IMG 2468༄༅།། སྤྱིར་བཏང་གཟའ་རུ་རོང་འབྲོག་གཉིས་ཀ་ཀིརྟི་ཚང་གི་བསྟན་པ་མཆོད་སྦྱིན་གྱི་བདག་པོ་གཙོ་བོ་ཞིག་ཏུ་ཆགས་ཀྱི་ཡོད། གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་དང་། གཟའ་ཁྲོ་རྒྱལ་དགེའི་དཔོན་རབས་ནས་བཟུང་སྟེ་བསྟན་པ་མཆོད་སྦྱིན་གྱི་བདག་པོ་དང་ལྷ་སྡེ་གཙོ་བོ་ཞིག་ཡིན་ཞེས་རྒན་པ་རྣམས་ཀྱིས་གཏམ་བཤད་བྱེད་ཀྱི་ཡོད། ལྷག་པར་དུ་ང་རང་གི་སྐབས་ལ་སྐྱེས་ས་སྐྱེས་ཁུངས་ཀྱང་གཟའ་རུ་ཡིན་པས་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཡོད། སྔ་མོའི་རྒན་པ་ཚོས་སྐད་ཆ་བཤད་པའི་སྐབས། སྐུ་ཤ་དམར་དམར་གྱི་བདག་པོ་དང་། སྐུ་རུས་དཀར་དཀར་གྱི་བདག་པོ་ཡིན། གདན་གསུམ་བརྩེགས་ཀྱི་ཐོག་མ་དང་། གོས་གསུམ་བརྩེགས་ཀྱི་ནང་མ་ཡིན། ཞེས་སྤོབས་པ་ཆེན་པོས་ཤོད་སྲོལ་ཡོད།

 

                དེང་སང་གི་མི་ཐོག་གསར་པ་རྣམས་ཀྱིས་ཀྱང་རང་གི་ཕ་མེས་གོང་མ་ཚོའི་སྐབས་ཀྱི་བླ་མ་དང་སློབ་མའི་འབྲེལ་བ་བཟང་པོ་དེ་རྒྱུན་འཛིན་བྱས་ཏེ་དད་པ་དང་དམ་ཚིག་གཡོ་བ་མེད་པར་བརྟན་པོ་བྱས་ཏེ་གནས་ཡོད། ང་ཚོའི་མི་རབས་ཕྱི་མ་རྣམས་ཀྱི་འབྲེལ་བ་བཟང་པོ་དང་ཕན་ཐོགས་ཡོད་པའི་མཐུན་སྒྲིལ་རིགས་རྒྱུན་འཛིན་བྱས་ཏེ་ལས་དོན་བཟང་པོའི་ཐོག་མཉམ་རུབ་བྱ་དགོས་པ་གལ་ཆེན་པོ་རེད། ཕ་ཡུལ་གྱི་མང་ཚོགས་རྣམས་ཡིན་ན་ཡང་སྔོན་གྱི་འབྲེལ་བ་དང་། དད་པ་དམ་ཚིག་གཡོ་བ་མེད་པའི་བསམ་བློ་དེའི་ཐོག་ནས་དེ་རིང་གི་བརྟན་བཞུགས་འདི་ཕུལ་བ་རེད།IMG 2467 བརྟན་བཞུགས་འདིའི་ཐོག་ནས་ང་ཚོ་ཚེ་རིང་པོ་ཡོང་བ་ལ་ཕན་ཐོགས་ཡོད་པར་མ་ཟད། འདིས་རྐྱེན་བྱས་ཏེ་ང་ཚོ་འབྲེལ་ཡོད་ཀྱི་མི་མང་པོ་ཞིག་མཉམ་འཛོམས་ཐུབ་པ་བྱུང་ཡོད། དེ་ཡིན་དུས་ཁྱེད་ཚོས་དད་པ་དམ་ཚིག་གཙང་མ་དང་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་འདི་འདྲ་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

                སྤྱིར་ང་ཚོའི་ཕ་ཡུལ་གྱི་མི་རྣམས་གཤིས་ཀ་ཅུང་མཁྲེགས་པོ་དང་གྱོང་ཐོ་ལྟ་བུ་ཡོད། གཤིས་ཀ་འཁྱེར་སྟངས་འདིའི་ཐོག་ནས་མཚམས་རེར་དཀའ་ངལ་གྱི་གནས་ཚུལ་འདྲ་མིན་ཡོང་སྲིད་པ་རེད། དེ་ཡིན་དུས་མི་ཐོག་གསར་པ་རྣམས་ཀྱིས་འདི་རིགས་ཀྱི་ཐོག་ལ་དོ་སྣང་དང་གཟབ་གཟབ་བྱས་ཏེ། མ་འོངས་པར་གཟའ་རུ་དགོན་གྲོང་ཟེར་བའི་སྐབས་ལ་མི་གཞན་གྱིས་མིག་དཔེར་ལྟ་འོས་པ་ཞིག་བྱ་དགོས་པ་གལ་ཆེན་པོ་རེད་བསམས། དེང་སང་ང་ཚོའི་ཕ་ཡུལ་གྱི་གཞོན་སྐྱེས་མང་ཆེ་བ་སློབ་གྲྭར་འགྲོ་བཞིན་ཡོད་པ་རེད་ལ། སློབ་གྲྭར་ཕྱིན་ཏེ་རང་གི་སྐད་ཡིག་དང་རིག་གནས་སྦྱོང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ཡིན་ན་ཡང་སློབ་གྲྭར་འགྲོ་བའི་སྐབས་དེང་སང་གི་སྤྱི་ཚོགས་ནང་དུ་སྤྱོད་པ་ངན་པའི་རིགས་སྣ་ཚོགས་དེ་དག་མ་འགོས་པ་བྱ་བ་དང་། གང་དུ་ཡོད་ན་ཡང་རང་ཉིད་མི་བཟང་པོ་ཞིག་དང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་བྱ་དགོས་པ་གལ་ཆེན་པོ་རེད། སྤྱི་ཚོགས་གང་གི་ནང་དུ་གནས་པ་ཡིན་ན་ཡང་བོད་མི་ཚད་ལྡན་ཞིག་བྱ་དགོས་པ་རེད། ཁྱེད་ཚོ་འདིར་ཡོད་པ་རྣམས་ཀྱིས་ང་ཚོའི་ཕ་ཡུལ་གཅིག་པའི་འབྲེལ་ཡོད་ཚོ་ལ་རིན་པོ་ཆེས་འདི་ལྟར་བཤད་ཀྱི་འདུག་ཅེས་ལན་སྤྲོད་རོགས་བྱོས་ཟེར་ནས་བཤད་རྒྱུ་ཡིན།

