10.23 1

༄༅།། ཕྱི་ལོ་༢༠༢༡ཟླ་ཚེས་༡༣ཉིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཐའེ་ཝན་ནས་བཞུགས་སྒར་དུ་ཞབས་སོར་འཁོད་མཚམས་བླ་སློབ་ཚང་མའི་བདེ་འཇགས་ཀྱི་ཆེད་དུ་ཟླ་བ་གཅིག་ལྷག་རིང་ཐུག་འཕྲད་སོགས་མེད་པའི་ཐོག་ནས་བཞུགས་གནང་མཛད།ཕྱི་ཟླ་༡༠ཚེས་༢༣ཉིན་དངོས་སུ་འདི་ག་གྲྭ་ཚང་གི་འདུས་མང་ལ་ཐེངས་དང་པོར་དངོས་སུ་ཞལ་མཇལ་དང་བཀའ་སློབ་གནང་བ་ཡིན་ལ།ཐོག་མར་ཚོགས་དབུས་སུ་ཕེབས་གྲུབ་མཚམས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་རྣམ་པའི་ཐོག་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་འཚམས་ཞུས་དང་འབྲེལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབ་གཅིག་ཁོང་རིན་པོ་ཆེ་མཆོག་གིས་ཐའེ་ཝན་དུ་བཞུགས་རིང་ཕྱག་གིས་དངོས་སུ་བཞེངས་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་ཕྱག་ཚཱ་བྱིན་ཅན་རེ་དང་།ཕྱག་མདུད། གཟན་ཤབ་ཆ་ཚང་རེ་བཅས་(གཟན་ཤབ་སྔ་ཉིན་བགོས་ཟིན།)ཁོང་རིན་པོ་ཆེ་དགུང་ལོ་བརྒྱད་ཅུར་ཕེབས་པའི་ལོ་སར་མཉམ་རོལ་ཐུབ་མེད་པར་བརྟེན་ལོ་སྐལ་གྱི་དོད་ཡིན་གསུངས་པ་རྣམས་བགོ་འགྲེམས་ཟིན་མཚམས་བཀའ་སློབ་དབུ་འཛུགས་གནང་།

 

༸ད་ལོ་ང་རང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་ལོ་སར་གྲྭ་ཚང་དང་ལྷན་དུ་གཏོང་ཐུབ་ན་སྙམ་པ་བྱུང་ཡང་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ལོ་སར་སྐབས་ང་ཚོ་ལྷན་དུ་འཛོམས་ཐུབ་མེད་དུས། ང་ཚོ་དེ་རིང་ལྷན་དུ་འཛོམས་པའི་སྐབས་རྣམ་པ་ཚོར་ལོ་སྐལ་གྱི་ཚུལ་དུ་ལོ་སར་གྱི་མདུད་པ་རེ་དང་། ན་བཟའ་ཆ་ཚང་རེ། ཉིན་གསུམ་རིང་དམིགས་བསལ་བཞེས་ལག་བཅས་ཕུལ་ཡོད། འདི་ལོ་སར་གྱི་ལོ་སྐལ་གྱི་དོད་ལྟ་བུ་ཡིན་པ་མ་གཏོགས་བརྒྱད་ཅུའི་གྱ་སྟོན་ལྟ་བུ་དེ་འདྲ་གང་ཡང་མིན།

རྣམ་པ་ཚོར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་ཕྱག་ཚ་རེ་ཕུལ་ཡོད། ཕྱག་ཚ་འདི་ཕྱག་ཚ་ཞེས་མིང་བཏགས་པ་ཙམ་མ་ཡིན་པར་ང་རང་གིས་དངོས་སུ་ལག་བསྟར་ནས་དཔར་བ་ཤ་སྟག་ཡིན། ལོ་གཅིག་དང་ཕྱེད་ལྷག་རིང་ཐེ་ཝན་དུ་སྡོད་པའི་སྐབས། འདིར་ཡོད་པའི་གྲྭ་ཚང་གི་བླ་གྲྭ་རྣམས་དང་ཕ་ཡུལ་དུ་ཡོད་པའི་གྲྭ་མང་མང་ཚོགས་དང་བཅས་པ་རྒྱུན་དུ་སེམས་ལ་དྲན་བཞིན་ཡོད་དུས། འབྲེལ་ཡོད་བླ་གྲྭ་དང་མང་ཚོགས་བཅས་པ་ཡིད་ལ་དྲན་བཞིན་པའི་ངང་ནས་གྲྭ་མང་ཡོངས་རྫོགས་ལ་འདང་ངེས་ཀྱི་ཕྱག་ཚ་ཁྲི་གཅིག་དཔར་བ་ཡིན། ཡིན་ནའང་ད་ལྟའི་གནས་སྐབས་སུ་ཕ་ཡུལ་ལ་བསྐུར་བ་ཡིན་ན་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ཁྱེད་ཚོའི་འདི་གང་ནས་བྱུང་ཞེས། འདིའི་བརྒྱུད་ལམ་གང་རེད་ཅེས་དྲི་རྩད་ནན་པོ་བྱེད་རྒྱུས་མཚོན་པའི་འབྲེལ་ཡོད་མང་ཚོགས་ལ་དོན་མེད་དཀའ་ངལ་སྣ་ཚོགས་བཟོ་རྒྱུ་གཏན་འཁེལ་ཡིན་དུས། གནས་སྐབས་རིང་ཕ་ཡུལ་ལ་བསྐུར་ཐབས་ཡོད་པ་མ་རེད།

