་གིས་དུས་འཁོར་རྒྱུད་འགྲེལ་གནང་བ་དེ་དག་རྩད་གཅོད་ཞིབ་ཏུ་མཛད་པའི་རྗེས་སུ་གནང་བ་ཞིག་ཆགས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ལ་ཡང་མཚན་ཞབས་རིན་པོ་ཆེས་དུས་འཁོར་གྱི་རྒྱུད་འགྲེལ་འཆད་ཉན་གནང་སར་ཤོག་གསུངས་ནས་བཀའ་གནང་བ་རེད་དེ། ངས་རྒྱུད་འགྲེལ་ཞུས་པ་ཙམ་མ་གཏོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ལྟར་རྒྱུད་འགྲེལ་གྱི་འཆད་སྤེལ་ཞུ་ཐུབ་མེད་ནའང་། བོད་ནང་སྟག་ཚངལྷ་མོ་ཀིརྟི་དགོན་པ་དང་རྔ་པ་ཀིརྟི་དགོན་པ་གཉིས་ལ་དུས་འཁོར་གྲྭ་ཚང་རེ་ཡོད། དུས་འཁོར་གྲྭ་ཚང་འདི་གཉིས་ཀ་ལ་ལུགས་སྲོལ་གསར་པའི་ཐོག་ནས་དུས་འཁོར་མཁན་པོ་ལ་དགེ་བཤེས་རེ་ཕེབས་དགོས་པ་དང་། མཁན་ཐོག་རེའི་རིང་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་རྫོགས་པར་གནང་དགོས་པའི་སྐུལ་མ་ཞུས་པ་ལྟར། ད་ལྟའི་བར་དུ་མཁན་ཐོག་འགའ་ཤས་ཕྱིན་པ་རྣམས་ཀྱིས་རྒྱུད་འགྲེལ་གྱི་འཆད་ཉན་ཆ་ཚང་གནང་དང་གནང་བཞིན་ཡོད། འདི་ངས་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་ལ་ཞབས་ཕྱི་ཕྲན་བུ་བྱས་པ་ཆགས་ཀྱི་ཡོད།

ངའི་ངོས་ནས་བཀའ་ཆོས་དབང་ལུང་དང་འཆད་ཉན་གྱི་ཐོག་ནས་བསྟན་པ་ཞབས་འདེགས་གང་ཡང་བྱུང་མ་སོང་ནའང།སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་། རྔ་པ་ཀིརྟི་དགོན་པ། ཚོ་བདུན་ཀིརྟི་དགོན་པ་བཅས་དགོན་པ་ཆེ་ཁག་གསུམ་གྱི་ནང་དུ་བཀའ་ཆོས་མཁན་པོ་གཉིས་རེ་སྟེ་བཀའ་ཆོས་མཁན་པོ་དྲུག་བསྐོ་བཞག་ཞུས་པ་ཡིན། བཀའ་ཆོས་མཁན་པོ་གཅིག་གིས་གཙོ་བོ་དབང་ལུང་དང་མན་ངག་གི་རྒྱུན་གནང་རྒྱུ་དང་། བཀའ་ཆོས་མཁན་པོ་གཅིག་དཔེ་ཆ་པ་དང་མཁས་པ་བཀའ་ཁྲིད་གནང་ཐུབ་མཁན་རེ་བསྐོས་ཏེ་གཙོ་བོ་ཁྲིད་རྒྱུན་གྱི་རིགས་གནང་གི་ཡོད། འདི་ལྟར་བཀའ་ཆོས་མཁན་པོ་དྲུག་བསྐོ་བཞག་ཞུས་པ་ལྟར་སོ་སོས་འགན་བཞེས་ཏེ་དབང་ལུང་མན་ངག་དང་བཀའ་ཆོས་དཀོན་རིགས་གནང་དང་གནང་བཞིན་པ་ཡིན། ངའི་ངོས་ནས་༸སྐྱབས་མགོན་རིན་པོ་ཆེ་དགོངས་གཞི་ཟེར་ན་འདྲ། མཚན་ཞབས་རིན་པོ་ཆེའི་དགོངས་གཞི་ཟེར་ན་འདྲ་བཀའ་ཆོས་དབང་ལུང་གི་ཐོག་ནས་བསྟན་པ་ལ་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་དེ་ཙམ་ཡིན།

 

གཙོ་ཆེ་ཤོས་དེ་རྒྱུད་འགྲེལ་འདི་ཕྱོགས་སྒྲིག་གནང་མཁན་གྱིས་ལོ་མང་པོའི་རིང་དཀའ་ལས་བརྒྱབས་པ་རེད། རྩོམ་སྒྲིག་གི་ལས་དོན་དེ་ལས་སླ་པོ་ཞིག་མིན་པ་ང་ལ་ཉམས་མྱོང་ཡོད། རྩོམ་སྒྲིག་གནང་བ་ཙམ་མ་ཡིན་པར། པར་སྐྲུན་གནང་བའི་སྐབས་སུ་ཡང་མཆན་དང་བཅས་སོ་སོའི་ཡི་གེའི་ཚོས་གཞི་མ་འདྲ་བ་བྱས་ཏེ་གཟིགས་བདེ་པོ་དང་གནང་ཆོག་ཆོག་ཅིག་བཟོས་འདུག མཚན་ཞབས་རིན་པོ་ཆེས་ང་ཚོར་རྒྱུད་འགྲེལ་གནང་བའི་སྐབས་དཔེ་ཆ་ཆ་ཚང་བང་བསྒྲིགས་ཏེ། དཔེ་ཆ་འདི་ནས་འདིར་ཕེབས། དཔེ་ཆ་འདི་ནས་འདིར་ཕེབས་ཞེས་ཤིན་ཏུ་སྐུ་ལས་ཆེན་པོས་གནང་དགོས་ཀྱི་ཡོད་ཀྱང་། ད་ཕྱིན་ཆད་རྒྱུད་འགྲེལ་གནང་མཁན་ཚོས་སྐུ་ངལ་མེད་པར་གནང་ཆོག་ཆོག་ཅིག་བཟོས་འདུག་པས། རྩོམ་སྒྲིག་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

(ཕྱི་ལོ་༢༠༢༢ལོའི་ཟླ་༤ཚེས་༡ )

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.