                གནའ་སྔ་མོ་གཟའ་རུ་དགོན་པ་ལ་གྲྭ་ཚོགས་ཅུང་མང་པོ་ཡོད། དེང་སང་གྲྭ་ཚོགས་མང་པོ་ཡོད་ཚོད་མི་འདུག་སྟེ་ཡིན་ན་ཡང་རྒན་གཞོན་གཉིས་ཀས་གང་ཐུབ་ཅི་ཐུབ་ཀྱིས་དཀའ་ལས་བརྒྱབས་ཀྱི་ཡོད་པའི་སྐད་ཆ་སྔ་ཕྱི་བྱས་ནས་གོ་བྱུང་། མ་འོངས་པར་ཡིན་ན་ཡང་ང་ཚོའི་འབྲེལ་ཡོད་དགོན་པ་ཁག་གིས་མུ་མཐུད་དཀའ་ལས་རྒྱག་རོགས་བྱོས། སྟག་མོ་སྒང་གི་ཨ་ནེ་དགོན་པ་དེ་ལ་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་ཡག་པོ་ཞིག་འཛུགས་ཐུབ་ན་སྙམ་པའི་བསམ་བློ་འཁོར་མྱོང་། གང་ཡིན་ཟེར་ན་ཨ་ནེ་དགོན་པ་འདི་ང་ཚོའི་ཕ་ཡུལ་ཕྱོགས་ཀྱི་བུད་མེད་ནང་ཆོས་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་ཚོས་སློབ་སྦྱོང་བྱེད་སའི་ལྟེ་གནས་ཤིག་ཏུ་ཆགས་ཐུབ་ན་ཤིན་ཏུ་ཡག་པོ་ཡོང་གི་རེད་བསམས། མ་འོངས་པ་ན་ཅི་བྱས་ན་འདི་འདྲའི་གོ་སྐབས་ཡག་པོ་ཞིག་ཡོང་སྲིད་པ་རེད།

                སྔོན་མ་རྒྱ་གར་དུ་གཟའ་རུའི་མི་ཤིན་ཏུ་ཉུང་ཤས་ལས་ཡོད་པ་མ་རེད། སྔོན་མ་དང་བསྡུར་ན་དེང་སང་མི་གྲངས་གང་འཚམས་མང་པོ་འདུག ངས་དེ་རིང་སྔ་དྲོའི་བརྟན་བཞུགས་ཀྱི་སྐབས་སུ་བཤད་པ་ལྟར། ང་ཆུང་དུས་ལོ་གསུམ་བཞི་ནས་བཟུང་སྟེ་ཕ་མ་སྤུན་མཆེད་སོགས་དང་ཁ་བྲལ་ནས་དགོན་པ་དང་གྲྭ་པའི་སྤྱི་ཚོགས་ཀྱི་ནང་དུ་ཕྱིན་པ་རེད། དེ་ཡིན་དུས་དགོན་པའི་ནང་དུ་གསོ་སྐྱོང་བྱེད་སྟངས་ཀྱི་དབང་གིས་ཐོག་མ་ནས་སྤུན་མཆེད་དང་། ཕ་ཡུལ་གཅིག་པ། ལུང་པ་གཅིག་པ་ཟེར་བ་ལྟ་བུའི་ལ་རྒྱ་ཞེན་ཁོག་མེད་པ་ཞིག་ཏུ་གསོ་སྐྱོང་བྱས་པ་རེད། དེ་ཡིན་དུས་ངའི་ངོས་ནས་ཁྱེད་ཚོ་ལ་ཕ་ཡུལ་གཅིག་པའི་ཐོག་ནས་དམིགས་བསལ་ཕན་ཐོགས་གང་ཡང་བྱེད་ཐུབ་མེད་ཀྱང་། ཁྱེད་ཚོའི་ཕ་ཡུལ་གཅིག་པའི་ཁ་ལ་རྒྱ་ཁུར་ནས་ད་བར་དུ་ལྷག་བསམ་རྣམ་དག་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་སོང་། མ་འོངས་པར་ཁྱེད་ཚོ་སྐྱ་པོ་ཚོ་ཡིན་ན་ཡང་ཡ་རབས་སྤྱོད་བཟང་ལྡན་པའི་བོད་མི་ཚད་ལྡན་ཞིག་བྱ་དགོས་པ་གལ་ཆེན་པོ་རེད། ཅེས་བཀའ་ཕེབས།

ཕྱི་ལོ་ ༢༠༡༨ ལོའི་ཟླ་  ཚེས་  ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.