ན་ནིང་རྒྱ་གར་ནང་ཏོག་དབྱིབས་ཀྱི་ནད་ཡམས་བྱུང་བའི་སྐབས། འདི་གའི་གྲྭ་ཚང་གི་བླ་གྲྭ་རྒན་གཞོན་ཡོངས་རྫོགས་སོ་སོའི་གྲྭ་ཤག་ལ་ཟུར་བཀག་བྱས་ཏེ་སྡོད་དགོས་བྱུང་བའི་རིང་སྐུ་ངལ་ཆེན་པོ་བྱུང་ཡོད་ཀྱང་། གྲྭ་པ་རྒན་གཞོན་ཐམས་ཅད་ཀྱིས་དཀའ་ངལ་ལ་གདོང་ལེན་གནང་སྟེ་ཧུར་ཐག་འབད་ཐག་གནང་བར་བརྟེན། ཨ་ཁུ་བློ་བཟང་རྒྱ་མཚོ་མ་གཏོགས་གྲྭ་ཚང་གི་བླ་གྲྭ་ཡོངས་རྫོགས་བདེ་འཚམས་ངང་ལ་གནས་ཐུབ་པ་ཞིག་བྱུང་ཡོད། འདི་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རེད། 

ཟུར་བཀག་བྱས་པའི་རིང་རླུང་གི་ན་ཚས་མཚོན་པའི་ནད་རིགས་འདྲ་མིན་གྱིས་དཀའ་ངལ་བྱུང་ཡོད་ཀྱང་ཧ་ལས་པའི་དོ་དམ་པོ་གནང་བར་མ་ཟད། དཀའ་ངལ་ཆེ་བའི་གནས་སྟངས་དེའི་འོག་ཏུ་ཡིན་ནའང་སློབ་སྦྱོང་གནང་མཁན་ཚོས་སློབ་སྦྱོང་དང།སློབ་ཁྲིད་གནང་མཁན་ཚོས་སློབ་ཁྲིད་གནང།ལས་ཀ་བྱེད་མཁན་ཚོས་ལས་ཀ་བྱས་ཏེ་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་ཧུར་ཐག་འབད་ཐག་གནང་བྱུང་བས་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཨ་ཁུ་བློ་བཟང་རྒྱ་མཚོ་ཡིན་ན་དགུང་ལོ་ཕྲན་བུ་མཐོ་པོར་ཕེབས་ཡོད་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་ཀྱི་ཆ་ནས་ད་དུང་གང་འཚམས་བཞུགས་ཐུབ་པ་ཞིག་རེད། ཡིན་ནའང་གློ་བུར་བར་ཆད་ཀྱི་དབང་གིས་སྐུ་གཤེགས་པ་རེད།ཨ་ཁུ་བློ་བཟང་རྒྱ་མཚོ་ང་ཚོའི་གྲྭ་ཚང་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན། ཐོག་མར་ཕ་ཡུལ་ནས་གྲྭ་ཚང་ལ་ཡོང་རོགས་བྱོས་ཟེར་ནས་བཤད་པའི་སྐབས་བློ་ཐག་རྩེ་གཅིག་གིས་བཅད་ནས་གྲྭ་ཚང་འདིར་ཕེབས་པར་མ་ཟད། སྐུ་ཚེ་ཧྲིལ་པོའི་རིང་བླ་མ་གྲྭ་ཚང་གི་ཞབས་ཕྱི་ཞུས་ནས་སྐུ་ཚེ་ཡག་མཐའ་ལ་འཁྱོལ་བའི་མི་བཀའ་དྲིན་ཅན་ཞིག་ཡིན། ང་ཚོ་ཡོངས་རྫོགས་ཀྱིས་ཁོང་སྐྱེ་བ་རྗེས་མ་ལུས་རྟེན་བཟང་པོ་ཞིག་འཐོབ་པའི་དོན་དུ་སྨོན་ལམ་བརྒྱབ་སྟེ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་དྲན་སྐུལ་ཞུ་འདོད་བྱུང་།

ད་ཐེངས་ང་ཐེ་ཝན་ལ་རྒྱུན་རིང་པོ་ཞིག་འགོར་དགོས་པའི་རྒྱུ་མཚན་རྣམ་པ་ཚོ་མང་ཆེ་བས་རོབ་ཙམ་ཤེས་ཀྱི་ཡོད་པ་རེད་བསམས།འདིའི་སྐོར་གྱི་གནས་ཚུལ་ཕྲན་བུ་ཞུས་པ་ཡིན་ན། ཐོག་མར་ལོ་འཆར་ཅན་ལྟར་སྨན་བཅོས་བརྟག་དཔྱད་ཀྱི་ཆེད་དུ་ཐེ་ཝན་ལ་ཕྱིན་པ་རེད།ཐེ་ཝན་དུ་སླེབས་པའི་རྗེས་སུ་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་བདུན་ཕྲག་གཉིས་རིང་ཟུར་བཀག་བྱས་ནས་སྡོད་དགོས་ཀྱི་འདུག བདུན་ཕྲག་གཉིས་ཀྱི་ཟུར་བཀག་ཚང་བའི་རྗེས་སུ་གཞི་ནས་སྨན་ཁང་ལ་ཕྱིན་ཏེ་བརྟག་དཔྱད་ཀྱི་རིམ་པ་རྣམས་བྱས། སྨན་ཁང་དུ་བརྟག་དཔྱད་བྱ་རྒྱུ་བདུན་ཕྲག་གཅིག་ལྷག་འགོར་སོང་། སྨན་ཁང་གི་བརྟག་དཔྱད་ཀྱི་གྲུབ་འབྲས་ཆ་ཚང་ཕྱིར་མ་ཐོན་པའི་སྐབས་དེར། ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་དབང་གིས་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་སྒོ་རྒྱ་བསྡམས་ནས་ཕར་ཚུར་འགྲུལ་བཞུད་ཀྱི་སྒོ་ཡོངས་རྫོགས་བཀག་སྟེ་གནམ་གྲུ་སོགས་འགྲོ་བྱེད་ཀྱི་མཐུན་རྐྱེན་གང་ཡང་མེད་པས་རྒྱུན་རིང་པོར་ལུས་སོང་། རྗེས་སུ་ཅུང་གུ་ཡངས་པོར་ཆགས་པའི་སྐབས་གང་ལྟར་ཐེ་ཝན་དུ་དུས་ཚོད་རིང་པོ་འགོར་སོང་བས་འགོག་ཁབ་མ་བརྒྱབ་ན་རྒྱ་གར་དུ་ཕྱིར་ལོག་རྒྱུར་ཉེན་ཁ་ཡོད་པར་བརྟེན། འགོག་ཁབ་རྒྱག་རྒྱུ་བྱས་ནས་འགོག་ཁབ་བསྒུགས་པ་ཡིན། འགོག་ཁབ་དང་པོ་དང་གཉིས་པའི་བར་དུ་ཡང་དུས་ཚོད་གང་འཚམས་འགོར་སོང་། འགོག་ཁབ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཚར་བའི་རྗེས་གནམ་གྲུ་ཡོད་མེད་ཀྱི་གནས་སྟངས་དབང་གིས་དུས་ཚོད་གང་འཚམས་ཤིག་འགོར་སོང་། དེའི་རྗེས་སུ་ཐེ་ཝན་དུ་ནད་རླབས་ཐེངས་གཉིས་པ་སླེབས་ནས་སོ་སོའི་ནང་དུ་ཟུར་བཀག་ཟླ་བ་གཉིས་ལྷག་བྱས་པ་རེད། དེའི་རྗེས་སུ་རྒྱ་གར་ལ་ཐད་ཀར་འཕུར་མཁན་གྱི་གནམ་གྲུ་མི་འདུག མཐའ་མར་ངྷུ་བྷེ་ལ་བསྐོར་བ་བརྒྱབས་ནས་ཚུར་རྒྱ་གར་ལ་ཡོང་ཐུབ་པ་བྱུང་སོང་།

10.23 4 10.23 3
10.23 2 10.23 5

དགེ་རྩ་ཚོགས་པ་དང་གྲྭ་ཚང་གི་ངོས་ནས་ཡིན་ནའང་རྒྱ་གར་ནང་ད་དུང་མུ་མཐུད་ན་ཚའི་གནས་སྟངས་ཡག་པོ་མི་འདུག་པས་ཐེ་ཝན་ལ་ཅུང་རྒྱུན་རིང་པོར་བཞུགས་རོགས་ཞེས་ཨུ་ཚུགས་ཡང་ཡང་བརྒྱབ་བྱུང་། གང་ལྟར་གནས་སྟངས་འདི་འདྲའི་དབང་གིས་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ཐེ་ཝན་ལ་མ་བསྡད་ཀ་མེད་བྱུང་བ་རེད། ཐེ་ཝན་དུ་རྒྱུན་རིང་པོར་འགོར་དགོས་པའི་གནས་སྟངས་འདི་འདྲ་ཞིག་རེད།

སྔོན་མ་ནས་གཞིས་བྱེས་ཀྱི་འབྲེལ་ཡོད་མང་པོ་ཞིག་གིས་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་སྐབས་གྱ་སྟོན་བྱེད་དགོས་ཀྱི་ཡོད་ཟེར་ནས་དོ་སྣང་ཆེན་པོས་རེ་བ་བྱེད་ཀྱི་ཡོད་པ་རེད་ལ། ཕ་ཡུལ་གྱི་མི་མང་པོ་ཞིག་འདི་གར་ཡོང་ནས་གཞིས་བྱེས་ལྷན་འཛོམས་ཀྱི་ཐོག་ནས་གྱ་སྟོན་བྱ་རྒྱུའི་རེ་བ་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད།མི་སོ་སོའི་ངོས་ནས་ཀྱང་རེ་བ་བརྒྱབ་པ་བཞིན་དཔེ་ཆ་བློ་འཛིན་དང་། འཆད་ཉན་སློབ་གཉེར།ཁ་འདོན་དགེ་སྦྱོར། སྡིག་སྤོང་དགེ་སྒྲུབ་སོགས་གྱ་སྟོན་གྱི་ཆེད་དུ་གྲ་སྒྲིག་ཀྱང་མང་པོ་བྱས་དང་བྱེད་བཞིན་པ་རེད།ཡིན་ནའང་ད་ལྟའི་གནས་སྟངས་འོག་ནས་གྱ་སྟོན་བྱེད་མི་ཐུབ་པ་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་གྱུར་སོང་བས།གྱ་སྟོན་བྱེད་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་གསུམ་ཡོད།

རྒྱུ་མཚན་དང་པོ་ནི། སྤྱིར་བརྒྱད་ཅུའི་གྱ་སྟོན་བྱེད་སྲོལ་འདི་མདོ་སྨད་ཕྱོགས་སུ་དར་སྲོལ་བྱུང་བའི་སྟོན་མོ་ཞིག་ཡིན་པ་དང་། མདོ་སྨད་དུ་གནའ་སྔ་མོ་ཡིན་ན་སྐྱ་བོ་མི་ནག་གི་ནང་དུ་བརྒྱད་ཅུའི་གྱ་སྟོན་བྱ་བའི་སྲོལ་དར་ཡོད་པ་མ་གཏོགས། གྲྭ་པ་དང་བླ་མ་ལ་གྱ་སྟོན་བྱེད་པའི་སྲོལ་དར་ཁྱབ་ཆེན་པོ་ཞིག་བྱུང་ཡོད་ཚོད་མི་འདུགཆོས་སྒོ་ཕྱེ་བའི་རྗེས་སུ་མདོ་སྨད་ནང་གི་བླ་མ་རེ་ཟུང་གིས་གྱ་སྟོན་གནང་བའི་ལོ་རྒྱུས་གོ་རྒྱུ་འདུགཡིན་ནའང་བླ་མ་དང་གྲྭ་པ་དགུང་ལོ་བརྒྱད་ཅུར་ཕེབས་མཁན་ཡོངས་རྫོགས་ཀྱིས་གྱ་སྟོན་བྱ་བའི་སྲོལ་དར་ཁྱབ་བྱུང་ཡོད་ཚོད་མི་འདུག་ལ། གྲྭ་པ་བླ་མ་ཞིག་གིས་གྱ་སྟོན་བྱ་བར་དམིགས་བསལ་གྱི་དགེ་མཚན་ཡོད་པ་ཡང་མཐོང་མ་སོང་བས། ལུགས་སྲོལ་གྱི་དབང་དུ་བྱས་ཀྱང་བླ་མ་དང་གྲྭ་པས་གྱ་སྟོན་ངེས་པར་དུ་བྱ་དགོས་པ་ཞིག་མ་རེད་སྙམ།

རྒྱུ་མཚན་གཉིས་པ་ནི། ཏོག་དབྱིབས་ནད་ཡམས་འདིའི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་ཧ་ལས་པ་ཞིག་བྱུང་སྟེ་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང།མི་འབུམ་ཕྲག་མང་པོར་ན་ཚ་དེས་ན་ནས་དཀའ་ངལ་གྱི་འོག་ཏུ་ཚུད་ཡོད། དེ་བཞིན་དུ་མི་ཤིན་ཏུ་མང་པོ་ན་ཚ་དེའི་རྐྱེན་པས་སེམས་ཁམས་ནད་ཅན་དུ་གྱུར་ནས་མི་ཚེའི་རིང་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་རེད། དེ་བཞིན་དུ་འཛམ་བུ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལ་དཔལ་འབྱོར་གྱི་གྱོང་གུད་དེ་སྔ་བྱུང་མ་མྱོང་བ་ལྟ་བུ་ཞིག་ཕྲད་ནས་མི་འབུམ་ཕྲག་མང་པོ་ཞིག་གི་ལས་ཀ་ཤོར་བ་སོགས་དཔལ་འབྱོར་གྱི་དཀའ་ངལ་འོག་ཏུ་ཚུད་ནས་ཡོད། འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་འདི་འདྲ་བ་ཞིག་འཕྲད་ནས་ཡོད་པའི་སྐབས་སུ་ང་ཚོས་འཛམ་གླིང་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་མ་གཏོགས། དགའ་དགའ་སྤྲོ་སྤྲོ་བྱས་ནས་བརྒྱད་ཅུའི་གྱ་སྟོན་ལྟ་བུ་བྱས་ན་མཛེས་པོ་དང་རན་པོ་ཞིག་གཏན་ནས་མིན། དེར་བརྟེན་ད་ལྟའི་སྐབས་འདི་འདྲ་ཞིག་ལ་སྟོན་མོ་བྱ་བའི་དུས་ཚོད་རན་པོ་དང་འོས་པོ་ཞིག་གཏན་ནས་རེད་མི་འདུགརྒྱུ་མཚན་དེའི་ཐོག་ནས་ཀྱང་གྱ་སྟོན་ཟེར་བ་དེ་བྱེད་མ་དགོས་པ་བྱས་ན་ཞེས་བཤད་འདོད་བྱུང་།

རྒྱུ་མཚན་གསུམ་པ་ནི། བོད་ནང་གི་ང་ཚོའི་འབྲེལ་ཡོད་སྐྱ་སེར་མང་ཚོགས་ལ་རྒྱ་ནག་གཞུང་གིས་ཁྱེད་ཚོས་རིན་པོ་ཆེའི་གྱ་སྟོན་གྱི་ཆེད་རྒྱ་གར་ལ་ལྐོག་ནས་དངུལ་སྐུར་གྱི་ཡོད་པ་རེད་ཟེར་བ་དང་། གྱ་སྟོན་ལ་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད་ཟེར་བ་སོགས་གྱ་སྟོན་གྱི་ཆེད་དུ་ལྐོག་ནས་གྲ་སྒྲིག་ག་རེ་བྱེད་ཀྱི་ཡོད་ཟེར་ནས་འབྲེལ་ཡོད་སེར་སྐྱ་ཚོར་བཙིར་གནོན་གྱིས་དཀའ་ངལ་ཤུགས་ཆེན་པོ་ཞིག་སྤྲོད་བཞིན་འདུགགལ་སྲིད་ང་ཚོས་གྱ་སྟོན་དངོས་སུ་བྱས་པ་ཡིན་ན་འབྲེལ་ཡོད་མི་ཤིན་ཏུ་མང་པོ་ཞིག་ལ་དེ་བས་ཀྱང་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ནི་གཏན་འཁེལ་བ་ཞིག་རེད།ངའི་གྱ་སྟོན་ནི་ང་ཚོའི་ཕ་ཡུལ་གྱི་འབྲེལ་ཡོད་མང་པོ་ཞིག་ལ་དཀའ་ངལ་སྤྲོད་སའི་གཞི་རྩ་ལྟ་བུར་གྱུར་ཏེ་དོན་མེད་ཀྱི་དཀའ་ངལ་མྱོང་བཞིན་དུ་གྱ་སྟོན་བྱ་དགོས་པའི་རྒྱུ་མཚན་མེད་དུས། ངས་འདི་ནས་གྱ་སྟོན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་ང་ཚོའི་ཕ་ཡུལ་གྱི་དགོན་པ་ཁག་དང་འབྲེལ་ཡོད་སྐྱ་སེར་མང་ཚོགས་ལ་ཐབས་ཤེས་སྣ་ཚོགས་ཀྱིས་དྲི་རྩད་བྱ་བ་དང་དཀའ་ངལ་མང་པོ་སྤྲོད་བཞིན་པ་དེ་དག་ད་ཕྱིན་ཆད་མཚམས་འཇོག་ཡོང་བའི་རེ་བ་ཞུ་བཞིན་ཡོད།

མདོར་བསྡུས་ན། གཅིག་ལ་སྲོལ་རྒྱུན་གྱི་ལམ་སྲོལ་ལ་བླ་མ་དང་གྲྭ་པས་གྱ་སྟོན་ཟེར་བ་ངེས་པར་དུ་བྱ་དགོས་པ་ཞིག་མིན་པ་དང་། གཉིས་སུ་ན་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་ཡིན་དུས་གྱ་སྟོན་བྱས་ཏེ་ང་ཚོས་དགའ་དགའ་སྤྲོ་སྤྲོ་བྱེད་པའི་དུས་ཚོད་རན་པོ་ཞིག་མིན་པ།གསུམ་ལ་བོད་ནང་གི་འབྲེལ་ཡོད་དགོན་སྡེ་ཁག་དང་མང་ཚོགས་བཅས་ལ་དཀའ་ངལ་འཕར་མ་ཞིག་མི་ཡོང་བའི་དོན་དུ་ངས་གྱ་སྟོན་བྱ་རྒྱུ་མིན་པར་ཐག་གཅོད་བྱས་པ་ཡིན།

དཔེར་ན། ད་ལོའི་ངའི་སྐྱེས་ཚེས་ཀྱི་སྐབས། རྔ་པ་ཁུལ་དུ་དམ་བསྒྲགས་ཤུགས་ཆེན་པོ་བྱས་འདུག་ལ། ཐ་ན་ངའི་སྐྱེས་ཚེས་ཉིན་རྔ་པ་རྫོང་གི་ཁྲོམ་གཞུང་དུ་མངར་ཟས་བག་ལེབ་བཙོང་མ་བཅུག་པར་ཚོང་ཁང་གི་སྒོ་རྒྱག་ཏུ་བཅུག་འདུགའདི་འདྲ་བའི་དམ་བསྒྲགས་བྱས་པས་རྒྱ་བོད་སུ་ལ་ཡང་ཕན་ཐོགས་བྱུང་མེད། བྱེད་སྟངས་འདིས་རྒྱ་ནག་གཞུང་དང་རྒྱ་བོད་མི་རིགས་ཀྱི་མཐུན་ལམ་ལ་གནོད་སྐྱོན་གཏོང་བ་མ་གཏོགས་ཕན་ཐོགས་གང་ཡང་མེད། དངོས་ཡོད་གནས་ཚུལ་ལ་ཡང་ཕན་ཚུན་གཅིག་གིས་གཅིག་ལ་གང་ངན་ངན་དང་། གང་སྡུག་སྡུག་བྱས་ན་རྒྱ་ནག་གཞུང་དང་རྒྱ་བོད་མི་རིགས་སུ་ལ་ཡང་ཕན་ཐོགས་མེད།

དེ་བཞིན་དུ་ལོ་སྔ་ཕྱི་འདིའི་ནང་རྔ་པ་ཀིརྟི་དགོན་པས་མཚོན་པའི་ཀིརྟིའི་དགོན་ཁག་གི་གྲྭ་པ་མང་པོ་ཞིག་སྔ་ཕྱི་བྱས་ནས་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པ་རེད། ཁོ་ཚོ་འཛིན་བཟུང་བྱས་ནས་དྲི་རྩད་ཇི་ལྟར་བྱས་ཀྱང་ང་ཚོ་ལ་ལྐོག་ཏུ་སྦས་སྐུང་བྱས་པའི་གསང་བ་གང་ཡང་འཐོན་རྒྱུ་མེད།བྱེད་སྟངས་འདིའི་རིགས་ནི་རྒྱ་ནག་དབུས་གཞུང་གི་བཀའ་མ་ཡིན་པར་ས་གནས་ཀྱི་ལས་བྱེད་བསམ་བློ་ཡག་པོ་གཏོང་མི་ཤེས་མཁན་འགའ་ཤས་ཀྱིས་གོང་རིམ་ལ་སྤྲེལ་ལད་འཁྲབ་རྒྱུའི་དོན་དུ་བྱས་པ་ཞིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།ས་གནས་ཀྱི་ལས་བྱེད་འདིའི་རིགས་ཀྱིས་རང་དོན་ཁོག་བཅུག་གིས་དབུས་གཞུང་ལ་སྙན་ཞུ་རྫུན་མ་ཞིག་བཟོ་རྒྱུའི་དོན་དུ་ས་གནས་ཀྱི་དགོན་པ་དང་མང་ཚོགས་ཐོག་དོན་མེད་ཀྱི་དཀའ་ངལ་སྤྲོད་ཀྱི་ཡོད་པ་རེད་མ་གཏོགས། སྤྱི་པ་ལ་ཕན་ཐོགས་ཤིག་ཨེ་ཡོང་སྙམ་པའི་བསམ་བློའི་ཐོག་ནས་ལས་ཀ་བྱེད་ཀྱི་མེད་པ་གསལ་པོ་རེད། མི་དང་མིའི་བར་གྱི་འབྲེལ་བ་བཙན་གྱིས་བཅད་ནས་མིའི་སེམས་ཁམས་ལ་དགོས་མེད་ཀྱི་ན་ཚ་བཟོས་ན་སྤྱི་པ་ལ་གནོད་པ་མ་གཏོགས་ཕན་ཐོགས་གཏན་ནས་མེད། གནས་སྟངས་འདིའི་འོག་ནས་བལྟས་ན་རྗེས་མ་ང་ཚོས་གྱ་སྟོན་ཞིག་བྱས་པ་ཡིན་ན་འབྲེལ་ཡོད་མང་པོ་ཞིག་ལ་དོན་མེད་ཀྱི་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ནི་གསལ་པོ་རེད།འབྲེལ་ཡོད་དགོན་གྲོང་མང་ཚོགས་ལ་དཀའ་ངལ་འཕར་མ་མི་ཡོང་བའི་དོན་དུ་ངས་གྱ་སྟོན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན།

ང་ཚོས་གྱ་སྟོན་ཟེར་བ་མ་བྱས་པའི་དབང་དུ་བྱས་ཀྱང་ད་ལྟའི་བར་ང་ལོ་བརྒྱད་ཅུ་ཐམ་པར་བསྡད་པ་དེ་དུས་ཚོད་སོང་ཟིན་པའི་གནས་ཚུལ་ཞིག་རེད། ད་ཕྱིན་ཆད་མ་འོངས་པར་ཚེ་རིང་པོར་སྡོད་རྒྱུའི་ཆེད་དུ་འབྲེལ་ཡོད་ཚོའི་ངོས་ནས་ཚེ་སྒྲུབ་གནང་རྒྱུ་དང་། བརྟན་བཞུགས་འབུལ་རྒྱུ་སོགས་ཆོས་ཕྱོགས་ཁོ་ནའི་ཐོག་ནས་བྱས་ན་མ་འགྲིག་པ་ཞིག་ཡོད་པ་མ་རེད་བསམས། འགྲོ་སོང་ཆེན་པོ་དང་དཀའ་ལས་ཆེན་པོ་མེད་པའི་ཐོག་ནས་ལོ་རྗེས་མའི་ཚེས་གྲངས་གང་ཡང་རུང་བ་ཞིག་ལ་ཚེ་སྒྲུབ་དང་འབྲེལ་ནས་དོན་དམ་པའི་བརྟན་བཞུགས་ཕུལ་ན་འགྲིག་གི་རེད། ཕ་ཡུལ་དུ་སྡོད་མཁན་ཚོ་ཡིན་ན་ཡང་རང་རང་གི་ངོས་ནས་སྡིག་སྤོང་དགེ་སྒྲུབ་སོགས་ཀྱི་ཐོག་ནས་དོན་དམ་པའི་བརྟན་བཞུགས་ཕུལ་བ་ཡིན་ན། དེ་ལ་རྒྱ་ནག་གཞུང་གིས་དཀའ་ངལ་སྤྲོད་དགོས་པའི་རྒྱུ་མཚན་མེད། རྒྱ་ནག་གཞུང་གིས་བརྟན་བཞུགས་ཀྱི་དོན་དུ་མང་ཚོགས་ཀྱི་ལག་པ་ནས་དངུལ་བསྡུ་རུབ་བྱེད་ཀྱི་མེད་འགྲོ་སྙམ་པའི་དོགས་པ་བྱེད་སྲིད་ཀྱང་། ང་ཚོས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་ལག་པ་ནས་དངུལ་བསྡུ་རུབ་དགོས་པའི་རྒྱུ་མཚན་ཞིག་གཏན་ནས་མེད། འབྲེལ་ཡོད་རྒྱ་ནག་གཞུང་གི་ལས་བྱེད་ཚོའི་ངོས་ནས་མང་ཚོགས་ལ་དགོས་མེད་ཀྱི་དམ་བསྒྲགས་དང་བཙིར་གནོན་བྱས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དེ་འདྲ་མ་བྱེད་རོགས་ཞེས་ཞུ་འདོད་བྱུང་།

དེ་བཞིན་དུ་གྱ་སྟོན་དང་འབྲེལ་ནས་དགོན་སྡེ་ཁག་གིས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འཛིན་སྐྱོར་སྦྱང་བྱ་བ་དང་། མང་ཚོགས་ཀྱི་ངོས་ནས་སྡིག་སྤོང་དགེ་སྒྲུབ་དང་ཡ་རབས་སྤྱོད་བཟང་སོགས་སྔོན་མ་ནས་འཆར་གཞི་ཡོད་པ་ལྟར་བྱས་པ་ཡིན་ན། འདིའི་ཐོག་རྒྱ་ནག་གཞུང་གི་ངོས་ནས་གནོན་ཤུགས་ཡོང་དགོས་པའི་རྒྱུ་མཚན་གཏན་ནས་ཡོད་པ་མ་རེད་བསམས། ལེགས་པའི་བྱ་བ་དེ་དག་གིས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ་ལ་ཕན་ཐོགས་ཡོང་ངེས་ཡིན་པས། དེ་ལྟར་གནང་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ཞུ་འདོད་བྱུང་།

ལོ་སྔ་ཕྱི་འདིའི་ནང་ཕ་ཡུལ་གྱི་ཀིརྟིའི་དགོན་པ་རྣམས་ནས་རྒྱུ་མཚན་གང་ཡང་མེད་པར་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱས་སོང་། གྲྭ་པ་དེ་དག་གིས་སུ་དང་སུ་ལ་འབྲེལ་བ་བྱེད་ཀྱི་ཡོད་མེད་དང་། ཁོ་ཚོས་རྒྱ་གར་སོགས་ཕྱི་ལོགས་སུ་འབྲེལ་བ་སུ་དང་སུ་ལ་བྱས་ཡོད་མེད་རྩད་གཅོད་བཏང་ནས་ཁ་སྔོག་ཐབས་བྱེད་ཀྱི་ཡོད་ཀྱང་། གོང་དུ་བཤད་པ་ལྟར་ཁོ་ཚོའི་ཁ་ཅི་ཙམ་བསྔོགས་ཀྱང་ང་ཚོར་ལྐོག་ནས་སྒྲུབ་དགོས་པའི་གསང་བ་ཞིག་ཕྱི་ལ་འཐོན་ཡོང་རྒྱུ་ཡོད་པ་མ་རེད། རྒྱ་མི་རིགས་དང་བོད་མི་རིགས་ཀྱི་བར་ལ་མཐུན་ལམ་ཡོང་རྒྱུའི་དོན་དུ་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། རྒྱ་བོད་མི་རིགས་གཉིས་ཁ་བྲལ་གཏོང་བའི་ཆེད་དུ་དོན་མེད་ཀྱི་རྙོག་དྲ་དེ་འདྲ་བཟོས་ན་རྒྱ་ནག་རྒྱལ་ཁབ་ལ་ཡང་ཕན་ཐོགས་གཏན་ནས་མེད་པ་ཤེས་གསལ་རེད།

འབྲེལ་ཡོད་རྒྱ་ནག་གཞུང་གི་ས་གནས་ལས་བྱེད་ཚོས་ང་ཚོ་ནི་བོད་ནང་གི་བོད་མིས་འབྲེལ་བ་བྱས་མི་ཆོག་སའི་དགྲ་བོ་ཞིག་ལ་ངོས་འཛིན་གྱིས་ང་ཚོར་འབྲེལ་བ་བྱ་རྒྱུར་དམ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག བྱེད་སྟངས་འདི་རིགས་ཀྱིས་རྒྱ་བོད་མི་རིགས་སུ་ལ་ཡང་ཕན་ཐོགས་མེད་དུས། ས་གནས་ཀྱི་ལས་བྱེད་ཚོས་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཐུན་ལམ་ཡོང་རྒྱུར་བསམ་བློ་བཏང་ནས་ལས་ཀ་བྱ་དགོས་པ་འདི་གལ་ཆེན་པོ་རེད། ད་ཕྱིན་ཆད་ནག་ཉེས་གང་ཡང་མེད་བཞིན་དུ་དེ་ལྟར་འཛིན་བཟུང་མ་བྱེད་རོགས་ཞེས་ད་རེས་ངའི་ངོས་ནས་རེ་འདུན་ཞུ་རྒྱུ་ཡིན།

ངའི་ངོས་ནས་ནམ་ཡིན་ཡང་ལྷག་བསམ་རྣམ་དག་གིས་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཐུན་ལམ་ཡོང་བའི་དོན་དུ་རྒྱུན་པར་སྐད་ཆ་ཤོད་ཀྱི་ཡོད། རྒྱ་བོད་མི་རིགས་སུ་ལ་མཚོན་པ་ཡིན་ནའང་རྒྱ་བོད་གཉིས་ཀྱི་བར་ལ་མཐུན་ལམ་ཡོང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོར་རྩི་ཡི་ཡོད། དེ་བཞིན་དུ་བོད་མི་རིགས་ཀྱིས་དངོས་སུ་མྱོང་བཞིན་པའི་དཀའ་ངལ་རྣམས་བདེན་པ་བདེན་རྐྱང་གིས་ཕྱི་ལ་ཤོད་ཀྱི་ཡོད་པ་མ་གཏོགས། དངོས་ཡོད་གནས་སྟངས་དང་མི་མཐུན་པའི་སྒྲོ་འདོགས་དང་སྐུར་འདེབས་ལྟ་བུའི་སྐད་ཆ་རྫུན་མ་ཞིག་གཏན་ནས་ཤོད་ཀྱི་མེད། དེ་ཡང་རྒྱ་བོད་མི་རིགས་ཀྱི་བར་ལ་མཐུན་ལམ་ཡག་པོ་ཞིག་ཡོང་བ་དང་། རྒྱ་ནག་རྒྱལ་ཁབ་འདི་བརྟན་ལྷིང་ཡོང་བའི་དོན་དུ་ལྷག་བསམ་རྣམ་དག་གིས་ཤོད་ཀྱི་ཡོད་པ་མ་གཏོགས། རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་སྡང་སེམས་དང་དགྲ་འཛིན་གྱི་བསམ་བློའི་ཐོག་ནས་ནམ་ཡང་ཤོད་ཀྱི་མེད། རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་དགྲ་ལྟ་བུའི་བསམ་བློ་འཛིན་དགོས་པའི་རྒྱུ་མཚན་མེད། ཡིན་ན་ཡང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ང་ཚོ་ལ་ཚུར་དགྲ་འཛིན་གྱི་བསམ་བློའི་ཐོག་ནས་ཁོ་ཚོ་ལ་འབྲེལ་བ་ཞུས་ཆོག་གི་མ་རེད་ཟེར་བ་སོགས་འབྲེལ་ཡོད་མང་ཚོགས་ལ་དཀའ་ངལ་སྣ་ཚོགས་སྤྲོད་བཞིན་པ་དེ་ཕན་ཐོགས་མེད་པའི་ལས་ཀ་ཡིན་དུས། འབྲེལ་ཡོད་རྒྱ་ནག་གཞུང་གི་ལས་བྱེད་པ་རྣམས་ཀྱིས་ང་དང་འབྲེལ་ཡོད་སེར་སྐྱ་མང་ཚོགས་ལ་དོན་དག་དང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་བཙིར་རྡེག་བཏང་ནས་མ་སྐྱིད་པ་མ་བཟོ་རོགས་ཞེས་ད་རེས་ངའི་ངོས་ནས་རེ་བ་རྒྱག་གི་ཡོད།

ང་ཚོའི་གྲྭ་ཚང་གི་གྲྭ་པ་རྒན་པ་རྣམས་ཀྱིས་ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་བར་དུ་ང་དང་མཉམ་འགྲོ་མཉམ་གཤིབས་ཀྱིས་ཧུར་ཐག་འབད་ཐག་བྱས་ནས་དགོན་པ་གྲྭ་ཚང་འདིའི་ཆེད་དུ་ཉིན་མཚན་མེད་པར་དཀའ་ལས་བརྒྱབས་སོང་། གྲྭ་པ་གཞོན་པ་ཚོ་གསོ་སྐྱོང་བྱ་རྒྱུའི་དོན་དུ་ཡིན་ནའང་འགན་ཁུར་བླངས་ནས་རང་སྒེར་པའི་ཐོག་གྱོང་དང་དཀའ་ངལ་གང་འདྲ་ཡོང་གི་ཡོད་མེད་ལ་མ་ལྟོས་པར་ཤིན་ཏུ་འབད་བརྩོན་ཆེན་པོ་གནང་བྱུང་བས་རྣམ་པ་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་ཡོངས་རྫོགས་ཀྱི་ལས་འགན་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་ཤིག་བྱུང་ན་སྙམ་པའི་ཀུན་སློང་གིས་དཀའ་ལས་རྒྱག་རྒྱུ་འདི་རེད། ངས་ནམ་རྒྱུན་ཤོད་བཞིན་པ་ལྟར་སྒེར་པ་ཞིག་གི་ངོ་བོའི་ཐོག་ནས་བསྟན་པ་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ང་ཚོའི་ལས་འགན་རེད། མ་འོངས་པར་ཡིན་ན་ཡང་སོ་སོ་སྒེར་པའི་ངོ་བོའི་ཐོག་ནས་བསྟན་པ་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུར་འབད་བརྩོན་གནང་རོགས།

ད་ནང་ཞོགས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཤོད་ཀྱི་འདུགམ་འོངས་པར་རིམ་གྱིས་རྒྱ་གར་ནང་དུ་ནད་ཡམས་འདིའི་གནས་སྟངས་ཡག་པོ་ཡོང་རྒྱུའི་རེ་བ་འདུག ཡིན་ནའང་ས་གནས་ས་ཐོག་ལ་ཏོག་དབྱིབས་ན་ཚ་ཅན་གྱི་ནད་པ་མེད་པ་དེ་འདྲ་ཡང་མ་རེད།དཔེར་ན། རྡ་རམ་ས་ལར་མཚོན་ནའང་ཏོག་དབྱིབས་ན་ཚ་ཅན་གྱི་ནད་པ་ཡོད་པ་ཡིན་དུས། གང་དུ་སོང་ཡང་ན་ཚ་ལ་སྣང་མེད་མི་བྱེད་པར་མི་ཡོངས་རྫོགས་ཀྱི་ངོས་ནས་མུ་མཐུད་གཟབ་གཟབ་བྱས་ཏེ་ན་ཚ་མི་འགོ་བའི་ཐབས་ཤེས་གང་ཡོད་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་དྲན་སྐུལ་ཞུ་རྒྱུ་ཡིན།

གྲྭ་ཚང་དང་དགེ་རྩ་ཚོགས་པའི་ངོས་ནས་ང་ལ་རྩ་བ་ཆེན་པོར་བརྩིས་ཏེ་ཟུར་བཀག་བྱེད་པའི་མཐུན་རྐྱེན་གོ་སྒྲིག་ཡག་པོ་བྱས་འདུག་པར་མ་ཟད། དེ་རིང་ལྟ་བུ་ཡིན་ནའང་ང་ཚོའི་བར་དུ་བར་སྟོང་རྒྱང་ཐག་རིང་པོ་བཞག་སྟེ་ང་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་ཐུགས་རྗེ་ཆེ། ངའི་ངོས་ནས་ཀྱང་ཁྱེད་ཚོས་རེ་འདུན་བཏོན་པ་ལྟར་གང་ཐུབ་ཀྱིས་གཟབ་གཟབ་བྱེད་ཀྱི་ཡིན།

ཉིན་གསུམ་རིང་དམིགས་བསལ་བཞེས་ལག་གོ་སྒྲིག་བྱེད་ཀྱི་ཡོད་པ་ཡིན་དུས་གྲྭ་ཕྲུག་ཚོ་དང་བཅས་པའིི་གྲྭ་པ་ཡོངས་རྫོགས་ཀྱིས་གུ་ཡངས་པོ་དང་སྐྱིད་པོ་བྱས་ནས་སྡོད་ཐུབ་པའི་ཆ་རྐྱེན་ག་རེ་སྐྲུན་དགོས་ཀྱི་ཡོད་ནའང་དེ་ལུགས་སྐྲུན་རོགས་བྱོས།དེ་མ་གཏོགས་དམིགས་བསལ་ཞུ་རྒྱུ་མེད། ཐུགས་རྗེ་ཆེ། (ཕྱི་ལོ་༢༠༢༡ལོའི་ཟླ་༡༠ཚེས་༢༣ )



Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.